རང་ཉིད་ལ་སྒུག་པ།
དངོས་མིང་། འཇམ་དཔལ་རྡོ་རྗེ།
པིར་མིང་། གངས།
འཛིན་གྲྭ 2008ལོའི་བོད་སྐད་ཡིག་རྩོམ་རིག་འཛིན་གྲྭ་དང་པོ།
ཕ་ཡུལ། ཀན་ལྷོ་རྨ་ཆུ།
རང་ཉིད་ལ་སྒུག་པ།
ཉིན་གང་བོར་ཁང་བ་འདིར་སྡོད་དུས
དུས་ཚོད་ནི་བཞུར་ལམ་ཁགས་པའི་གཙང་བོ་ཞིག་སྟེ
བདག་གི་ལུས་སྟེང་ནས་འགྲམ་ངོགས་འཚོལ
བདག་གིས་གུས་ལུགས་མཚོན་ཕྱིར
རྒྱན་གོས་དག་དོར་ནས
གཅེར་བུའི་ལུས་པོ་དེ་འོད་སྣང་ཕྲ་མོ་ཞིག་ཏུ་བསྒྱུར
དེ་ལ་བརྟེན་ནས་སྤྱོད་གོ་མེད་པའི་ཅ་ལག་འགའ
རྒྱུ་སྐར་ནད་པ་ཞིག་ལྟར
རྟོག་བཏགས་ཀྱི་ནམ་མཁའི་མཐོངས་སུ་འུར་ཆོམ་གྱིས་འགུལ
སྐར་ཆ་ཁ་ཤས་ཀྱི་རྗེས་སུ
དེ་དག་དགུ་ཚིགས་ཀྱི་ཤ་སྐྱི་ལ་བབས་པའི་ཟ་འཕྲུག་ཞིག་ཏུ་གྱུར
ཕྱེད་ཙམ་ཕྱེས་པའི་སྒེའུ་ཁུང འདམ་མྱགས་སུ་བཞུར་དུས
གཉིད་མུག་ནི་དམྱལ་བའི་བདེ་སྣང་ཐོབ་པའི་དམག་དཔུང་ཞིག་སྟེ
སྙིང་ཁམས་ནས་སྐྱེས་པའི་མཆིན་མདོག་གི་མེ་ཏོག་དག་ཐུ་ཕྱིར
འདས་གྲོངས་སུ་གྱུར་བའི་བྱེ་ཐང་གི་ཚལ་དུ་བརྒྱུགས
སྐབས་སྐབས་སུ
ཞེ་འདང་གི་རྩིག་པའི་ངོས་ཀྱི་ཁ་ཆེམས་ཡི་གེས
མཚམས་མེད་པར་གཡབ་གཡུག་རྒྱག
རྨི་ལམ་གྱི་ཡུལ་དུ་འཚང་བའི་ཚ་བའམ་གྲང་བའི་ཚོགས
སྨུག་སྤྲིན་ལང་ལོང་གི་སྒྱུ་མའི་ཤ་འོད་ལ་འཁྱུད་ནས
གཟུགས་བརྙན་གཞན་ཞིག་ཏུ་སྤྲུལ་ནའང
ངས་དེ་དག་མ་ཚོར་བའི་ཚུལ་དུ
དབུལ་ཕོངས་ཀྱི་ལག་པས་བྲིས་མ་ཚར་བའི་ཉིན་ཐོའི་གསེང་ནས
ཉིན་གང་བོར་ཙོག་པུར་སྡོད་དུས
རྨི་ལམ་དང་མཚན་མོ་བསྲེས་མྱོང་བའི་ཕྱིར་དྲན་ཞིག
མཚན་སྨག་གོས་སུ་དཀྲིས་པའི་སྤང་ལྗོངས་ཀྱི་དབུས་ནས
འདྲོགས་ཡོང་བའི་འོད་ཀྱི་རྟ་ཕོ་ཞིག་ཏུ་གྱུར
སྐབས་ལན་རེར
དེ་ཡང་རེ་བྲལ་གྱི་རྡུལ་ཕྲ་རབ་ཅིག་ཏུ་གྱུར་ཏེ
ཤེལ་དམ་གྱི་ཆག་རོ་ཞིག་གམ་འགྱིག་གི་མེ་ཏོག་ཅིག་ཁུར་ནས
དཔེ་དེབ་ཐོག་གི་ས་རྡུལ་གྱི་ནང་དུ་བབས་དུས
རྨ་ཁས་གང་བའི་རོལ་དབྱངས་དེ འོད་ཀྱི་ཕོ་ཉ་ཞིག་ཏུ་སྤྲུལ་ནས
སྐད་ཅིག་ཉིད་དུ་རེག་ཚོར་དང་བྲལ་བར་གྱུར
དེའི་རྗེས་སུ
ང་རང་འགགས་ཟིན་པའི་གླུ་སྐད་ཀྱིས་འཆིང་སྡོམ་བྱས་པའི་ཁང་མིག་ཏུ་འཛུལ་སྟེ
རང་ཉིད་ཕྱིར་ལོག་པར་སྒུག
2012ལོའི་ཟླ4བའི་ཚེས9ཉིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com