རང་རྒྱལ་གྱིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཆར་གཞི་བཟོས་པ།

རྩོམ་པ་པོ།:བཀྲ་འདུལ། ཡོང་ཁུངས།:ཤིན་ཧྭ་གསར་འགྱུར་དྲ་བ།  དུས་ཚོད།:2011-06-20 08:50:00 ཀློག་གྲངས།:

 
  གསར་འགོད་པས་ཚེས16ཉིན་ཁོར་ཡུག་སྲུང་སྐྱོབ་པུའུ་ནས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོས་རང་གིས་གཏན་འཁེལ་བཟོས་པའི་མཚོ་བོད་མཐོ་སྒང་ས་ཁུལ་གྱི་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་འཆར་གཞི(2011-2030ལོ)གཞིར་བཟུང་སྟེ། མཚོ་བོད་མཐོ་སྒང་ས་ཁུལ་གྱི་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་དུས་རིམ་གསུམ་དུ་དགར་ནས་ལག་བསྟར་བྱ་རྒྱུ་ཡིན་ལ། 2030ལོའི་བར་དུ་མཚོ་བོད་མཐོ་སྒང་ས་ཁུལ་གྱི་རང་བྱུང་སྐྱེ་ཁམས་མ་ལག་འཁོར་རྒྱུགས་ཇེ་ལེགས་སུ་འགྲོ་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་ཅི་ཐུབ་བྱ་རྒྱུ་རེད།
  ཁོར་ཡུག་སྲུང་སྐྱོབ་པུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན།   མཚོ་བོད་མཐོ་སྒང་ས་ཁུལ་གྱི་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་གཞིའི་ཁོངས་སུ་བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཡུན་ནན། ཀན་སུའུ། ཞིན་ཅང་སོགས་ཞིང་ཆེན(ལྗོངས)6དང་ས་ཁུལ(གྲོང་ཁྱེར་རམ་ཁུལ)27    རྫོང(གྲོང་ཁྱེར། ཁུལ། སྲིད་ཨུ)179 བཅས་ཡོད་ལ། དེའི་ས་ཁམས་གནས་ཡུལ་དམིགས་བསལ་ཡིན་པ་མ་ཟད། རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་ཀྲུང་གོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་རེད།
  2009ལོ་ནས་བཟུང་། འཆར་གཞིའི་ཁྱབ་ཁོངས་སུ་ཕྱུགས་བསྐྱུར་རྩྭ་འདེབས་བྱས་ཚད་བསྡོམ་པས་ཕལ་ཆེར་སྤྱི་ལེ་གྲུ་བཞི་མ་ཁྲི16ཡོད་པ་དང་། རྨོ་བསྐྱུར་ནགས་སྤེལ་བྱས་ཚད་ཕལ་ཆེར་སྤྱི་ལེ་གྲུ་བཞི་མ42000ཡོད། ས་ཆུ་ཤོར་བ་བཅོས་པའི་རྒྱ་ཁྱོན་ལ་ཕལ་ཆེར་སྤྱི་ལེ་གྲུ་བཞི་མ9000ཡོད་ཅིང་ནགས་ཚལ་གྱི་ཁེབས་ཚད་བརྒྱ་ཆའི་གྲངས་གནས0.8ཙམ་འཕར་ཡོད་པ་རེད།   ཆུ་བོ་དང་མཚོ་མཚེའུ་གཙོ་བོ་རྣམས་གཙང་ཞིང་གྲོང་དང་གྲོང་རྡལ་གྱི་མཁའ་དབུགས་ཀྱི་སྤུས་ཀ་རྒྱལ་ཁབ་ཀྱི་ཚད་གཞི་རིམ་པ་དང་པོ་ལས་ཀྱང་བཟང་བ་རེད།  ཡིན་ནའང་། རང་བྱུང་ཁོར་ཡུག་རྙོག་འཛིང་ལྡན་ཞིང་ཉམས་རྒུད་འགྲོ་སྐྱེན་པ་དང་ས་ཁུལ་གྱི་ཐོན་ལས་སྒྲིག་གཞི་ལུགས་མཐུན་མིན་པས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ལ་ད་དུང་ཡང་གནད་དོན་དང་དཀའ་ཁག་ཡོད་ཅིང་། སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་ད་དུང་ལྕི་མོ་ཡོད་པ་རེད།
  མཚམས་སྦྱོར་བྱས་པ་ལྟར་ན། འཆར་གཞི་ལྟར་དུ་མཚོ་བོད་མཐོ་སྒང་ས་ཁུལ་གྱི་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་ཚད་རིམ་པ་གསུམ་དུ་བཀར་ཡོད་པ་རེད། ཉེ་བའི་རིང(2011ལོ-2015ལོ)ས་གནས་གཙོ་བོ་ཁག་གི་སྐྱེ་ཁམས་ཇེ་ཞན་དུ་གྱུར་བ་དང་ཁོར་ཡུག་བཙོག་སྐྱོན་བཟོས་པའི་གནད་དོན་ཐག་གཅོད་བྱས་ནས། སྐྱེ་ཁམས་ཁོར་ཡུག་གོམ་གང་མདུན་སྤོས་སྒོས་ཇེ་ལེགས་ཡོང་བ་དང་ས་ཁུལ་ཁ་ཤས་ཀྱི་ཁོར་ཡུག་གི་སྤུས་ཚད་མངོན་གསལ་གྱིས་ཇེ་བཟང་དུ་ཡོང་བ་བྱེད་པ། དུས་སྐབས་བར་མའི(2016ལོ-2020ལོ)དམིགས་ཚད་ནི་ལེགས་བཅོས་བྱས་ཟིན་པའི་འབྲས་བུ་སྲ་བརྟན་ཡོང་བར་བྱེད་པ་དང་། སྐྱེ་ཁམས་ལེགས་བཅོས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་པ། ཁོར་ཡུག་བཙོག་སྒྱུར་སྔོན་འགོག་བགྱི་བའི་ནུས་ཤུགས་སྔར་ལས་ཆེ་རུ་བཏང་ནས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་བྱེད་པར་འབྲས་བུ་མངོན་གསལ་ཐོན་པར་བྱེད་པ། དཔལ་འབྱོར་སྤྱི་ཚོགས་དང་སྐྱེ་ཁམས་ཁོར་ཡུག་གཉིས་མཐུན་འགྲིག་ངང་གོང་དུ་འཕེལ་བའི་སྤྱིར་བཏང་གི་རྣམ་པ་ཆགས་པ། ས་ཁུལ་སྐྱེ་ཁམས་ཁོར་ཡུག་སྤྱིའི་ཆ་ནས་ཇེ་བཟང་ཡོང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཁོར་ཡུག་གི་རེ་འདུན་དང་འཚམ་པར་བྱེད་པ་དེ་རེད།
  རྒྱང་རིང་བའི་དུས་སྐབས(2021ལོ-2030ལོ)ཀྱི་དམིགས་ཚད་ནི་རང་བྱུང་སྐྱེ་ཁམས་མ་ལག་འཁོར་རྒྱུགས་ལེགས་པོ་བྱེད་པ་དང་། གྲོང་དང་གྲོང་རྡལ་གྱི་ཁོར་ཡུག་གཙང་ཞིང་མཛེས་པ། མི་དང་རང་བྱུང་ཁམས་གཉིས་འཆམ་མཐུན་མཉམ་གནས་ཡོང་བར་བྱེད་དགོས་པ་དེ་རེད།
  དམིགས་ཚད་དེ་མངོན་འགྱུར་ཡོང་བའི་ཆེད་དུ། འཆར་འགོད་དུ་མཚོ་བོད་མཐོ་སྒང་གི་ས་ཁོངས་དེ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་ཁུལ་དང་། གྲོང་དང་གྲོང་རྡལ་གྱི་ཁོར་ཡུག་བདེ་འཇགས་སྲུང་སྐྱོབ་ཁུལ། ཞིང་འབྲོག་ལས་ཀྱི་ཁོར་ཡུག་བདེ་འཇགས་ཁག་ཐེག་ཁུལ་དང་ས་ཁུལ་གཞན་པ་བཅས་ཁོར་ཡུག་གི་བྱེད་ནུས་ཁུལ་བཞི་རུ་བགོས་ཡོད་པ་མ་ཟད་འགན་ཁུར་གཙོ་བོ་ཁག་བཞི་བཏོན་ཡོད་པ་སྟེ།
  གཅིག་ནས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་བྱ་བར་ཤུགས་བསྣན་ཏེ་སྐྱེ་ཁམས་ཁོར་ཡུག་ལེགས་པོ་ཡོང་བར་ཁག་ཐེག་བྱ་དགོས་པ་དང་། གཙང་གསུམ་ཆུ་འགོ་དང་ཆི་ལེན་རི་བོ་སོགས་སྐྱེ་ཁམས་བྱེད་ནུས་ཁུལ་གལ་ཆེན་རྣམས་གཙོ་བོར་བཟུང་ནས། རྩྭ་ས་དང་འདམ་ར། ནགས་ཚལ་དང་སྐྱེ་དངོས་སྣ་མང་ལ་སྲུང་སྐྱོབ་བྱེད་པ་དང་། བྱེ་ཐང་ཅན་དུ་འགྱུར་བ་དང་ས་ཆུ་ཤོར་བ་ལེགས་བཅོས་བྱས་ནས་ས་རྒྱུ་ལེགས་བཅོས་དང་ས་གཤིས་ཀྱི་གནོད་འཚེ་འགོག་པར་ཤུགས་བསྣན་ཏེ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་ཆུ་ཚད་མཐོར་འདེགས་ཡོང་བ་བྱ་དགོས་པར་བསྟན་ཡོད།
  གཉིས་ནས་ཁོར་ཡུག་བཙོག་སྐྱོན་ཡོང་བ་འགོག་བཅོས་བྱེད་པར་ཤུགས་བསྣན་ཏེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་གནོད་པའི་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་པོ་རྣམས་ཐག་གཅོད་བྱ་དགོས་ཤིང་། བཏུང་ཆུའི་འགོ་ཁུངས་ལ་སྲུང་སྐྱོབ་དང་ལེགས་བཅོས་བགྱི་བའི་ལས་ཀ་སྔོན་ལ་བསྒྲུབས་ནས། གྲོང་དང་གྲོང་རྡལ་གྱི་བཏུང་ཆུའི་བདེ་འཇགས་ཁག་ཐེག་ཡོང་བྱ་དགོས་ལ། ཆུ་རྒྱུན་གཙོ་བོ་དང་གྲོང་གྲོང་རྡལ་གྱི་མཁའ་དབུགས་བཙོག་སྒྱུར་གཙོ་གནད་དུ་བཟུང་ནས་ལེགས་བཅོས་བྱ་དགོས་ཤིང་། སྲ་གཟུགས་གད་སྙིགས་བདེ་འཇགས་སྒོས་མེད་པར་བཟོ་བ། འགྱེད་འཕྲོའི་བདེ་འཇགས་དང་ས་ཁམས་ཁོར་ཡུག་གི་དོ་དམ་ནན་མོ་བྱེད་པ། ཞིང་འབྲོག་མི་དམངས་འདུས་སྡོད་ཁུལ་གྱི་ཁོར་ཡུག་གི་རྨང་གཞིའི་སྒྲིག་འཛུགས་ཇེ་ལེགས་སུ་གཏོང་བ། ཞིང་གྲོང་གི་ཁོར་ཡུག་བཙོག་སྐྱོན་བཟོས་པ་འགོག་བཅོས་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བསྟན་ཡོད། 
  གསུམ་ནས་སྐྱེ་ཁམས་ཁོར་ཡུག་ལ་ལྟ་རྟོག་དང་ཚན་རིག་ཞིབ་འཇུག་གི་ནུས་པ་མཐོ་རུ་འདེགས་པ། ནམ་ཟླའི་འགྱུར་བ་དང་སྐྱེ་ཁམས་ཁོར་ཡུག་ལ་བརྟག་དཔྱད་གདེང་འཇོག་དང་སྔོན་བརྡ་གཏོང་བའི་མ་ལག་འཛུགས་པ་དང་། སྐྱེ་ཁམས་ཁོར་ཡུག་དོ་དམ་གྱི་ཁྲིམས་ལུགས་ལག་བསྟར་བྱེད་པའི་ནུས་པར་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་ལུགས་ལག་བསྟར་དང་ལྟ་རྟོག་ནན་མོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚན་རིག་ཞིབ་འཇུག་དང་དྲིལ་བསྒྲགས་སློབ་གསོ་རྒྱ་ཆེར་སྤེལ་དགོས་པར་བསྟན་ཡོད།
  བཞི་ནས་ཁོར་ཡུག་ལེགས་པའི་རང་བཞིན་ཅན་གྱི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། རང་བྱུང་ཐོན་ཁུངས་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་གསར་སྤེལ་བྱེད་པར་སྣེ་ཁྲིད་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པར་འགྱུར་བ་གཏོང་དགོས།  སྲོལ་རྒྱུན་ཞིང་འབྲོག་ལས་རིགས་ཀྱི་སྐྱེ་ཁམས་ཀྱི་འགྱུར་བ་ཇེ་མགྱོགས་སུ་བཏང་ནས། ཚན་རིག་དང་མཐུན་ལ་གོ་རིམ་ཡོད་པའི་སྒོ་ནས་གཏེར་རྫས་ཐོན་ཁུངས་དང་ཆུ་ནུས་ཐོན་ཁུངས་གསར་སྤེལ་བྱ་དགོས་ཤིང་། སྐྱེ་ཁམས་ལྗོངས་རྒྱུ་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། འབྲོག་པའི་གཏན་སྡོད་ལས་གཞི་བརྟན་ལྷིང་ངང་འཕེལ་རྒྱས་གཏོང་བ། སྲོལ་རྒྱུན་གྱི་ནུས་ཁུངས་བརྗེ་བའི་ལས་ཀ་ལག་བསྟར་བྱ་དགོས་པ་བཅས་བསྟན་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།