སྦྲ་ནག་ལགས། ངའི་མ་ཡུམ། རྟ་མགྲིན་སྐྱིད།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2013-05-10 16:50:00 ཀློག་གྲངས།:

རུས་མིང་། རྟ་མགྲིན་སྐྱིད།
འཛིན་གྲྭ དམའ་གསུམ་འཛིན་བདུན།

སྦྲ་ནག་ལགས། ངའི་མ་ཡུམ།

        ཀྱེ་ཀྱེ། སྦྲ་ནག་ལགས། ཉིན་འདི་དག་གི་རིང་ལ་ངའི་བརྩེ་དུང་གི་ཆུ་ཁ་ན་རྦ་རླབས་བཞིན་འཕྱོ་བ་ནི་སྦྲ་ནག་ཁྱོད་ཡིན་ལ། ངའི་བསམ་གཞིག་གི་རི་རྩེ་ན་དར་ལྕོག་བཞིན་གཡོ་བའང་སྦྲ་ནག་ཁྱོད་ཡིན། ཐ་ན་ངའི་རྨི་ལམ་གྱི་ཞིང་ཁམས་ན་འགྲིམས་བཞིན་པའང་སྦྲ་ནག་ཁྱོད་ཡིན། རེད་ཡ། ཁྱེད་ནི་རི་ཁ་བ་ཅན་གྱི་དཔྲལ་བའི་མིག་དང་ཁོང་གི་སྙིང་ཡིན། ཁྱོད་མེད་ན་ང་ཚོའི་ཚེ་སྲོག་གི་མར་མེ་ཇི་ལྟར་སྦར། རེད་ཡ། སྦྲ་ནག་ལགས། ཁྱོད་ནི་ང་ཚོའི་ཚེ་སྲོག་གི་བརྟེན་ས་སྟེ། ཁྱོད་དང་ང་ཡི་ཁྲག་རྒྱུན་གཅིག་ཏུ་འདྲེས་ཤིང་། ཁྱོད་དང་ང་ཡི་སྐྱིད་སྡུག་མཉམ་དུ་འབྲེལ་བར་མ་ཟད། ད་དུང་ཁྱོད་དང་ང་ཡི་ལས་དབང་མཉམ་དུ་བསྡེབས་ཏེ་རི་ཁ་བའི་ལྗོངས་ལ་སྨོན་ལམ་འདེབས། རེད་ཡ། སྦྲ་ནག་སྟེ་མ་ཡུམ་ལགས། ངས་ཁྱེད་རང་དེད་དཔོན་དུ་བཀུར་ལ་ཁྱེད་ཀྱིས་ང་ཡི་ཚེ་སྲོག་ལ་མཛུབ་ཁྲིད་གནང་། ང་རང་ཁྱོད་ཀྱི་མཐུ་འོག་ནས་དལ་གྱིས་གཉོམ་ལག་རྒྱས་ཤིང་ཡུན་གྱིས་ནར་སོན་པ་ཡིན་ཏེ། སྦྲ་ནག་ལགས། ཁྱོད་ལ་ཇི་འདྲའི་སྤོབས་སེམས་དང་མཚར་སྡུག་ལྡན། ངའི་གསེར་མདོག་གི་གཞིས་ཁྱིམ་སྟེ། སྦྲ་ནག་ལགས། གལ་སྲིད་ཁྱོད་ནི་ས་རྡུལ་གྱི་ཕྲན་བུ་ཞིག་ཏུ་མངོན་ན། ཡང་ང་ལ་ཁྱེད་ནི་རིན་ཆེན་གྱི་ནོར་བུ་དང་མཚུངས།
        ངའི་གཡང་ཁྱིམ་དྲོན་མོ་སྟེ་སྦྲ་ནག་ལགས། ཁྱོད་ཀྱི་ཤེའུ་ཐིག་རེ་རེ་ལས་གཏིང་ཟབ་ཀྱི་རིག་གཞུང་བརྒྱ་སྟོང་སློབ་ཐུབ། ཁྱེད་ནི་འཛམ་བུ་གླིང་གི་ཀུན་འཛོམས་ཀྱི་དཔེ་དེབ་ཅིག་ཡིན་ཏེ། ས་ཆེན་པོའི་ཡང་སྟེང་ནས་བསྐལ་བརྒྱར་བརྟན་པར་ཤོག  ཁྱོད་ཀྱི་སྤོབས་སེམས་དང་ཁྱད་ཆོས་བསྐལ་བརྒྱར་བརྟན་པར་ཤོགརེད་ཡ། ང་ལ་ཁྱོད་ལས་གཞན་གྱི་མངའ་ཐང་དང་ལོངས་སྤྱོད་དུ་ཇི་འདྲའི་བཅུག་ནའང་ང་ལ་དགའ་བའི་འཛུམ་མདངས་དང་སྐྱིད་པའི་དགོད་སྒྲ་དབེན། ཡིན་ནའང་ཁྱེད་ཀྱི་ཕང་བར་ཟས་གོས་ངན་ངོམ་ལས་མེད་ནའང་ང་རང་སྐྱིད་སྣང་དང་དགོད་སྒྲས་ཁེངས་ཡོད། གལ་སྲིད་ཁང་མིག་ཞིག་ལ་མཚོན་ནས་བཤད་ན་དེ་ལ་བཙག་སེར་བུ་འགོག་པའི་ནུས་པ་དང་ཁྱད་ཆོས་ཇི་འདྲ་ལྡན་རུང་ང་དེ་ལ་ཡིད་སྨོན་ཙམ་ཡང་འཆོར་མ་མྱོང་།ང་རང་ས་གང་དུ་སོང་ཡང་། གནས་གང་དུ་བསྡད་ཀྱང་ཁྱེད་ཀྱི་མཛེས་སྡུག་དང་ཁྱད་ཆོས་དག་སྐལ་བ་མ་སྟོང་བར་དུ་སེམས་ནས་བརྗེད་ག་ལ་སྲིད། ཁྱེད་ཀྱི་མཐུ་འོག་ནས་ང་རང་ཇི་འདྲའི་དཀའ་ཚེགས་དང་ཐབས་ཆག་གི་གནས་སུ་ལྷུང་རུང་ངའི་སེམས་པ་སྔར་བཞིན་སྐྱིད་ཅིང་དགའ་སྣང་གིས་ཁེངས།
        ཀྱེ་ཀྱེ། སྦྲ་ནག་སྟེ་མ་ཡུམ་ལགས། ཁྱེད་ཀྱི་ཁུར་བོ་ལྕི་མོ་མྱུར་མོར་ངའི་རྒྱབ་ལ་ཁོལ་ཅིག  ང་ནི་ཁྱེད་ལ་གྲ་སྒྲིག་བྱས་པའི་རྟ་མཆོག་དེ་ཡིན། ང་ཡི་རྒྱབ་ལ་ཁྱོད་ཀྱི་རྩེ་མོ་དགུང་ལ་བསྙེགས་པའི་རི་བོ་ཞིག་བཀོལ་ནའང་ཁྱེད་ཀྱི་ཆེད་དུ་བང་གིས་རྒྱུགས་ན་འདོད། ཀྱེ་ཀྱེ། སྦྲ་ནག་ལགས། ཁྱེད་ཡོད་པས་ད་གཟོད་བདག་ཡོད་ལ། ཁྱོད་མེད་ན་ང་ཡི་ཚེ་སྲོག་ཀྱང་གང་ལས་འབྱུང་། ང་དང་ཁྱོད་དེ། འུ་གཉིས་ཀྱི་ཐུན་མོང་གི་སྲོག་རྩ་གཅིག་དང་། ཐུན་མོང་གི་སེམས་པ་གཅིག་ཡིན། རེད་ཡ། ང་ཁྱོད་ལ་དགའ་དགའ་སུ་ལ་མི་དགའ་ཞིང་། ང་ཁྱོད་ལ་དུང་དུང་སུ་ལའང་མི་དུང་སྟེ་ངའི་གཡང་ཁྱིམ་དྲོན་མོ། འོན་ཀྱང་བསམ་ཡུལ་ལས་འདས་ཤིང་བློ་ཡུལ་ལ་མི་ཤོང་བ་ཞིག་ནི་ད་ལྟ་ང་ཡིས་ཁྱེད་རང་མཐོང་བ་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན་འདུག  ད་ལྟ་བདག་གིས་ཁྱེད་རང་མཐོང་བ་ཙམ་ཡང་དགའ་བར་འགྱུར་བ་འདི་ཅི་ཞིག་ལན། སྦྲ་ནག་ལགས། ཁྱོད་ཀྱིས་ཤེས་ཏེ། དེ་སྔོན་ཁྱོད་ནི་ང་ཚོ་ལ་མཚོན་ན་རང་ཉིད་སྡོད་སའི་གཞིས་ཁྱིམ་ཡིན་ལ། གཞན་ལ་ངོམ་བྱའི་ཁྱད་ཆོས་ཀྱང་ཡིན། རེད་ཡ། གལ་ཏེ་ཁྱེད་རང་འདི་ལྟར་ཇེ་ཉུང་ནས་ཇེ་ཉུང་དུ་སོང་ན་ང་ཚོས་ཅི་བྱ། ཁྱེད་ནི་ང་ཚོ་ལ་ཞེན་ཆགས་ཙམ་ཡང་མེད་པར་འདི་ལྟར་འགྲོ་དོན་ཅི་ཡིན། ངས་ངོ་མ་ཧ་གོ་མ་སོང་། ཁྱེད་ནི་སྔོན་ཆད་ང་ཚོའི་ཕ་མེས་ཀྱི་མགོ་རུས་འཇོག་ས་དང་བུ་ཕྲུག་གི་ལྟེ་ཁྲག་ཕོད་ས་ཡིན། དེ་མིན་ད་དུང་ཁྱེད་ནི་ང་ཚོའི་སྣང་ངོར་གྲུབ་པའི་པོ་ཏ་ལའི་གསེར་མདོག་དང་ང་ཚོའི་འཚོ་བ་གླུ་རུ་ལེན་པའི་གེ་སར་གྱི་ལྷ་སྒྲུང་དེ་ཡིན་པས། གལ་ཏེ་ཁྱེད་ལ་འགག་མེད་པའི་འདྲེན་སྦུག་ཅིག་ཡོད་ན། དེ་ལས་ང་ཚོའི་སྔོན་ཐོན་གྱི་མི་རིགས་ཤིག་གི་ལྷད་བྲལ་གྱི་བསམ་བློ་དེ་གླུ་རུ་བླངས་ན་ཆོག
        ཨ། རེད་ཡ། སྦྲ་ནག་ལགས། ཕྱིར་འདང་རེ་བརྒྱབ་ན་སེམས་སྐྱ་མོ་གཡོ་འགུལ་ཐེབས་གི  ཡིན་ཡང་ང་ཚོ་འདི་ལྟར་བསྡད་ན་ངོ་མ་རྔོ་མི་ཐོགས་ཏེ། དེ་བས་ང་ཚོས་དུས་དེ་རིང་ནས་བཟུང་སྟེ་རྡོག་རྩ་གཅིག་སྒྲིལ་གྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་བྱ། མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་ཡ། སྦྲ་ནག་ལགས། ཁྱོད་ཀྱིས་ཅུང་ཙམ་སྒུག་དང་ང་ཚོ་སླར་ཡང་ཁྱོད་ཀྱི་མཐུ་འོག་ལ་འོང་ནས་ཚེ་སྲོག་གི་མར་མེ་ལ་འོད་སྣང་སྒྲོན་ཡ། སྦྲ་ནག་སྟེ་མ་ཡུམ་ལགས། ངས་སྐྱེས་བ་ཕྱི་མ་ཡང་ཁྱོད་དང་འུ་གཉིས་ཀྱི་ལས་དབང་གཅིག་ཏུ་ཐེབས་པའི་སྨོན་ལམ་ཡང་ཡང་སེམས་གཏིང་ནས་ཞུ། སྦྲ་ནག་ལགས། སྡོད་ཅིག  གཏན་དུ་སྡོད་ཅིག  ངའི་གཞིས་ཁྱིམ་དྲོན་མོ།

 
 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།