ནགས་ཚལ་དང་བྱེ་ཐང་གི་འབྲེལ་བ།
འཛམ་གླིང་ལོ་རྒྱུས་ལ་གཞིགས་ན་གནའ་སྔ་མོར་ཕྱིར་རྒྱལ་གྱི་པཱ་པེ་ལེན་དང་ཨེ་ཅི། ཧིན་རྡུལ་སོགས་རྒྱལ་ཁབ་དང་རང་རྒྱལ་ཀྱི་འོད་འབར་རིག་གནས་ཀྱི་འབྱུང་ཁུངས་ཏེ་རྨ་ཆུའི་འབབ་རྒྱུད་ནི་ནགས་ཚལ་སྟུག་པོ་དང་རྩྭ་ཆུ་འཛོམས་ཤིང་རི་དྭགས་ཅི་རིགས་ཡོད་པའི་ཡུལ་ལྗོངས་སྐྱིད་པོ་ཞིག་ཡིན་མོད། འོན་ཀྱང་མིའི་རིགས་ཀྱིས་ནགས་ཚལ་སྐྲ་བཞར་བ་དང་ཞིང་འབྲག་པ་ལྟར་མེད་པར་བཏང་བས་ཡུལ་དེ་མང་ཆེ་བ་བྱེ་ཐང་དང་བྱེ་རི། བྱེ་ལུང་། བྱེ་སྒང་དུ་གྱུར། དཔེར་ན་བཀྲ་ཀེ་ལོ་སི་རི་བོ་དང་པའོ་སི་མཐོ་སྒང་གི་ནགས་ཚལ་ལ་གཏོར་རླག་བྱས་པའི་འབྲས་བུ་ནི་པཱ་པེ་ལིན་རྒྱལ་ཁབ་བྱེ་མས་བསྣུབས་པ་དང་སྐད་གྲགས་ཆེ་བའི་པཱ་པེ་ལིན་རིག་གནས་ལོ་རྒྱུས་ཐོག་མིང་ཙམ་མ་གཏོགས་ལུས་མེད། འཛམ་གླིང་གི་ཆེས་ཆེ་བའི་བྱེ་ཐང་སྟེ་སཱ་ཧ་ལཱ་བྱེ་ཐང་ཆེན་མོ་ཡིན་ན་ལོ་རེ་ལྷོ་ཕྱོགས་ལ་སྤྱི་ཆིང་ཁྲི་ཚོ150ནུར་བ་དང་བྱང་ཕྱོགས་སུ་རྨོ་ཞིང་སྤྱི་ཆིང་ཁྲི་ཚོ་བཅུ་སྣུབ་ཀྱིན་ཡོད། མེ་གླིང་ལྷོ་མའི་ཁོ་ལོམ་པི་ཡ་རྒྱལ་ཁབ་ལ་མཚོན་ན་ཉེ་ཆར་ལོ150རིང་ནགས་ཚལ་སྤྱི་ཆིང་ཁྲི་ཚོ་1500བཅད་པས་ཁྲི་ཚོ200ཡོད་པའི་ས་ཆ་བྱེ་ཐང་དུ་གྱུར། ད་ལྟའི་སའི་གོ་ལ་ཡོངས་ནས་བྱེ་ཐང་དུ་གྱུར་པའི་ས་རྒྱ་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ3600ཡོད། དེས་སྐམ་སའི་རྒྱ་ཁྱོན་བསྡོམས་འབོར་གྱི་བཞི་ཆའི་གཅིག་ཟིན། དེ་མིན་ད་དུང་ལོ་རེར་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ5-7འཕར་སྣོན་བྱེད་ཀྱིན་ཡོད། འཛམ་གླིང་ཡོངས་སུ་བྱེ་ཐང་གི་གནོད་འཚེ་ཕོག་པའི་རྒྱལ་ཁབ་བརྒྱ་ལྷག་དང་མི་གྲངས་དུང་ཕྱིར་བཅུ་ལྷག་ཡོད། བྱེ་ཐང་གིས་སའི་གོ་ལའི་ཐོག་བཞི་ཆའི་གཅིག་ཟིན། ནགས་ཚལ་ཇེ་ཉུང་ལ་སོང་ཚེ་ཆར་ཆུ་དེ་ལྟར་ཇེ་ཉུང་ལ་འགྲོ་བ་དང་ཆར་ཆུ་ཇེ་ཉུང་ལ་སོང་དུས་རླུང་གཡུག་པ་དེ་ལྟར་ཇེ་མང་ལ་སོང་ནས་བྱེ་མ་དང་ས་རྡུལ་དེ་ལྟར་ཇེ་མང་ལ་འགྲོ་སྲིད། བྱེ་མ་དང་ས་རྡུལ་ཇེ་མང་ལ་སོང་ན་མཐར་རང་བྱུང་སྐྱེ་ཁམས་ཁོར་ཡུག་བྱེ་ཐང་དུ་གྱུར་པ་རེད། དཔེར་ན་བོད་རང་སྐྱོང་ལྗོངས་ཀྱི་ཡར་ཀླུང་གཙང་པོ་དང་སྐྱིད་ཆུ། མྱང་ཆུ་དང་འབབ་རྒྱུད། སྤྱིར་བཏང་གིས་གཙང་པོ་གཅིག་དང་ཆུ་བོ་གཉིས་ཀྱི་འབབ་རྒྱུད་ཟེར། ཡུལ་དེའི་སྐྱེ་ཁམས་ཀྱི་ནུས་སྟོབས་ཞན་པ་དང་། གནམ་གཤིས་དྲོ་བ། ཕྱུགས་འཚོ་མང་བ། ནགས་བཅད་ཤུལ་རྨོ་ཞིང་དུ་སྒྱུར་བའི་ལས་ཐལ་དྲགས་པ་སོགས་རྐྱེན་ཅི་རིགས་ཀྱི་དབང་གིས་ས་ཆ་ལ་ལར་མྱ་ངམ་ཐང་དུ་འགྱུར་བའི་གོམ་འགྲོས་ལོ་རེ་བཞིན་ཇེ་མགྱོགས་རེད། སྐྱེ་ཁམས་ཁོར་ཡུག་ལ་སེམས་ཁུར་བྱེད་པའི་མི་འགའ་རེས་རླུང་འཚུབ་ཀྱིས་འགྲོ་ལམ་བསྒྲིབས་པའི་གནས་འདི་ནི། ང་ཚོ་ལ་བདེ་སྐྱིད་ཀྱི་ཕ་ས་ཞིག་ཨེ་ཡོད། ལྗང་མདོག་གི་ལོ་འདབ་སྐམ་ཞིང་གསེར་གདོག་གི་བྱེ་འཕུང་འཕྱུར་ས་འདི་ནི། ང་ཚོ་ལ་སྤྲོ་སྣང་གི་འཚོ་གནས་ཤིག་ཨེ་ཡོད་ཅེས་པའི་འདྲི་ཚིག་བཏོན་པ་དེར་འགྲོ་བ་མི་རྣམས་ཀྱིས་བསམ་བློ་གཏོང་རན་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com