མི་བཤད་ཐུ་མེད་ཀྱི་སེམས་གཏམ། ཚེ་རིང་མཚོ་མོ།
རྩོམ་པ་པོ།:ཚེ་རིང་མཚོ་མོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-11-01 07:14:00
ཀློག་གྲངས།:
རུས་མིང་། ཚེ་རིང་མཚོ་མོ།
འཛིན་གྲྭ། ལོ་རིམ་དགུ་བ།(12)།
ང་ཚོ་སློབ་མ་ཞིག་ལ་མཚོན་ན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་དགོས་པ་དང་རྒྱུགས་གཞི་མང་པོ་ཞིག་ལ་ཞུགས་དགོས་པ་རེད། རྒྱུགས་གཞི་དེ་དག་ནི་སློབ་མ་ཞིག་གི་ལས་དབང་དང་ཐད་ཀར་དུ་འབྲེལ་བ་དམ་པོ་ཡོད་པས་འབྲིང་རྒྱུགས་ལ་གཡུར་དུ་ཟ་བའི་འབྲས་བུ་ལེགས་པོ་ཞིག་ལེན་མ་ཐུབ་ཚེ་མཐོ་རྒྱུགས་ཀྱི་སྒོ་ཐེམ་འགྲིམས་པའི་གོ་སྐབས་ཡེ་ནས་མེད་པ་ལྟར། ང་ཚོ་སློབ་གྲོགས་དག་གིས་དུས་དེ་རིང་ནས་བཟུང་རང་མགོ་རང་གིས་མི་གཡོགས་པར་དུས་ཚོད་དམ་འཛིན་བྱས་ཏེ་འབྲིང་རྒྱུགས་ཀྱི་གཡུལ་ལས་རྒྱལ་བའི་སྟ་གོན་གང་ལེགས་བྱེད་དགོས་ལ་འབྲིང་རྒྱུགས་ཀྱི་འགག་སྒོ་ལས་མཐར་ཐུབ་པའི་གདེང་ཚོད་ཆེན་པོ་ཞིག་ཀྱང་ཡོད་དགོས་པ་རེད།
དྲང་མོར་བཤད་ན་འབྲིང་རྒྱུགས་ནི་ང་ཚོ་དང་བར་ཐག་ཇེ་ཉེ་ནས་ཇེ་ཉེ་ཡིན་པ་མ་ཟད། སློབ་གྲྭས་སྤྱི་མཐུན་སྒོས་སྟེར་དགོས་པའི་གནང་བ་སོགས་ཀྱི་ཉི་མ་ཕུད་པ་ན་ད་གཟོད་ང་ཚོ་ལ་སློབ་སྦྱོང་བྱེད་དབང་ཡོད་པའི་ཉི་མ་ནི་ཉིན་བརྒྱ་དང་དྲུག་ཅུ་ཡས་མས་ལས་མེད་པས་ང་ཚོས་ནངས་སྔ་དགོང་འཕྱི་སྒོས་སློབ་སྦྱོང་ལ་འབད་པ་མ་བྱས་ན་འབྲིང་རྒྱུགས་ལ་འབྲས་བུ་ལེགས་པོ་ཞིག་ལོན་མི་སྲིད་པ་ནི་སྨོས་མ་དགོས་སོ།། ང་ཚོ་ལ་སློབ་སྦྱོང་བྱེད་དབང་གི་དུས་ཚོད་ཤིན་ཏུ་ཉུང་བའི་རྐྱེན་གྱིས་ཁ་ཚ་དགོས་གཏུགས་ཀྱིས་སྒྲུབ་དགོས་པའི་དོན་དག་ཀྱང་མང་པོ་ཞིག་ཡོད་སྲིད་པ་རེད། དཔེར་ན་སློབ་སྦྱོང་བྱེད་སྟངས་ཀྱི་ཆ་ནས་ཀྱང་རང་འགན་རང་གིས་ལེགས་འགྲུབ་བྱེད་དགོས་པ་གཞིར་བྱས་ནས་གཅིག་ནས་དགེ་རྒན་གྱི་སློབ་ཁྲིད་ལ་ནན་ཏན་སྒོས་ཉན་པ་དང་། གཉིས་ནས་སློབ་ཁྲིད་ཀྱི་ནང་དོན་ལ་གཟབ་ནན་སྒོས་དབྱེ་ཞིབ་བྱེད་པ། གསུམ་ནས་མ་བསྐུལ་དང་ལེན་གྱིས་སློབ་སྦྱོང་བྱེད་པའི་ཐབས་ལམ་འདི་གསུམ་གནད་དུ་བཟུང་ནས་དགེ་རྒན་ལ་བརྩི་བཀུར་དང་སློབ་གྲོགས་ལ་མཐུན་སྒྲིལ། སློབ་གྲྭའི་སྒྲིག་ལམ་བརྩི་སྲུང་བཅས་ཕྱོགས་ཡོངས་ནས་འབད་བརྩོན་བྱེད་དགོས་རྒྱུ་ནི་གནད་ཀྱི་དམ་པའོ།།
རང་གིས་སྒྲུབ་དགོས་པའི་འོས་འགན་དང་ལེན་མི་བྱེད་པར་ཉིན་རྒྱུན་འགྲོ་འདུག་སྤྱོད་གསུམ་འཆལ་བོའི་ལས་ལ་ཞུགས་ཚེ་མ་འོངས་པ་ན་ཁྱོད་ལ་ཐོབ་སྲིད་པ་ནི་ཕམ་ཁ་རྐྱང་རྐྱང་ཡིན་པ་སྨོས་མ་དགོས་སོ།། ཁྱད་པར་དུ་འབྲིང་རྒྱུགས་ཀྱི་གཡུལ་ས་ནས་རྒྱལ་མ་ཐུབ་ཚེ་ཁྱོད་ནི་སུས་ཀྱང་ཁས་ལེན་མི་བྱེད་པའི་མི་སྡར་མ་ཞིག་དང་ལ་རྒྱ་དང་ཁོག་དཔུང་མེད་པའི་མི་མདོ་མེད་ཅིག་ཡིན་པ་མ་ཟད། དགེ་རྒན་དང་སློབ་གྲོགས། ཕ་མ་དང་སྤུན་མཆེད་ཀྱི་གདོང་ལ་ཡང་ཁྱོད་ཀྱིས་དུས་ནམ་ཡང་འདག་ཐབས་མེད་པའི་དྲེག་པ་ནག་པོ་ཞིག་ཀྱང་བྱུགས་པ་ཡིན་ལ་སློབ་གྲྭ་དང་ཕ་ཡུལ་གྱི་མཚན་སྙན་ལ་གནོད་པ་བྱེད་མཁན་གྱི་གཏེ་བོ་ཡང་ཁྱོད་རང་ཡིན་ནོ།།སྔ་མོ་ནས་རང་ཉིད་ནི་ཕ་མ་བཟང་བོའི་བུ་ཕྲུག་དང་དགེ་རྒན་བཟང་བོའི་སློབ་མ།སྒོས་སུ་མི་རིགས་འདིའི་མ་འོངས་པའི་བདག་པོ་བྱེད་དགོས་སྟབས་རང་ནུས་གང་ཡོད་སྒོས་སློབ་སྦྱོང་ལ་འབད་བརྩོན་བྱེད་པ་དང་དཀའ་བ་བརྒྱ་ཕྲག་གིས་རང་ཉིད་མི་འཇོན་ཐང་ཅན་ཞིག་ཏུ་འགྱུར་བའི་ཆ་ལ་ནུས་པ་གང་ཡོད་འདོན་དགོས་པ་རེད།
སློབ་གྲོགས་ཚོ། མི་འགྱངས་པར་འབྲིང་རྒྱུགས་ལ་ཞུགས་དགོས་པས་རང་གི་འགྲོ་ལམ་རང་གིས་འཚོལ་དགོས་ཤིང་རང་གི་འགན་ཁུར་རང་གིས་སྒྲུབ་དགོས་པ་ཡིན་པས། དུས་ཚོད་འགོར་འགྱངས་མེད་པར། བསམ་བློ་གཡེང་བ་མེད་པར། རང་སེམས་བསླུ་བ་མེད་པར། སློབ་སྦྱོང་ལ་འབད་པ་བྱས་ཏེ་འབྲིང་རྒྱུགས་ཀྱི་འོས་འགན་ལེགས་འགྲུབ་བྱེད་རྒྱུ་ནི་ཁྱེད་ཀྱི་རྒྱལ་ཁ་དང་ང་ཡི་སྨོན་འདུན། སློབ་གྲྭའི་གཟི་བྱིན་དང་རྒན་གྱི་རེ་བཅོལ་ཡིན། འགྱེལ་ས་ནས་ལངས་དགོས་ལ་ཕམ་ས་ནས་རྒྱལ་དགོས་པའི་གནས་ལུགས་འདི་ཡང་ཡིད་ལ་འཛིན་དགོས། སློབ་གྲོགས་ལགས། འབྲིང་རྒྱུགས་ལས་རྒྱལ་དགོས། ང་ཚོའི་ཕུགས་བསམ་འབྲིང་རྒྱུགས་ལས་མགོ་རྩོམ་དགོས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།