རྒན་གྱའི་བྲག་དཀར་སྟེ་བོད་ཡུལ་དྭངས་གཙང་གི་གནས་མཆོག

རྩོམ་པ་པོ།:ནགས་ཚང་ནུས་བློ། ཡོང་ཁུངས།:མཚོ་སྔོན་བོད་རིགས་དྲ་བ། དུས་ཚོད།:2011-04-27 08:58:00 ཀློག་གྲངས།:

           ཁོར་ཡུག་སྲུང་སྐྱོབ་བྱས་པ་འདི་འདྲའི་བཟང་བའི་རྒན་གྱའི་བྲག་དཀར་གྱི་པར་རིས་འདི་ལ་གཟིགས་རོགས་གནང་དང་། འདི་ནི་ང་ཚོ་བོད་ཡུལ་དུ་ཉམས་རྒུད་དང་བཙོག་པ་བྱས་མེད་པའི་དྭངས་གཙང་གི་གནས་མཆོག་ཞིག་རེད། འདི་ནི་ས་འདིའི་དགོན་སྡེ་དང་ཞིང་འབྲོག་མི་དམངས་ཀྱིས་རང་ས་སྲུང་སྐྱོབ་བྱས་པའི་གྲུབ་འབྲས་རེད། འདི་ནི་ང་ཚོ་བོད་མི་རྣམས་ཀྱི་མིག་དཔེ་རེད།
           དེང་སང་རྫ་རི་བྲག་གསུམ་བཤིག་སྟེ་གཏེར་རྡོ་ས་གསུམ་ལེན་པའི་དུས་ངན། རྩྭ་ཐང་སྤང་གསུམ་རློག་སྟེ་རྩི་ཤིང་ནགས་གསུམ་གཅོད་པའི་སྤྱོད་ངན། རོང་འབྲོག་གྲོང་གསུམ་དུ་དགོས་མེད་ཀྱི་ཁང་ཆག་དང་ལྕག་ཐགས་ཀྱིས་སྐོར་བའི་ཐབས་ངན། རང་ས་བདག་མེད་དུ་གཡུག་སྟེ་འཁྱམ་སྡོད་ཀྱི་གནས་སྤོར་བྱེད་པའི་ལས་ངན། ཁོར་ཡུག་ཕངས་མེད་ཀྱི་གསེར་རྐོ་བའི་རྒྱབ་རྩ་བྱེད་མཁན་དཔོན་ངན། འདི་དག་འཛོམས་པའི་དུས་ལ། བོད་ཡུལ་གྱི་ས་ཁུལ་མང་ཙམ་གྱི་འཚོ་གནས་ཁོར་ཡུག་ལ་ཆག་རྒུད་དང་གཏོར་བརླག་ཚབས་ཆེན་ཐེབས་ཀྱིན་ཡོད། ས་ཆ་མང་ཙམ་གྱིས་རང་སའི་སྐྱེ་དངོས་དང་། རི་དྭགས་ལ་སྲུང་སྐྱོབ་མི་བྱེད་པར་གཞན་དབང་གིས་ཅི་བསམ་གང་འདོད་དུ་གཏོར་བརླག་བྱེད་དུ་འཇུག་གིན་ཡོད། རྒྱལ་གཞུང་གིས་ཡང་ནས་ཡང་དུ་ཁོར་ཡུག་སྲུང་སྐྱོབ་ལྷག་ཏུ་གཙང་བོ་གསུམ་གྱི་འབྱུང་ཁུངས་ཀྱི་སྐྱེ་དངོས་དང་། སྲོག་ཆགས་སྲུང་སྐྱོབ་དགོས་པ་བཤད་ཀྱང་དབང་ཤུགས་ཅན་གྱི་དཔོན་ངན་རེ་གཉིས་དང་། རྒྱུ་ནག་གིས་སྨྱོས་པའི་གདོན་འདྲེ་ཉུང་ཤས་ཀྱིས་སྔར་ལྟར་ང་ཚོའི་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་གཏོང་གིན་ཡོད་པ་ཀུན་གྱིས་བཤད་མི་ཕོད་པ་རེད་མ་གཏོགས་མ་ཤེས་མ་མཐོང་བ་ག་ལ་ཡིན།
           དེང་སྐབས་འདི་འདྲ་ཞིག་ལ་ང་ཚོ་བོད་ཡུལ་གྱི་ཞིང་འབྲོག་གྲོང་གསུམ་གྱི་བོད་མི་ཡོངས་ལ་རང་ས་སྲུང་སྐྱོབ་བྱེད་པའི་འོས་འགན་ནི་གཡོས་ཐབས་མེད་པ་ཞིག་རེད། རང་ས་སྲིད་གཞུང་གི་དཔོན་པོ་དང་། རང་སྡེའི་དགོན་སྡེ་གྲྭ་ཚང་། ཞིང་འབྲོག་དམངས་ཚོགས་ཀུན་ལ་འགན་ཡོད་པས། ཀུན་གྱིས་རང་ཁྱིམ་རང་བདག་དང་རང་ས་སྲུང་སྐྱོབ་བྱེད་པར་ཐུགས་ཁུར་གནང་དགོས་ལ། དབང་ཡོད་ཀྱིས་དབང་སྤྱོད་དང་། རྒྱུ་ཡོད་ཀྱིས་རྒྱུ་ཕུད། ཐབས་ཡོད་ཀྱིས་ཐབས་འཐེན་ཏེ་ང་ཚོའི་བོད་པའི་བུ་རབས་ཚ་རྒྱུད་རྣམས་ལ་ས་ཐོག་ཏུ་རྩྭ་དང་རྩི་ཤིང་ཡོད་ལ། རི་སྐྱེས་རི་དྭགས་འཛོམས་པའི་འཚོ་གནས་ཁོར་ཡུག་གཙང་མ་ཞིག་དང་། ས་འོག་ཏུ་གསེར་དངུལ་ཟངས་ལྕགས་ཀྱི་གཏེར་རྫས་སོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩ་ཅུང་རེ་ལྷག་ཡོད་པའི་བོད་ཡུལ་ཞིག་འཇོག་ཐུབ་པ་བྱེད་རྒྱུ་དེ་རེད། གལ་ཏེ་ང་ཚོས་རང་རོགས་གཉིས་ཀྱི་ད་ལྟའི་དབང་ཡོད་ཀྱི་སྟོབས་ཤུགས་སྤྱད་དེ་ས་ཐོག་གི་རྩྭ་དང་རྩི་ཤིང་བཅད་ཚར། རི་སྐྱེས་སྲོག་ཆགས་ཡོད་ཚད་བསད་ཚར། ས་འོག་གི་གཏེར་རྫས་ཡོད་ཚད་བརློག་ཚར་ན། ང་ཚོའི་བུ་རབས་ཚ་རྒྱུད་ཀྱི་འཚོ་གནས་ཅི་ཞིག་ལ་བརྟེན་རྒྱུ།
           སྲིད་གཞུང་གིས་ལོ་རེར་གཙང་བོ་གསུམ་གྱི་འགོ་ཁུངས་སྲུང་སྐྱོབ་ཀྱི་སྒོར་སྦྱིན་པ་དོན་དངོས་སུ་དགོས་ཐོག་ཏུ་མཁོ་སྤྱོད་བཟང་བོ་ཐུབ་པ་ལས་དཔོན་ངན་རེ་གཉིས་ཀྱི་རྐུན་ཁུག་ནང་མི་ཤོར་བའི་སྨོན་འདུན། ང་ཚོའི་བོད་མིའི་བུ་རབས་ཚ་རྒྱུད་ལ་རྩྭ་རྩི་ཤིང་དང་རི་སྐྱེས་རི་དྭགས། ས་འོག་གི་གཏེར་རྫས་སོགས་འཚོ་གནས་ཀྱི་གཞི་བརྟེན་ཅུང་རེ་ལྷག་པའི་སྨོན་འདུན་ཞུ།།
           དོན་འདི་དག་སེམས་ལ་དྲན་ན་གོང་གསལ་གྱི་བྲག་རི་དགོན་སྡེ་ཡོད་པའི་བོད་མི་ཚོས་རང་ས་འདི་དག་སྲུང་སྐྱོབ་བྱས་པ་ཅི་འདྲ་ཡག་པོ་རེད། པར་འདི་མཐོང་ན་སེམས་སྤྲོ་བ་དང་། དྲན་ན་ཞེ་བདེ་བ་ཞིག་རེད།

ཡང་སྨྲས་པ།
                        རྒན་གྱའི་བྲག་རི་དང་དགོན་སྡེ་འདི།
                        གཡུ་ལོ་བཀོད་པའི་ཞིང་ཁམས་བཞིན།
                        མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས།
                        བོད་ཡུལ་དྭངས་ཤིང་གཙང་བའི་གནས་མཆོག
                        ལུད་ཉོབ་ཀྱི་མ་བརྫད་པའི་གདན་ས།
                        རྒྱ་གྲོང་དུ་མ་འགྱུར་བའི་བོད་སྡེ།
                        རང་ཁྱིམ་རང་གིས་སྲུང་བའི་ཕ་ས།
                        རི་མགོ་ནས་བྲག་རི་མ་གཏོར་ཞིང་།
                        ཐང་ཐོག་ནས་སྤང་ལྗོངས་མ་ཕུད་པ།
                        འཁྱམ་སྡོད་པའི་གཞི་གནས་མ་ཆགས་ལ།
                        ཕོང་འདྲེ་ཡི་གཏེར་མཛོད་མ་སློག་ཞིག
                        ཁྱེད་ནི་སྔར་བཞིན་མཛེས་སྡུག་ལྡན་ཞིང་།
                        ཁྱེད་ནི་སྔར་བཞིན་དྭངས་ཤིང་གཙང་འདུག
                        ང་ཚོ་བོད་པའི་སེམས་གཞི་གཏད་ས།
                        ང་ཚོའི་སྲོག་གི་སྐྱབས་གནས་འདི་རེད།
                        ང་ཚོའི་མ་འོངས་རེ་ས་འདི་རེད།
                        ཡུལ་འདིའི་གཞི་བདག་སྟེ་གངས་ཅན་པ།
                        རང་ས་སྲུང་བའི་དྲིན་ཅན་རྣམ་པ།
                        ང་ཡིས་ཁྱེད་ལ་སྐུ་དྲིན་ཆེ་ཞུ།
                        ཕ་བཟང་བོད་པའི་བུ་རབས་ཚ་རྒྱུད།
                        རྒྱུ་ནག་མ་རྔམས་རང་ས་སྲུང་དང་།
                        བོད་ཡུལ་སྐྱིད་པའི་རེ་བ་འདི་ཡིན།
                        རང་ཁྱིམ་སྐྱོང་བ་མི་ལ་བཅོལ་ན།
                        གཡར་ངན་བདག་ལ་འགྱུར་དུས་དཀའོ།།
                        ནགས་ཚང་རྒན་པོས་སྨྱོ་གཏམ་མང་ཡང་།།
                        ལོ་རྒན་དྲུག་ཅུའི་ཉམས་མྱོང་ལོས་ཡིན།།
                        སེམས་ལ་འཇོག་རོགས་ཕ་བཟང་བུ་ཚོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།