བདག་གི་གྲོགས་པོ།
རུས་མིང་། རྡོ་རྗེ་དོན་གྲུབ།
སློབ་རིམ། ལོ་རིམ་ལྔ་བའི་འཛིན་གྲྭ་དང་པོ།
དགའ་ཕྱོགས། རྩོམ་རིག་དགའ་ཕྱོགས་འཛིན་གྲྭ
བདག་གི་གྲོགས་པོ།
རྡོ་རྗེ་དོན་གྲུབ།
བདག་ལ་ངང་རྒྱུད་འཇམ་ཞིང་བསམ་པ་དཀར་བའི་གྲོགས་པོ་ཧ་ཅང་མང་ན་ཡང༌། བདག་གི་སེམས་སུ་རྡོ་ལ་རི་མོ་བརྐོས་པ་བཞིན་ནམ་ཡང་བརྗེད་དཀའ་བའི་གྲོགས་པོ་འགའ་ལས་མེད། གྲོགས་པོ་ཐུགས་བྷོ་ནི་དེ་དག་གི་གྲས་ཀྱི་གཅིག་ཡིན། བདག་གི་དྲན་ཡིད་ན་ཝ་ལེར་གསལ་བའི་ཁོའི་གཟུགས་རིས་ནི་གདོང་ཅུང་ནག་ཅིང་མིག་ཅུང་ཆེ་ལ། སྐྲ་ལོ་ཧ་ཅང་ནག་པ་དེ་ཙམ་མ་ཡིན་པར་དངོས་གནས་གཅེས་སུ་རུང་བ་ཞིག་ཡོད།
དབྱར་གནང་གི་ཉིན་ཞིག་ལ། གྲོགས་པོ་ཐུགས་བྷོ་དང་ངེད་གཉིས་མུ་མཐའ་མེད་པའི་རྩྭ་ཐང་ཆེན་མོ་རུ་རྩེད་མོ་རྩེ་རུ་སོང་བ་ན། དབྱར་ཟླ་དྲུག་པའི་རྩྭ་ཐང་ནི་གོས་ལྗང་གདན་ལ་བཏིངས་པ་ནང་བཞིན་མཛེས་ཤིང་ཡིད་དུ་འོང་བ་ཞིག་རེད། དེ་བས། བདག་གི་གྲོགས་པོ་ཐུགས་བྷོས་ཀྱང་རང་དབང་མེད་པར་རྩྭ་ཐང་ནི་ཅི་འདྲ་མཛེས་པ་ལ་ཨང་ཞེས་བཤད་བྱུང༌།
ངེད་གཉིས་སྤྲོ་སེམས་འཁོལ་བའི་ངང་ནས་རྩྭ་ཐང་དུ་རྩེད་མོར་གཡེང་བའི་སྐབས་སུ། གློ་བུར་དུ། གློག་དམར་ལམ་ལམ་འཁྱུག་ཅིང་སྤྲིན་ནག་ལོང་ལོང་འཁྲིག་ལ། འབྲུག་སྒྲ་འུར་འུར་གྲག་ཞོར་ཆར་བ་ཤག་ཤག་བབ་བྱུང༌། ངེད་གཉིས་ཀྱི་སུས་ཀྱང་ཆར་གདུགས་བཟུང་མེད་པས་སྐད་ཅིག་ཙམ་ལ་ཆར་བས་ངེད་གཉིས་ཀྱི་རློན་པ་རློན་རྐྱང་དུ་སྦངས་བྱུང༌། ང་ནི་ཐོག་དང་པོར་ཆར་ནང་ལ་ལུས་པ་ཡིན་པས་གྲང་འདར་ལྕུག་ལྕུག་གིས་ལུས་པོ་དར་ལྕོག་བསྐྱོད་བསྐྱོད་བྱས་པས། གྲོགས་པོས་དེ་མུར་རང་གི་ཕྱི་ལྭ་ཕུད་ནས་ངའི་ལུས་སྟེང་ལ་བཀབས་པ་མ་ཟད། ད་རུང་གྲང་ངམ་ཞེས་དྲིས་བྱུང་བས། བདག་སེམས་འགུལ་ཐེབས་ནས་མིག་ཟུང་དུ་མཆི་མ་ཀྲིག་ཀྲིག་གིས་མགོ་བོ་ཐད་དུ་གཡུག་ཅི་ཐུབ་བྱས་པ་ཡིན།
འདི་ནི་བདག་གི་གྲོགས་པོ་ཐུགས་བྷོ་སྟེ། བདག་ལ་འདི་འདྲའི་གྲོགས་པོ་འདང་ཆེན་ཞིག་ཡོད་པ་ནི་རང་གི་གཟི་བརྗིད་ཅིག་ཡིན་པ་མ་ཟད། རྗེས་མར་བདག་གིས་ཀྱང་རང་གི་གྲོགས་པོའི་ཆེད་དུ་ཡོད་ཚད་བློས་གཏོང་ཕོད་དགོས་པའི་དམ་བཅའ་བརྟན་པོར་ནམ་ཡང་ཡིད་ལ་བཅངས་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com