རྒྱལ་མཚན་གྱི་རྩོམ་ཡིག་ཁག་ཅིག
རུས་མིང་། རྒྱལ་མཚན།
འཛིན་གྲྭ། མཐོ་གཅིག
ཕ་ཡུལ། སྨར་ཁམས་རྫོང་།
བོད་སྐད་ཡིག་ནི་ང་ཚོ་མི་རིགས་འདིའི་སྲོག་རྩ་ཡིན།
ཁྱིམ་ཚང་ཞིག་ལ་ཞི་བདེ་དང་འཆམ་མཐུན་འབྱུང་དགོས་ན། ངེས་པར་སྤུན་མཆེད་ཀྱི་བྱ་བྱེད་ལ་ལྟ་དགོས་ཤིང་། དེ་བཞིན་མི་རིགས་ཞིག་གི་འཕེལ་རྒྱས་དང་ཞི་བདེ་ནི་གཙོ་བོ་སྐད་དང་ཡི་གེ་གཙོ་རུ་འཛིན་མིན་དང་འཕེལ་རྒྱས་བྱུང་མིན་ལ་རག་ལས།
ང་ཚོའི་མི་རིགས་འདི་ནི་དུས་རབས་ཀྱི་འཕེལ་རྒྱས་དང་ལྡོག་ལོག་ཏུ་འགྲོ་བཞིན་འདུག། ཅི་ཡིན་ཞེ་ན། རང་མི་རིགས་ནང་ཁུལ་དུའང་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་མཁན་ཉུང་ཉུང་དུ་ཕྱིན་པ་དང། བོད་རིགས་དང་བོད་རིགས་ཀྱི་བར་དུའང་ཕན་ཚུན་ཁ་བརྡ་བྱེད་དུས། རང་སྐད་གཙང་མ་ཞིག་མི་བཤད་པར་མི་རིགས་གཞན་གྱི་ཚིག་གང་རུང་ཞིག་བཤད་གང་ཐུབ་བྱེད་ཅིང་། ཁོ་བོས་བལྟས་ན་འདི་ནི་ཆེས་ངོ་ཚ་དགོས་པའི་དོན་དག་ཅིག་རེད་བསམ། དུས་རབས་ཀྱི་འཕོ་འགྱུར་ཅི་ཙམ་ཆེ་ན་འུ་ཚོ་སྤུན་ཟླ་རྣམས་ཀྱིས་སེམས་སུ་རིགས་ཞེན་གྱི་ལ་རྒྱ་བཟུང་ནས་རང་གི་སྐད་ཡིག་དང་རང་མི་རིགས་ཀྱི་ཀུན་སྲོལ་སོགས་དུས་དང་བསྟུན་ནས་འཕེལ་རྒྱས་གཏོང་རྒྱུ་ཕར་ཞོག་ད་དུང་ལེ་ལོ་དང་རྨོངས་དད་ཀྱི་དབང་དུ་ཚུད་ནས་མི་རིགས་གཞན་གྱི་རྗེས་སུ་ལུས་པ་འདི་ངོ་མ་ངོ་ཚ་དགོས་པའི་ལས་ཤིག་མ་རེད་དམ། གནས་ཚུལ་དེ་ལ་བལྟས་ན་ཁོ་རྣམས་ཀྱིས“སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང༎ རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན”ཞེས་པ་དེར་གོ་ལོག་ཐེབས་ཡོད་པ་འདྲ། ང་ཚོ་དེ་འདྲའི་ལམ་དུ་འགྲོ་ག་ལ་སྲིད།
ང་རང་ཆུང་དུས་ནས་རང་མི་རིགས་ཀྱི་ཁྱད་ཆོས་དང་མཐུན་པའི་སྒྲུང་དང་བཅས་པའི་དཔེ་ཆར་ཀློག་འདོད་ཤིན་ཏུ་ཆེ་བའི་སློབ་མ་ཞིག་ཡིན། ད་ལྟ་རང་གིས་རང་ལ་ཕྱི་ལྟ་ཞིག་བྱེད་དུས་རང་གི་ཚུལ་ལུགས་དེ་ཡང་དག་པ་ཞིག་ཡིན་པའི་ངེས་ཤེས་བྱུང་། དེང་སྐབས་ཀྱི་ང་ཚོ་ནི་བཅུ་དྲུག་ལང་ཚོའི་མེ་ཏོག་འཛུམ་པའི་དུས་སྐབས་རེད། དེ་བས་ང་ཚོས་རང་མི་རིགས་ཀྱི་སྐད་དང་ཡི་གེ་དར་སྤེལ་གཏོང་བའི་ཆེད་དུ། ཆོལ་གསུམ་གངས་རིའི་སྤུན་ཟླ་ཡོངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྦྲེལ་ཏེ་རང་མི་རིགས་ཀྱི་སྐད་དང་ཡི་གེ དེ་བཞིན་མི་རིགས་གཞན་གྱི་རིག་གནས་ལ་འབད་བརྩོན་ལྷོད་མེད་བྱ་རྒྱུ་ནི་རང་གི་སྐད་ཡིག་དར་སྤེལ་གཏོང་རྒྱུའི་བགྲོད་ལམ་ལྟ་བུ་རེད་ལ་ང་ཚོའི་འོས་འགན་ཞིག་ཀྱང་མ་རེད་དམ། ངོ་མ་སྐད་དང་ཡི་གེ་ནི་མི་རིགས་ཞིག་གི་སྲོག་རྩ་ཡིན་པས་སྐད་དང་ཡི་གེ་ཉམས་ན་མི་རིགས་འདི་ཡང་རང་དབང་གིས་ཉམས་འགྲོ་བ་ནི་བདེན་དོན་འབའ་ཞིག་རེད་འདུག
ང་ཚོ་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཟས་ཀྱིས་གསོས་པའི་གངས་རིའི་བུ་རྒྱུད་དང་མི་རིགས་འདིའི་ཕྱི་རབས་པ་ཞིག་ཡིན་པས། རང་གིས་རང་མི་རིགས་ལ་དྲིན་ལན་མ་མཇལ་ན་ལུགས་གཉིས་དང་འགལ་བར་འགྱུར། དེ་བརྟེན། ང་ཚོས་རང་ཉིད་ནས་འགོ་རྩོམ་སྟེ་མི་རིགས་སྐད་ཡིག་སློབ་གསོ་ལ་དགའ་ཞེན་དང་སྐད་ཡིག་ལ་བརྩོན་པ་ཆུ་བོ་རྒྱུན་བཞིན་བསྟེན་ནས་ཁྱོད་ལ་དྲིན་ལན་འཇལ་རྒྱུ་ཡིན་ནོ༎
བོད་རིགས་སྤུན་ཟླ།
གངས་རིའི་ཁྲོད་དུ་སྐྱེས་པའི་བོད་རིགས་སྤུན་ཟླ༎
སྒོ་ཕྱུགས་མཉམ་དུ་འཚོ་བའི་བོད་རིགས་སྤུན་ཟླ༎
དཀར་པོ་འོ་ཞོ་བཏུང་བའི་བོད་རིགས་སྤུན་ཟླ༎
སྦྲང་དཀར་རྩམ་པ་ཟ་བའི་བོད་རིགས་སྤུན་ཟླ༎
སྟོབས་འབྱོར་མངའ་ཐང་ལྡན་པའི་བོད་རིགས་སྤུན་ཟླ༎
བྱམས་དང་སྙིང་རྗེ་ལྡན་པའི་བོད་རིགས་སྤུན་ཟླ༎
དུང་ཟླ་ཐུགས་གཤིས་དཀར་བའི་བོད་རིགས་སྤུན་ཟླ༎
གངས་རིའི་རྒྱུད་པ་འཛིན་པའི་བོད་རིགས་སྤུན་ཟླ༎
ནམ་མཁའི་བྱ་ཁྱུང་འདྲ་བའི་བོད་རིགས་སྤུན་ཟླ༎
ནགས་ཀྱི་སྟག་མོ་འདྲ་བའི་བོད་རིགས་སྤུན་ཟླ༎
ཅང་ཤེས་རྟ་མཆོག་འདྲ་བའི་བོད་རིགས་སྤུན་ཟླ༎
གཡུལ་གྱི་དཔའ་བོ་འདྲ་བའི་བོད་རིགས་སྤུན་ཟླ༎
ཤེས་རབ་བློ་རིག་དྭངས་པའི་བོད་རིགས་སྤུན་ཟླ༎
བརྩོན་འགྲུས་ངར་ཤུགས་རྒྱས་པའི་བོད་རིགས་སྤུན་ཟླ༎
མ་འོངས་ཕུགས་བསམ་ལྡན་པའི་བོད་རིགས་སྤུན་ཟླ༎
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com