ཤེས་རབ་ནོར་འཛིན་གྱི་རྩོམ་ཡིག་ཁག་ཅིག
རུས་མིང་། ཤེས་རབ་ནོར་འཛིན།
འཛིན་གྲྭ མཐོ་གཉིས།
མ་ཡུམ་སློབ་གྲྭ།
མདོ་སྨད་ས་ཡི་ཐིག་ལེའི་ཤར་ཕྱོགས་སུ།།
རི་ཆུ་སྟོང་གིས་ཆོད་པའི་གནས་མཆོག་ཅིག།
ཤེས་རིག་སྣ་ལྔའི་མེ་ཏོག་རབ་བཀྲ་བའི།།
ཆབ་མདོ་མཐོ་འབྲིང་ཁམས་ཀྱི་རྒྱན་གཅིག་གནས།།
གཡུ་ཡི་གཞོངས་པ་ལྟ་བུའི་མཐའ་བཞི་རུ།།
ནད་རིགས་དྲུང་ནས་འབྱིན་པའི་སྨན་རྩ་དང་།།
འབྲས་ལྡན་ཤིང་གིས་ནགས་ཀྱིས་ཡོངས་བརྒྱན་པས།།
རྩ་ཆེའི་སྲོག་ཆགས་འདྲ་མིན་ཅི་ཡང་རྒྱུ།།
དེ་ཡི་གཡོན་ནས་ལྷུང་ལྷུང་དལ་འབབ་པའི།།
ཡན་ལག་བརྒྱད་ལྡན་དམངས་ཕན་ཆུ་བོ་ཞིག།
སྐྱེ་འགྲོ་མ་ལུས་སྐོམ་གདུང་སེལ་ཆེད་དུ།།
ཀླུ་ཡི་དབང་པོའི་ཆེད་དུ་གནང་ལྟར་མཛེས།།
རི་འདིའི་གཞུང་གནས་ཆབ་མདོ་གྲོང་ཁྱེར་ནི།།
སུན་རྩེན་ལོངས་སྤྱོད་ས་ལ་འཕོས་པའམ།།
ལྷ་ཡི་བཟོ་བོས་པིར་རྩེའི་རྩལ་བྱུང་ནས།།
བྲིས་པ་གང་ཡིན་སེམས་སུ་འཕྱང་མོ་ཉུག།
བ་གམ་ཅན་གྱི་ཁང་བཟང་སྟར་ཕྲེང་ཁྲོད།།
ཚོང་ཟོག་མ་ཚང་མེད་པར་ཆམ་མེར་བརྡལ།།
དུས་དང་མཐུན་པའི་འཁོར་རིགས་ཁྲི་སྟོང་ཡང་།།
གྲོང་ཁྱེར་འདི་ཡི་མཛེས་པའི་རྒྱན་དུ་འདོད།།
དེ་ལྟར་ཕུན་ཚོགས་རྒྱས་པའི་གྲོང་དཀྱིལ་དུ།།
མཛེས་སྡུག་རྣམ་པར་བཀྲ་བའི་སྐྱེད་མོས་ཚལ།།
ཤེས་རིག་ནོར་བུའི་བང་མཛོད་སྤུངས་འདྲ་བའི།།
ཆབ་མདོ་མཐོ་འབྲིང་མཛེས་ཤིང་ལྟ་ན་སྡུག །
འདི་ན་དྲི་བསུང་འཐུལ་བའི་ཤུག་པའི་ཚོགས།།
འདབ་ཆགས་རྩེར་གར་རྒྱུ་བའི་ལྕང་མའི་གླིང་།།
ཁོར་ཡུག་ཀུན་ལས་ལྡུམ་རྭའི་མཛེས་སྡུག་དེས།།
ལྷ་ཡི་སྐྱེད་ཚལ་གང་དེར་སྐྱེངས་པ་སྟེར།།
ཐམ་དཀར་མཆེ་བ་གྱེན་དུ་བསླངས་འདྲ་བའི།།
བཀོད་ལེགས་ཐོག་བརྩེགས་ཅན་གྱི་ཁང་བཟང་ནང་། །
ཉེར་གཅིག་དུས་ཀྱི་དངོས་རྫས་ཚང་མ་འཛོམས།།
གདེང་ཀའི་བང་མཛོད་ཆེ་ཡི་སྙེམས་པ་འཕྲོག །
རིག་ཀུན་གསོག་འཇོག་དཔེ་མཛོད་ཁང་ནང་དུ།།
སྔ་ཕྱིའི་བརྩམས་སྒྲུང་དང་ནི་ལོ་རྒྱུས་སོགས།།
ཁྲི་ཕྲག་དུ་མའི་བརྩིགས་པའི་དཔེ་ཆ་རྣམས།།
ལྕགས་ལུང་མ་ཡིས་དོ་ཟླར་ཅི་ནས་ཡོང་།།
དེ་ལ་བརྩོན་པའི་བློ་ལྡན་ཁྱུ་ཚོགས་རྣམས།།
པད་མའི་བཅུད་ལ་འཁོར་བའི་བུང་བ་བཞིན།།
ཉིན་དང་མཚན་མོ་མེད་པར་ལེགས་བརྩོན་པས།།
ཤེས་བྱའི་གཤོག་རྩལ་ཡར་ངོའི་ཟླ་བཞིན་རྒྱས།།
དུས་གྱི་འགྲོས་དང་མཐུན་པའི་ཤེས་རིག་ལ།།
རྣམ་དཔྱོད་མཁྱེན་པའི་བདག་ཉིད་བཤེས་གཉེན་གྱིས།།
ལྷག་བསམ་དྭངས་མའི་ཀུན་གསལ་འོད་སྣང་ལས།།
ཤེས་རིག་པད་མའི་འདབ་མ་འདི་ན་བཞད།།
ཉི་མའི་བྱིན་ལས་ལྷག་པའི་སྲིད་ཇུས་འོག།
རིག་གྲོལ་ཞིང་ས་མཐོ་འབྲིང་དང་པོ་འདི།།
འགྲན་ཟླ་མེད་པའི་གོ་ལའི་རྩེར་འཕགས་ཏེ།།
ནམ་ཡང་ཉམས་མེད་མཐོན་པོར་གནས་པར་ཤོག།
ཕ་མ་ལགས། བུ་ཕྲུག་སློབ་གྲྭར་གཏོང་རོགས།
ཕ་མ་ལགས། ཁྱེད་རྣམས་ཀྱིས་བླུན་རྨོངས་ཀྱི་མུན་པ་རྐྱང་རྐྱང་དེད་ནས་དཔྲལ་བར་གཉེར་མའི་རིས་ཀྱིས་ཁེངས། ཁྱེད་རྣམས་ཀྱི་ཞིང་ས་ལག་མཐིལ་ཙམ་དང་ནོར་ལུག་ཐར་ཐོར་ཙམ་ལ་ཆགས་ཏེ་དབུ་ཡི་སྐྲ་ལོ་དུང་ལྟར་དཀར། ཁྱེད་རྣམས་ནི་རྩམ་དྲི་དང་མར་དྲི་ཁོ་ནར་ཞེན་ཏེ་འཇིག་རྟེན་ཕ་རོལ་དུ་བྱོན་ལ་ཉེ། ཕ་མ་ལགས། ཁྱེད་རྣམས་ཀྱིས་མི་ལོ་ག་ཚོད་འདས་ཤིང་ལོ་ཟླ་ཇི་ལྟར་བཞུད་ཀྱང། རང་ཁྱིམ་གྲུ་བཞིར་བདེ་སྐྱིད་ཀྱི་རྨི་ལམ་ཙམ་ཡང་བསྐྲུན་མ་ནུས། ཕ་མ་ལགས། བླུན་རྨོངངས་ཀྱི་མུན་ཁུང་ལས་ཕྱིར་བུད་དེ་དུས་རབས་ཉེར་གཅིག་གི་འོད་སྣང་ལ་ཕྱོགས་དང་། ཚན་རིག་གི་སྒོ་མོ་སྔར་ནས་ཕྱེས་ཟིན་པས། ད་དུང་ཁྱེད་རྣམ་པས་རང་གི་བུ་ཕྲུག་ནོར་ལུག་དེད་ཤུལ་དང་ཞིང་ཁའི་དཀའ་སྡུག་གི་ལས་ལ་བཅོལ་འདོད་དམ། ད་ནི་མུན་ནག་གི་བསམ་བློ་དང་མཁྲེགས་བཟུང་གི་རང་གཤིས་དོར་ནས་བུ་ཕྲུག་ལ་ཤེས་རིག་གི་འོད་སྣང་སྦྱིན་རན་འདུག
ཕ་མ་ལགས། བུ་ཕྲུག་སློབ་གྲྭར་གཏོང་རོགས། སློབ་གྲྭ་ནི་བློ་ཡི་མུན་པ་སངས་བྱེད་ཀྱི་སྐྱ་རེངས་ཡིན་ཅིང་སློབ་གྲྭ་ན་ལས་དབང་ལ་ཁ་ལོ་སྒྱུར་བའི་ཤེས་རིག་དར། སློབ་གྲྭ་ནི་རྗེས་ལུས་ཀྱི་རྣམ་པ་བསྒྱུར་བའི་ཞིང་ཁམས་ཡིན། ཕ་མ་ལགས། ཤེས་རིག་ལ་ཡིད་ཆེས་དང་གདེང་འཇོག་མཐོན་པོས་རིག་གསལ་གྱི་བུ་ཕྲུག་སློབ་གྲྭར་གཏོང་དང་། མ་འོངས་པར་མཁྱེན་ལྡན་གྱི་བུ་ཡིས། ཁྱེད་ཚོར་བདེ་སྐྱིད་ཀྱི་དྲོད་འཇམ་སྟེར་ཐུབ་ལ་དབུལ་ཕོངས་ཀྱི་ཞིང་གྲོང་ཡང་ཕྱུག་འགྱུར་གྱི་ལམ་དུ་འདྲེན་ཐུབ་ངེས་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com