ཕ་ཡུལ་ནས་ཟི་ལིང་གི་ལམ་དུ་ཁེར་ལབ་བྱས་པ།
དངོས་མིང་། པད་མ་ཕག་མོ་རྟ་མགྲིན།
པིར་མིང་། ཐོག
འཚིན་གྲྭ 2010ལོའི་བོད་སྐད་ཡིག་རྩོམ་རིག་དགེ་སྦྱོང་འཛིན་གྲྭ
ཕ་ཡུལ། མཚོ་ལྷོ་ཁྲི་ཀ
ཕ་ཡུལ་ནས་ཟི་ལིང་གི་ལམ་དུ་ཁེར་ལབ་བྱས་པ།
གཟུངས་མིང་བུ་མོ་དེ་དྲན་པ།
སྔོན་ཆད་རང་གི་སེམས་ངོགས་སུ།
ཕ་ཡུལ་ནི་སུ་དང་གང་གིས་ཚབ་བྱེད་མི་ཐུབ་པའི།
དྲན་པ་ནག་པོ་ཞིག་ཏུ་གྱུར་ཡོད་ནའང་།
ད་ལྟ་ཕ་ཡུལ་དུ་འབྱོར་དུས། ད་ལྟ་དཔེ་ཆ་རེ་ཀློག་དུས།
རུལ་རྒྱུ་མེད་པའི་སེམས་པ་དང་མིག་ཟུང་འདིས།
ཁྱོད་ཁོ་ན་ལས་བསམ་རྒྱུ་དང་རིག་རྒྱུ་ཅང་མི་འདུག
ཨ་ཕའི་ཉམ་ཐག་གི་སྐད་སྒྲ་དེ་རྣ་བས་མ་གོ
ཨ་མའི་སྐམ་རིད་ཀྱི་ལུས་པོ་དེ་མིག་གིས་མ་རིག
ད་ལྟ་ཁྱོད་ཀྱིས་ངའི་ཡོད་ཚད་ཟོས་ཚར་འདུག
མིག་ཆུ་དང་སྙན་ངག་ཀྱང་།
ཁྱོད་དྲན་པས། ད་ནི་ང་ཕྱིར་ལན་གྲུར་ལོག་རྩིས་ཡོད།
བློས་མི་ཐོངས་པའི་ཕ་ཡུལ་གོར་མོ་དེ་བསྐྱུར་ནས།
ཨ་ཕས་ལག་ཏུ་ཤོག་སྒོར་བཞག་པ།
ཨ་ཕས་རང་གི་སྣུམ་དྲེག་གིས་ཟིན་ཚར་བའི།
ལག་པ་ཡ་གཅིག་ཚུར་བསྲིངས་ཏེ།
ཤོག་སྒོར་ཆིག་སྟོང་བོ་འདིས།
ཟླ་གཅིག་གི་རིང་ལ་ཨེ་འདང་བལྟས་ཟེར་ཞོར།
ངའི་ལག་ཏུ་བརྒྱ་ཤོག་འགའ་ཐེ་ཚོམ་དང་བཅས་བཞག་བྱུང་།
ངས་ཡང་བསྐྱར་རང་ཉིད་གང་དུ་འགྲོ་བ་དང་།
ཅི་བྱེད་དུ་འགྲོ་བ། ལོ་ངོ་གཉིས་ལྷག་ལ་ཅི་ཞིག་འགྲུབ་ཡོད་སོགས་ལ།
འདང་ཞིག་བརྒྱབ་ནས་ཡུན་རིང་ལུས་པས།
ཨ་ཕའི་ངོ་གདོང་དང་ལག་པ་ཡང་གསལ་བོར་མ་མཐོང་།
ད་ཅིར་ཨ་ཕའི་གདོང་ན་འཛུམ་ལངས་ཡོད་དམ།
ད་ཅིར་ཨ་ཕའི་ལག་པ་འདར་གྱིན་ཡོད་དམ།
ཇེ་རིང་དུ་འགྲོ་གྱིན་པའི་སྲིན་པོ་རྫ་རི།
སྲིན་པོ་རྫ་རི།
ངའི་ཕ་ཡུལ་གྱི་རྒྱབ་རི་སྨུག་པོ་ཡིན་ཏེ།
གངས་དཀར་གྱི་ཤྭམ་ལྭ་རིང་བོ་དེ་ཁྱོད་ལ་ཤིན་ཏུ་མཛའ།
ས་སྲོད་དེར་ང་ཕ་ཡུལ་དུ་འབྱོར་བ་ནས།
ཀེམ་ཀེམ་གཡོ་བའི་མིག་ཟུང་འདིས།
ཁྱོད་འཚོས་འཚོས་ལ་བསྡད་ནས་ཉིན་གཉིས་འགོར་ཡོད།
དེ་རིང་ང་ཕ་ཡུལ་དང་གྱེས་དུས།
ཁྱོད་ནི་ངའི་སྐྱེལ་མ་མཁན་ཁྲེལ་བག་ཅན་དེ་གཅིག་པུ་ཡིན།
རྒྱང་དུ་བཞུད་ཀྱིན་པ་ང་རང་ཡིན་རུང་།
སྣང་བ་ཞིག་ལ་ང་སྔར་མལ་ན་ཐོ་ཡོར་ལྟར་འགྲེངས་ཏེ།
ཁྱོད་ལ་སྐྱེལ་མ་བྱེད་ཀྱིན་འདུག
རིམ་གྱིས་རིམ་གྱིས།
ཁྱོད་ང་དང་ཁ་ཐག་ཇེ་རིང་དུ་འགྲོ་བཞིན་འདུག
མཐའ་མར་དཀར་ཐིགས་ཤིག་ཏུ་གྱུར་ཏེ་མཐོང་རྒྱུ་མ་བྱུང་།
ཁྲི་ཀ་རུ་དྲོས་ཇ་འཐུང་བ།
ཡུན་རིང་བྲལ་བའི་ཁྲི་ཀ་རྫོང་མཁར་ནི།
ན་ནིང་ལས་ལྡབ་འགྱུར་གྱིས་ཇེ་ཆེར་སོང་འདུག
ཞིབ་ཏུ་མ་བལྟས་ན། གསལ་བོར་མ་ཉན་ན།
རང་ཉིད་གནས་འདིར་གཏན་ཏུ་ཡོང་མ་མྱོང་བ་འདྲ།
རླངས་འཁོར་གྱི་དུང་སྒྲ་དང་། ཁང་བརྩེགས་ཀྱི་མཐོ་ཚད་ཀྱིས།
ངས་ཡང་བསྐྱར་གྲོང་ཁྱེར་གྱི་ངོ་གདོང་ལ།
གསལ་འགྲེལ་གཞན་ཞིག་བྱེད་དགོས་སོང་། མ་ཁར་སོ་བཅིངས་ཀྱིས།
སྟེས་དབང་གིས་འཕྲད་པའི་གཟེབ་གྲུག་འགྲན་བསྡུར་དེར་ཅིག་བལྟས་རྗེས།
མགོ་རས་ཁྲ་ཁྲ་དཀྲིས་ཡོད་པའི་བུད་མེད་དེ་བུད་སོང་བའི།
ཆེ་རྒྱུ་མེད་ལ་ཆུང་རྒྱུའང་མེད་པའི་རྒྱ་སོག་གི་ཟ་ཁང་དེར།
སྐྱོ་ངལ་དང་བཅས་འཛུལ།
སྒོ་མེ་ཉག་ཀ་ན་རླུང་ལྡང་གིན་འདུག
མྱུར་བསྐྱོད་རླངས་འཁོར་གྱི་དུང་སྒྲས།
རླུང་བུ་གྲང་མོ་ཞིག་བྲན་དུ་འཁོལ་ནས།
ངའི་རྨི་ལམ་ཀློང་གི་ཁོ་མོ་རྩྭ་སྐྱ་བཞིན་རྒྱང་དུ་དེད་བྱུང་།
མིག་ཟུང་འཕུར་འཕུར་བྱེད་ཞོར།
མགོ་བོ་དགྱེ་ནས་དྲ་མའི་ཕྱི་ལ་ལྟ་དུས།
རྔ་མོང་གི་སྒལ་ཚིགས་འདྲ་བའི་སྒོ་མེ་ཉག་ཀར་ཐོན་འདུག
སྒོ་མེ་ཉག་ཀར་ཆར་བ་འབབ་ཀྱིན་འདུག ཤག་ཤག་ཏུ་འབབ་ཀྱིན་འདུག
ལྷབ་ལྷུབ་བསྐྱོད་པའི་དར་ལྕོག་དེའི་འདབས་ན།
ཆར་གྱིས་བྲན་དཀའ་བའི་རྒྱ་མི་འགའི།
འཛུམ་དམུལ་གྱི་ངོ་གདོང་དང་རས་གུར་མཐོང་བྱུང་།
ངའི་རྩིབ་ཀྱི་རྒྱ་མི་དེ་དག་གི་ངོ་ལའང་འཛུམ་ཞིག་ལངས་ནས།
ཡང་ཁོ་ཚོ་ཕྱུག་པོར་ཆགས་རྒྱུ་རེད་ཅེས་སྨྲས་བྱུང་།
ང་ཡང་བསྐྱར་ཅི་མི་སྙམ་པར་གཉིད་གྲབས་བྱེད་སྐབས།
དབྱར་རྩྭ་དང་སྒོར་མོས་སེམས་ཁ་དཀྲུགས་བྱུང་བས།
གཞེས་ཉིན་ཡུལ་མི་ཚོ་མགོ་ལོག་ཏུ་སོང་ན་ཞེས།
ཁེར་ལབ་ཅིག་བརྒྱབ་ནས་མགོ་བོ་རྒྱབ་ཕྱོགས་སུ་བསྙེས།
འོན་ཀྱང་། གཏན་ནས་གཉིད་མ་ཁུགས།
སྒོ་མེ་ཉག་ཀ་ན་རླུང་ལྡང་གིན་འདུག
ཆར་བ་ཡང་ཤག་ཤག་ཏུ་འབབ་ཀྱིན་འདུག
བོད་མིའི་ཁྲོམ་གྱི་དཔེ་འཚོང་ཁང་།
དགུང་ལ་ཟུག་པའི་ཁང་བརྩེགས་རེ་རེ་མིག་ལམ་དུ་མངོན་པས།
ངས་ད་གཟོད་ཟི་ལིང་ཞེས་པའི་ཐ་སྙད་དེའི་རུམ་དུ་འཛུལ་བ་ཚོར།
རླངས་འཁོར་ལ་བསྡད་དེ་ཡུན་རིང་སོང་རྗེས།
ང་ཚོ་དྲ་མ་དྲུད་ཀྱིས་ཟི་ལིང་རླངས་འཁོར་ས་ཚིགས་སུ་ཐོན་བྱུང་།
རླངས་འཁོར་ལས་མྱུར་དུ་མར་བབས་རྗེས།
ནག་ཆུའི་གྲོགས་པོ་ཞིག་གི་དཔེ་ཆ་ཉོ་དགོས་པའི་མངག་བཅོལ་དྲན་པས།
བོད་མིའི་ཁྲོམ་གྱི་དཔེ་འཚོང་ཁང་དེ་དག་ཏུ་ཕྱིན་པ་ཡིན།
ཇི་ལྟར་བཙལ་ཡང་། ཇི་ལྟར་དྲིས་ཀྱང་།
ངས་འཚོལ་གྱིན་པའི་དཔེ་ཆ་དང་དུས་དེབ་དེ་དག་རྙེད་རྒྱུ་མི་འདུག
དཔེ་འཚོང་ཁང་དེ་དག་གི་དཔེ་སྒྲོམ་དུ་བཞག་ཡོད་པ་ནི།
བདག་པོ་འཚོལ་གྱིན་པའི། ཁེར་རྐྱང་དུ་ལུས་ཟིན་པའི།
ཚི་དྲེག་གིས་ཟིན་པའི་ན་ནིང་མཐོང་བའི་དཔེ་ཆ་དང་དུས་དེབ་དེ་དག་རེད།
ངས་དབང་མེད་དུ་ཤུགས་རིང་ཞིག་འཐེན་ཞོར།
ཐོ་རངས་ཀྱི《ཚོར་བའི་འཇིག་ཉེན》གྱི་སྙན་དེབ་དེ་ཉོས་རྗེས་སྒོར་བུད།
2012ལོའི་ཟླ4བའི་ཚེས29ཉིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com