དཔལ་ཡོན་གཉིས་གླེང་བ། བསྟན་འཛིན་ནོར་བུ།
རུས་མིང་། བསྟན་འཛིན་ནོར་བུ།
འཛིན་གྲྭ 2011ལོའི་བོད་ཡིག་ཆེད་ལས་གཉིས་པ།
དཔལ་ཡོན་གཉིས་གླེང་བ།
དཔལ་ཡོན་གཉིས་ནི་ཕྱི་དངོས་པོའི་དཔལ་ཡོན་དང་ནང་བསམ་ཡོན་གཉིས་ཡིན།
ཕྱི་དངོས་པོའི་དཔལ་ཡོན་ནི་དེང་རབས་ཀྱི་དཔལ་འབྱོར་འཛུགས་ཞེས་པ་དེ་ཡིན། རྒྱལ་ཕྱི་རྒྱལ་ནང་གང་སར་དཔལ་འབྱོར་ནི་དབྱར་མཚོ་རྒྱས་པ་ལྟར་འགྲོ་གི་ཡོད། དཔལ་འབྱོར་འཕེལ་རྒྱས་གཏོང་བ་ནི་བདེ་བ་ཕྱི་རོལ་ནས་འཚོལ་བའི་ཐབས་ཞིག་ལས་མ་འདས། དེའང་བདེ་བ་ཕྱི་རོལ་ནས་འཚོལ་བ་ཞེས་པ་ནི་ཕྱི་རོལ་གཟུགས་སྒྲ་དྲི་སོགས་ཀྱིས་རང་རེའི་མིག་དང་སྣ་རྣ་སོགས་དབང་པོ་རྣམས་ལ་རེག་པ་བྱས་པ་དེ་ལ་སེམས་ཀྱི་ཞེན་ནས་བེད་ཚོར་རྙེད་པ་དེ་ཡིན། འོན་ཀྱང་རེག་པར་བྱེད་པའི་གཟུགས་སོགས་སྐྱེད་བྱེད་དེ་རྣམས་ནི་ཉིན་རེ་ལས་མ་འདས་པར་རྒྱུན་ཆད་པ་འམ་ཚད་ཉུང་དུ་གྱུར་ན་འདི་འཕྲལ་དུ་མི་བདེ་ཞིང་སྡུག་སྔལ་དུ་གྱུར་བ་ཡིན་ཏེ། དཔེར་ན་ཟས་ཉུང་ཙམ་ལས་ཟ་རྒྱུ་མ་བྱུང་ན་ཡིད་མི་ཚིམ་ཞིང་བཀྲེས་སྐོམ་གྱི་སྡུག་བསྔལ་དུ་འགྱུར་བ་དང༌། ཉིན་འགའ་ཟ་རྒྱུ་མ་བྱུང་ན་ཤི་བར་འགྱུར་བ་ལྟ་བུ་ཡིན། དེས་ན་སྐྱེད་བྱེད་དེ་དག་རྒྱུན་མ་ཆད་པར་ཡོད་དགོས་ལ། དེའང་ཞན་ཙམ་ཡོད་ན་འབྲིང་ཙམ་དུ་རེ། འབྲིང་ཙམ་ཡོད་ན་བཟང་པོ་ཞིག་ཡོད་པར་རེ། བཟང་པོ་ཞིག་བྱུང་ཚེ་ཆེས་བཟང་པོ་ཞིག་ཡོང་རྒྱུར་ཞེན་ནས་འདོད་བློ་གང་རྒྱུ་ཡེ་ནས་མེད། དེ་དག་ཀྱང་འབད་མེད་དུ་ཡོང་བ་དཀོན་པས་དེའི་ཕྱིར་དུ་འབད་པ་མང་པོ་བྱེད་དགོས། འབད་པ་དེ་དག་ཕལ་ཆེ་བ་རང་ཉིད་ཀྱི་དཀའ་ཚེགས་ཆེན་པོ་ལས་བྱུང་བ་ཡིན། དེའི་ཞོར་ལ་ངལ་བ་དང་མི་འདོད་པ་མང་པོ་ཡོང་ངེས། ངལ་བ་དང་མི་བདེ་བ་དེ་རྣམས་ལུས་སེམས་ཀྱི་གཏན་ནས་མི་ལྕོག་ཏེ། མཐར་སྐྱེ་བོ་མང་པོས་རང་གི་ཚེ་སྲོག་རང་གིས་བརླག་པར་བྱེད་དེ། དཔེར་ན། འཛམ་གླིང་ཧྲིལ་པོར་སྙན་གྲགས་ཀྱིས་ཁྱབ་ཅིང་ཤོག་སྒོར་དུང་ཕྱུར་མང་པོ་ཡོད་པ་དག་ཀྱང་འདོད་བློ་མི་ཁེངས་ནས་རང་སྲོགས་རང་གིས་གཅོད་པར་བྱེད་དོ།།
ཆེད་ལས་མཁས་དབང་རྣམས་ཀྱིས་ན་རེ། དེའི་རྒྱུ་མཚན་ནི་སྤྱི་ཚོགས་ཀྱི་འགྲན་རྩོད་ཇེ་ཏུ་ཕྱིན་ཅིང་འཚོ་བའི་གནོན་ཤུགས་མི་བཟོད་པས་ཡིན་ལ། ད་དུང་དེའི་དབངགིས་ཡིད་མི་བདེ་བའི་སེམས་ཀྱི་ནད་སྣ་ཚོགས་པ་ཆམ་རིམ་བཞིན་ཡོང་ཁྱབ་ཏུ་མཆེད་བཞིན་ཡོད། ནད་འདི་སྔོན་འགོག་གམ་ལེགས་བཅོས་བྱེད་དགོས་ན་ཉི་མ་རེ་རེ་བཞིན་སེམས་སྐྱིད་པར་བྱེད་དགོས་ཞེས་ཟེར་བཞིན་ཡོད། འོན་ཀྱང་འགྲན་རྩོད་ཀྱི་ཚ་རླབས་མེ་ལྟར་འབར། རྙེད་འདོད་ཀྱི་ཧམ་སེམས་མཚོ་རླབས་ལྟར་འཕྱུར། ཆགས་སྡང་གི་བསམ་པ་དབྱར་མཚོ་ལྟར་རྒྱས། འཚོ་གནས་ཀྱི་གནོན་ཤུགས་རི་བོའི་ལྗིད་ལྟ་བུས་གནོན་པའི་སྤྱི་ཚོགས་ཀྱི་འཚོ་བའི་ནང་དུ་སེམས་སྐྱིད་ཐབས་གང་ལ་ཡོད། དེ་བས་དཔལ་ཡོན་གཉིས་ལྡན་ཡོང་བའང་དཀའ་བ་ཡིན།
འདི་ལ་ཐབས་ཤིག་ཡོད་པ་ནི་བཅོམ་ལྡན་འདས་ཀྱིས་འདོད་ཡོན་ལ་ཞེན་པ་ལྷོད་པོའི་ངང་ནས་ཡ་རབས་ཚུལ་ལྡན་གྱིས་མཐའ་གཉིས་སུ་མ་ལྷུང་བའི་འཚོ་ཚུལ་ཞིག་བསྟན་པ་དེ་ཉིད་ཡིན་ཏེ། འདུལ་བ་ལུང་ལས། འཚོ་བ་མཐའ་གཉིས་སུ་མ་ལྷུང་བ་སྟེ། འདོད་པ་བསོད་ནམས་ཀྱི་མཐའ་དང༌། ངལ་ཞིང་དུབ་པའི་མཐའ་གཉིས་སྤོང་དགོས་ཞེས་གསུངས་པའི་ཕྱིར་ཏེ། ཧ་ཅང་འདོད་པ་ཆེ་ནས་རྒྱུ་ནོར་མང་པོ་དཀའ་སྡུག་གི་གསོག་འཇོག་བྱེད་པའི་མཐའ་དང༌། ཟས་ངན་པ་བཟའ་ཞིང་གོས་ངན་པ་གྱོན་ནས་ཤིན་ཏུ་ངལ་ཞིང་དུབ་པའི་མཐའ་གཉིས་སྤོང་པར་གསུངས་ཤིང་། འབད་མེད་ཀྱི་ལོངས་སྤྱོད་ཀྱང་དཀོན་པས་གང་མཚམས་ཀྱི་འབད་པ་བྱེད་བཞིན་དུ་ཚད་དང་རན་པའི་འཚོ་བ་ཞིག་སྐྱེལ་བར་སྐུལ་ལོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com