ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཤིག་ལྡན་དགོས།

རྩོམ་པ་པོ།:རླངས་ཚང་གཡག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-01-10 09:52:00 ཀློག་གྲངས།:

         གད་སྙིགས་འདི་དག་གི་འབྱུང་ཁུངས་ནི་འཛམ་གླིང་སྟེང་ཆེས་རིན་ཐང་ཅན་གྱི་དངོས་རྫས་ཀྱི་གྲས་གཏོགས་བོད་ཀྱི་ཀོ་པགས་བལ་རྩིད་དང་། མར་ཕྱུར་ཤིང་ནགས་སོགས་མ་ཡིན་པར། ཚན་རིག་གོང་འཕེལ་དང་བསྡོངས་ནས་དཔལ་འབྱོར་གྱི་ཡོང་སྒོ་ཁོ་ན་ལས་ཁོར་ཡུག་སྲུང་སྐྱོབ་གཙོས་འགྲོ་བ་ཀུན་གྱི་ཚེ་སྲོག་གི་གནོད་སྐྱོན་དང་བདེ་འཇགས་ལ་ཅི་མི་སྙམ་པར་བཟོས་ཤིང་སྤྱད་དང་སྤྱོད་བཞིན་པའི་འགྱིག་རིགས་གཙོ་བོར་གྱུར་ཡོད། འདིའི་རིགས་སྤྱོད་ཐལ་བྱས་པའི་ཉེར་ལེན་གྱིས་སློབ་གྲྭ་དང་ལས་ཁུངས། མདོར་ན་སྡེ་བ་དང་ཁྱིམ་ཚང་རེ་རེའི་ཐག་མི་རིང་བའི་ས་ན་འགྱིག་རིགས་ཀྱིས་གྲུབ་པའི་གད་སྙིགས་སྤུངས་ཤིང་། རླུང་གིས་གང་སར་འཁུར་ཏེ་མཐའ་ཡས་རྩྭ་ཐང་དང་རི་ཆུ་ནགས་གསུམ་གྱི་མཛེས་སྡུག་ཀྱང་འཇོམས་བཞིན་ཡོད་པ་མ་ཟད། དྲི་ངན་གང་སར་ཁྱབ་པ། ས་འོག་ས་སྟེང་དང་ཆུ་ལ་གནས་པའི་སེམས་ཅན་ཉེས་མེད་དག་གི་ཚེ་སྲོག་ལ་བར་དུ་གཅོད་པ་སོགས་ཡ་ང་བའི་དོན་རྐྱེན་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད། དེས་ན་ང་ཚོས་བཀོལ་སླ་ལ་ཆག་ཀྱང་སླ་བའི་འགྱིག་རིགས་དངོས་རྫས་དག་དང་འགྱིག་ཁུག་ཡོང་རྫོགས་གཏན་འགོག་བྱེད་མི་ཐུབ་ཀྱང་། རང་ཉིད་གང་དུ་གནས་སྡོད་བྱེད་སའི་ཁོར་ཡུག་ནས་སྟབས་བདེའི་འགྱིག་རིགས་ཉེར་སྤྱོད་དང་། འགྱིག་ཁུག་སོགས་བེད་སྤྱད་དེ་གང་སར་གཡུག་ཀྱང་སྣང་འཇོག་མི་བྱེད་པའི་བསམ་སྤྱོད་མ་རུང་བ་འདི་ཁོ་ན་གཏན་འགོག་བྱེད་ཐུབ་ཚེ་ཡང་ཁོར་ཡུག་གི་གཙང་སྦྲ་རང་བཞིན་གྱི་ཡར་རྒྱས་འགྲོ་བ་དང་། ཁོར་ཡུག་གི་གཙང་སྦྲ་ཡར་རྒྱས་སུ་སོང་ཚེ་རང་ཉིད་ཀྱི་ལུས་ཁམས་དྭངས་པ་མ་ཟད། རང་བྱུང་ཁམས་ཆེན་པོ་སྲུང་སྐྱོབ་བྱེད་པའི་འགན་བབ་ཀྱང་ངང་གིས་དང་ལེན་བྱས་ཡོད།
         རླབས་ཆེན་གྱི་ལས་གཞི་འདི་བརྒྱུད་འགྲོ་བ་སེམས་ཅན་གྱི་ཚེ་སྲོག་ཡུན་གནས་སྲུང་སྐྱོབ་དང་། མི་ཞིག་ལ་ངེས་པར་དུ་ཚང་དགོས་པའི་ཡ་རབས་སྤྱོད་བཟང་གི་ལས་ཀྱང་ངང་གིས་སྒྲུབ་ཡོད། དེས་ན་ང་ཚོས་བསམ་བློ་གཏོང་དགོས་པའི་གནད་ཀ་ཞིག་ནི། གད་སྙིགས་གཞན་གྱིས་གཡུག་ཚེ་རང་ཉིད་བཏུ་མཁན་བྱེད་པའམ། རང་གིས་གཡུག་ནས་གཞན་ལ་བཏུ་རུ་འཇུག་པ། རང་གིས་ཀྱང་མི་གཡུག་ལ་གཞན་ལ་ཡང་བཏུ་རྒྱུ་མེད་པར་བྱེད་པ། འགྱིག་ཁུག་བེད་མི་སྤྱོད་པར་རང་བྱུང་ཁོར་ཡུག་གི་འགན་འཁྲི་དང་ལེན་བྱེད་པ་སོགས་ལས་རང་ཉིད་ཀྱིས་སྒྲུབ་ཐུབ་པའི་ལས་འདི་དག་ལ་བསམ་གཞིགས་ནན་ཏན་སྒོས་ལག་ལེན་ལ་བརྩོན་ཅི་ཐུབ་བྱེད་དགོས་པ་ནི་ཧ་ཅང་གལ་ཆེ།
         འདི་ལྟ་བུའི་འགན་ཁུར་སྣ་མང་གི་ཁྲོད་ནས་ཁ་ཚ་དགོས་གཏུགས་སུ་གྱུར་པའི་ལས་འདི་ལྟ་བུ་ཞིག་སྒྲུབ་ཚེ་ཡང་འཇིག་རྟེན་ཀུན་ཁྱབ་རང་བཞིན་གྱི་འགན་ཞིག་དང་དུ་བླངས་པ་ཡིན། མི་ཞིག་ཡིན་ཚེ་སྤངས་བྱ་མང་པོ་ཞིག་སྤོང་ནུས་པ་དང་། བླང་བྱ་མང་པོ་ཞིག་སྒྲུབ་ནུས་ཚེ་ཡ་རབས་ལུགས་མཐུན་གྱི་གྲས་ལ་ངང་གིས་ཚུད་འགྲོ་བ་བཞིན། སྟབས་བདེའི་འགྱིག་རིགས་བེད་སྤྱོད་གཏོང་བ་ཇེ་ཉུང་དུ་བཏང་ནས་རིམ་གྱིས་སྤོང་ཨེ་ཐུབ་ལ་བལྟ་བ་དང་། གར་འགྲོ་གར་འདུག་གི་ཡུལ་དེར་ཁོར་ཡུག་ལ་གཅེས་པའི་སེམས་པ་འདི་མ་བོར་ཚེ་མིའི་རིགས་ཀྱི་འཚོ་སྡོད་གནས་བབ་ཁྲོད་རང་ཉིད་ལ་འཁྲི་བའི་འགན་བབ་ཁུར་དུ་བླངས་པ་ཡིན་པས་འདི་ཉིད་མི་རང་ཉིད་ཀྱི་གཟི་བརྗིད་ཅིག་ཏུའང་གྱུར་ཡོད།
         མཁར་གྲོང་ན་འཚོ་བའི་བོད་པ་དག་གིས་ནི་གད་སྙིགས་གཡུག་པ་སོགས་ལ་འཛེམས་ན་ཡང་། རི་གྲོང་ན་རང་དབང་གིས་འཚོ་བའི་འབྲོག་པ་དག་གིས་ནི་རི་བཀལ་ཤུལ་དང་། ཁྱིམ་ཚང་གི་མཐའ་འཁོར་ན་འགྱིག་རིགས་ཀྱིས་གྲུབ་པའི་གད་སྙིགས་ཀྱིས་ཡོངས་སུ་ཁེངས་པར་བྱས་འདུག 2007ལོའི་དབྱར་ཁར་དབྱི་ཏ་ལིའི་ཕྱུགས་རིགས་སྨན་པ་འགའ་འཁྲིད་དེ་མགོ་ལོག་ཕྱོགས་སུ་སོང་ནས་འབྲོག་པ་དག་གནས་སྡོད་བྱེད་ས་མང་པོ་ཞིག་ལ་འགྲོ་དགོས་པར་གྱུར། མཚམས་རེར་རྐང་ཐང་ལ་དུས་ཚོད་འགའ་རེར་འགྲོ་དགོས་པའང་འདུག་པས་རི་བཀལ་ཤུལ་མང་པོ་ཞིག་ལ་འཕྲད་ཀྱི་འདུག ངའི་གྲོགས་པོ་ཕྱི་གླིང་བ་དེས་རྩ་ཐང་དུ་གཡུག་པའི་གད་སྙིགས་སྤྱི་ལ་ཅེར་ནས་ཧང་སངས་ཞོར་གློག་སྣུམ་བཏུས་ཏེ་རྒྱབ་ཁུག་ཁ་བཀང་བར་གྱུར། སྐབས་དེར་ཁོའི་དོན་བཟང་དེ་ལ་རོགས་རམ་མ་བྱས་ན་གཏན་ནས་མི་འགྲིག་པར་བསམ་སྟེ་ང་དང་ཕྱི་གླིང་བ་གཞན་པ་ཚོས་ཀྱང་བཏུ་རོགས་བྱས། དེ་ལྟར་གློག་སྣུམ་དག་ཕྱིར་འདུག་གནས་སུ་འཁྱེར་ཡོང་བ་ན་ཁོས་ཡོད་ཚད་བསྡུ་རུབ་བྱས་རྗེས་མགོ་ལོག་ཁུལ་ཐོག་ཏུ་འགྲོ་དགོས་བྱུང་ཉིན་ཞིག་ལ་དེ་དག་འཁྱེར་ཏེ་ཁུལ་ཐོག་གི་གད་སྙིགས་བླུགས་སྣོད་ཅིག་ཏུ་བླུགས་སོང་། མཁྱེན་ཆུབ་ལྟར་རུལ་མི་ཐུབ་པའི་འགྱིག་རིགས་ཡོངས་ཁོར་ཡུག་ལ་གནོད་པ་དང་། གློག་སྣུམ་གྱི་རིགས་འདིས་དེ་བས་ཀྱང་གནོད་པའི་ཤེས་བྱ་རྒྱུད་ན་ཡོད་པ་ཙམ་མིན་པར། ཐང་ཆད་ཅིང་ཐག་རིང་བའི་ས་ཆ་དེ་ནས་དེ་འདྲ་བའི་ལག་ལེན་ལ་འབད་ཐུབ་པ་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་བབ་ཕྲག་ཏུ་བླངས་པའི་ཚད་གཞི་ཅིག་རེད་ལ། ང་ཚོས་མིག་དཔེར་ལྟ་འོས་པའི་ཡ་རབས་སྤྱོད་བཟང་གི་ལས་ཤིག་མ་རེད་དམ། འདི་དག་ལ་བལྟས་ཡོང་ན་རང་ཅག་བོད་པ་འདི་ནི་གཞུང་ལུགས་ལ་སྦྱང་མཁན་མང་བ་ལས་ལག་ལེན་ལ་འབད་མཁན་ཉུང་བའི་མི་རིགས་ཤིག་ཡིན་པ་དངོས་སུ་ཁས་ལེན་དགོས་ཀྱི་འདུག་གོ།།
         གནས་ལུགས་འདི་འདྲ་དྲངས་པའི་རྩ་བ་མདོར་བསྡུས་ནས་བཤད་ན། རང་ཉིད་ཀྱི་ཆེད་དུ་རང་འགན་ལེན་དགོས་པ་དང་། གཞན་དག་གི་ཆེད་དུ་རང་འགན་སྒྲུབ་དགོས་པ། མདོར་ན་ཡོད་ཚད་ཀྱི་ཆེད་དུ་འགན་རེ་ལེན་དགོས་པ་དེ་ཡིན་པས། སློབ་མ་ཚོའི་ངོས་ནས་ཀྱང་འདི་ལྟ་བུའི་སེམས་ཀྱི་འཁྱེར་སོ་ཞིག་ལ་ཇི་ལྟར་གོམས་པར་བྱེད་ཐུབ་ན་དེའི་ཚོད་ཀྱིས་རང་གི་མི་ཚེ་དོན་སྙིང་ཅན་དུ་འགྱུར་ཐོབ་བོ།། 

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།