ང་དང་ང་བགྲོད་སའི་ལམ།
སློབ་གྲྭ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ།
སློབ་རིམ། དམའ་འབྲིང་།
རུས་མིང་། ཁྱུང་སྐྱབས་རིན་ཆེན།
འཛིན་གྲྭ། དམའ་འབྲིང་གསུམ་པའི་འཛིན་གྲྭ་ལྔ་བ།
ང་དང་ང་བགྲོད་སའི་ལམ།
ཁྱུང་སྐྱབས་རིན་ཆེན།
ང་ནི་རི་མཐོ་ཞིང་ཆུ་བོ་གཙང་བའི་གནས་མཆོག་དང༌། ཡང་ན་རྩྭ་ཆུ་གཉིས་འཛོམས་ཀྱིས་ཡོངས་སུ་ཕྱུག་པའི་འབྲོག་སྡེ་ཞིག་ཏུ། འདོ་རིག་རྟ་ཕོའི་འཚེར་སྐད་དང་ཐུལ་དཀར་འབྲི་མོའི་ངུར་སྐད་ཁྲོད་ནས་དབྱངས་གསལ་སོ་བཞིའི་འབྲི་ཀློག་ལ་བརྩོན་བཞིན་ནར་སོན་ཞིང༌། ལྷག་པར་དུ་རྩོམ་རིག་གསར་རྩོམ་གྱི་ལས་ལ་དུངས་པ་ཟབ་པ་ནི་འབྲོག་ཕྲུག་ཅིག་གི་དགའ་ཕྱོགས་ཤིག་ཡིན་འདོད།
ངས་དང་ཐོག་གདོང་དམར་བོད་ཀྱི་ཕ་ཁྱིམ་འདིའི་མིང་ངོས་ཟིན་དུས། བརྩེ་ཆེན་ཨ་མའི་ནུ་ཞོ་མངར་མོ་འདིའི་བྲོ་བ་ཐོག་མར་མྱོང་དུས། ང་ནི་བྱམས་ལྡན་ཨ་མའི་སྙིང་ཁོང་གི་གཅེས་ལོ། དྲིན་ཆེན་ཕ་ལོའི་ཡ་ཆུང་གི་སེམས་འགྱུ། གང་ལྟར་ཡབ་ཡུམ་གཉིས་ཀྱི་ཐུགས་བརྩེ་ཆེན་པོའི་འོག་ནས། ང་རང་འདི་ལྟར་ནར་སོན་བྱུང༌། ང་ཐོག་མར་མ་ཡུལ་སློབ་ཆུང་དུ་ཆས་དུས། ངའི་རྒྱབ་ཀྱི་དཔེ་ཁུག་དང༌། ལག་གཡས་ཀྱི་སྨྱུ་གུ། ལག་གཡོན་གྱི་དཔེ་ཆ། ཡོད་ཚད་ལད་ཟློས་དང་སྐྱོ་གར་ཙམ་ལས་མ་འདས་ཤིང༌། ད་དུང༌། དྭངས་མཐའ་མེད་པའི་གཏི་མུག་གི་དགྲ་བོ་མང་པོ་ཞིག་དང༌། ཕན་ཐོགས་མེད་པའི་རྣམ་གཡེང་གི་རྩེད་མོ་གང་མང་ཞིག་དང་བསྡོངས་ནས། སློབ་ཆུང་གི་འཚོ་བའི་གོ་རིམ་རེ་རེ་ཅི་བྱ་བརྟོལ་མེད་ཀྱི་ངང་ནས་མཇུག་རྫོགས་སོང་ལ། འདི་ལ་ལོ་ཡི་དུས་ཚོད་དང་ཟླ་ཡི་དུས་ཚོད། ཉིན་གྱི་དུས་ཚོད་དང་མཚན་གྱི་དུས་ཚོད་སོགས་ཀྱིས་ཀྱང་རྫོགས་ཚིག་བཀོད་ཟིན་པས་ཧ་ཅང་ འགྱོད་སྣང་སྐྱེས་པ་ཞིག་རེད། སྐབས་དེར་ང་ནི་དྭངས་མཐའ་མེད་པའི་མུན་ནག་གི་ཞིང་ཁམས་ཞིག་དང་མཐའ་འཁོབ་ཀྱི་ཡུལ་གྲུ་ཞིག་ན་ལུས་འདུག་པས། དངོས་ནས་ཤེས་རིག་གི་འགམ་ཕྱེ་ཏོག་མང་པོ་ཞིག་འཐུ་བའི་སྐལ་བ་ཧ་ཅང་ཕྲ་བར་གྱུར། ཐ་ན་བོད་རང་གི་ཡི་གེའི་ཕྱོགས་ནས་ཀྱང་ནས་རྨང་གཞི་དེ་འདྲའི་གཏིང་ཟབ་མོ་ཞིག་མེད་པས། གཟེངས་བསྟོད་ཙམ་གྱིས་མཐེ་བོང་བསྒྲེངས་ཆོག་ཆོག་ཡིན་པའི་བརྩམས་སྒྲུང་ཐུང་ངུ་ཞིག་འབྲི་བའི་སྨྱུག་རྩལ་ཀྱང་དེ་བས་དཀོན་པ་ལ་ཨང༌།
དམའ་འབྲིང་ལ་སླེབས་པའི་ལོ་དེར། ཕ་ཡུལ་གྱི་སློབ་ཆུང་དང་ཁ་གྱེས་ནས་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭར་ཞུགས་པའི་སྐལ་བ་ལྡན་སོང༌། རྫོང་སློབ་གྲྭ་ནི་ཕ་ཡུལ་གྱི་སློབ་ཆུང་ལས་སློབ་སྦྱོང་གི་ཁ་ཕྱོགས་དང་ཁོར་ཡུག་གི་ཆ་རྐྱེན་སོགས་ཕྱོགས་གང་ཐད་ནས་འཛོམས་གསུམ་འཛོམས་པའི་ཁྱད་ཆོས་ཀྱིས་ཧ་ལས་པའི་གནས་སུ་གྱུར་ཡོད་པས། ང་ལ་སློབ་སྦྱོང་བྱེད་འདོད་ཀྱི་བསམ་པའི་འདུ་ཤེས་ཆེ་རུ་སྐྱེས་པ་དང༌། དཔེ་འཛིན་སྐྱོར་སྦྱོང་དང་གསར་རྩོམ་འབྲི་ཐབས་སོགས་ཀྱི་ཐད་ནས་ཅུང་སྔར་མེད་ཡར་ཐོན་བྱུང་ཡོད་པས། ངས་དྲན་པའི་མེ་ལོང་ནང་ནས་ཕྱིར་འདང་ཞིག་བརྒྱབ་ན། ཆུང་དུས་ཀྱི་རྣམ་གཡེང་དང་ལེ་ལོའི་དབང་དུ་སོང་བའི་སེམས་པ་དང་མ་རབས་པྲ་ཆལ་གྱི་སྤྱོད་སྟངས་རེ་རེ་ཡིད་ལ་འཆར་ཐེངས་རེ་ལ། འགྱོད་གདུང་གི་སེམས་པ་ནི་གཙང་བོའི་རྦ་རླབས་དྲག་ཏུ་འཕྱུར་བ་བཞིན་བྱང་ཁོག་སྟོད་ནས་ཀྱང་སྐྱོམས་པར་བྱེད་པ་དང་འདྲ་མོད། ད་ལྟ་ང་ནི་དམའ་འབྲིང་སློབ་མ་ཞིག་ཡིན་པའི་ཆ་ནས་བཤད་ན། དམའ་རིམ་སློབ་འབྲིང་ནི་ང་ཚོར་མཚོན་ན་གསེར་ལས་ཀྱང་རིན་ཐང་ཆེ་བ་ཞིག་ཡིན་པར་ངེས། དེའི་རྒྱུ་མཚན་ནི། གསེར་གྱི་ལང་ཚོ་རྒྱས་པའི་དམའ་འབྲིང་གི་དུས་སྐབས་ནི་རང་ཉིད་ལ་ཤེས་བྱ་དང་སྤོབས་པ། བློ་རྩལ་སོགས་གང་ཅིའི་ཐད་ནས་རྨང་གཞི་བརྟན་པོ་ཞིག་ཆགས་པའི་གཏན་ཚིགས་ཁོ་ན་ཡིན་པས། ང་ཚོ་ཚང་མས་བརྩོན་འགྲུས་ཀྱི་གོམ་ཁ་རྟག་ཏུ་བསྲིངས་ནས་མ་འོངས་པར་གཏམ་བཟང་སྒྲོག་པའི་ལས་སུ་བརྩོན་དགོས།
དེ་ལྟར་ང་ཚོས་བརྒྱུད་ཟིན་པའི་ལམ་བུ་དེར་ཕྱི་མིག་འཕེན་ཞིང༌། འཚོལ་བཞིན་པའི་ལམ་བུ་ལ་བསམ་གཞིགས་ཡང་བསྐྱར་བྱེད་བཞིན་མདུན་ཕྱོགས་སུ་ཆས་འགྲོ་ལ། རྒྱབ་ཀྱི་དཔེ་ཁུག་འདི་དང་ལག་གི་ལྕགས་སྨྱུག་འདི་ནམ་རྒྱུན་རང་སྲོག་བཞིན་སྐྱོར་དགོས། ཁ་དཔེ་ལ་རྩ་བ་བརྟན་ན་རྩེ་མོ་རྒྱས་ཟེར་བ་བཞིན། ཤེས་བྱའི་རྨང་གཞི་བརྟན་པོ་འཇོག་པར་རེམ་དགོས་ལ། དེ་ལྟར་བྱས་ན་ང་ཚོས་འཕེལ་རྒྱས་ཀྱི་ལམ་བུ་རྙེད་ཅིང་བདེ་སྐྱིད་ཀྱི་དཔལ་ཡོན་བསུ་ཐུབ་ལ། མི་ཚེའི་རིན་ཐང་ཡང་གཞི་ནས་རྟོགས་ཐུབ་བམ་སྙམ་མོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com