ངོས་དང་པོ > ཆེད་དོན། > མཚོ་སྔོན་པོའི་ཞོགས་ཟེར། > མཐོ་འབྲིང་སློབ་མ་ཀུན་མཁྱེན་གྲགས་པའི་སྒྲུང་ཐུང་གཉིས།
མཐོ་འབྲིང་སློབ་མ་ཀུན་མཁྱེན་གྲགས་པའི་སྒྲུང་ཐུང་གཉིས།
རྩོམ་པ་པོ།:ཀུན་མཁྱེན་གྲགས་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-11-11 10:05:06
ཀློག་གྲངས།:
ཉིན་ཐོ།
ཀུན་མཁྱེན་གྲགས་པ།
ཀུན་མཁྱེན་གྲགས་པ།
Oct.2ed,2021.Saturday. Fine
ས་སྲོད་ཞིག་ལ་ང་རང་རྐང་ཐང་དུ་རང་ཁྱིམ་ལ་ལོག་འདོད་སྐྱེས།
དེ་བས་རྐང་གཟས་ཏེ་གཞུང་ལམ་བརྒྱུད་ནས་སོང་བ་ཡིན། ལམ་བར་དུ་ངས་སྔོན་ཆད་རང་ཉིད་ཁུ་བོ་དང་ཨ་ནེ་སོགས་ཀྱི་ཁྱིམ་དུ་ཞག་མལ་བྱས་ཤིང་། ཁ་ཡ་ན་ཟླ་དག་གི་ཁྱིམ་ནས་ཞག་ལ་ལུས་པའི་གཏམ་རྒྱུད་ཐར་ཐོར་རེ་དྲན་འོངས། མུ་མཐུད་དུ་མདུན་དུ་ཕྱིན་པ་ན། ཉག་ག་དང་དར་ལྕོག་ལ་སོགས་པའི་ལྗོངས་རྣམ་དག་མིག་ལམ་དུ་མངོན་བྱུང་། ཧ་ལམ་སྐར་མ་རེ་གཉིས་ཀྱི་ནང་དུ་ངའི་ཉེ་འགྲམ་ནས་རླངས་འཁོར་དང་འཕྲུལ་རྟ་བར་མེད་དུ་རྒྱུ་བཞིན་འདུག ས་བལྟ་ཡུལ་བལྟ་ཟེར་བ་འདི་ཕ་ཡུལ་ལ་འཕྲོད་མིན་མི་ཤེས་མོད། ད་རེས་ཕ་ཡུལ་གྱི་པང་ནས་ཨུ་ཚུགས་ཀྱིས་ཐ་སྙད་དེ་སྤྱོད་དགོས་བྱུང་། མིག་གཉིས་དལ་མེད་དུ་གཡེང་བས་སྟོན་གྱི་རང་མདངས་དབང་མེད་དུ་ཚོར་འོངས། ཁ་དོག་བསྣོལ་མར་སྡེབ་པའི་ནགས་ཕྲན་ཁོ་ནས་ཀྱང་མི་སེམས་ལ་སིམ་པའི་བདེ་སྣང་འབའ་ཞིག་སྟོབ། བུ་མོ་རེ་འགས་ནགས་གསེབ་ཏུ་པར་ལེན་གྱིན་འདུག ཆུ་ཕྲན་ཤག་ཤག་ཏུ་བཞུར་གྱིན་པར་སྐྱོ་ཉམས་ཤིག་འདྲེས་འདུག རྒྱང་རིང་གི་རྣང་ཞིང་གྲུ་བཞི་དེ། སྟོན་བསྡུས་པ་དང་སོ་ན་གནས་ཡོད་ཚད་ཀྱིས་མུ་འབྲེལ་རི་མོ་ཞིག་བསྒྲིགས་འདུག མོ་ཊ་ཆེན་པོ་ཞིག་ཏུ་ནོར་གནག་མང་པོ་བརྩིགས་འདུག གང་ལྟར་གོ་རྒྱུ་རིག་རྒྱུ་ཤིན་ཏུ་མང་།
སྲོད་ཀྱི་ཉི་འོད་ཀྱིས་ངོ་གདོང་བསྲེགས་པར་རྩོམ། སྟོན་གྱི་དེ་དག་གིས་རེ་ཞིག་རྣམ་ཤེས་ཁྲིད་ཟིན་པའི་ང་སླར་ཡང་གཞུང་ལམ་དུ་ལྷགས། གློ་བུར་ང་རང་རྐང་ཐང་དུ་འགྲོ་མ་འདོད། འཕྲུལ་རྟ་ཞིག་གི་འཕོངས་ལ་ཞོན་ཏེ་རླུང་དང་འགྲོགས་པའི་ཚོར་བ་ཉམས་སུ་མྱངས།
ལྷས་ར་རུ་ཐོན་མ་ཐག་ཨ་ཕྱི་མཐོང་བྱུང་། གང་ཞིག་ལ་མིག་ཟུང་ཅེར་ནས་ཕྲེང་རྡོག་འཕེན་གྱིན་བསྡད་འདུག ཉི་ཟེར་མཐའ་མས་ཡོངས་སུ་བཀླུབས་པའི་རི་བོ་ཅག་ཀྱང་ཇེ་ཆུང་དུ་ཕྱིན། ང་རང་ཨ་ཕྱིའི་ཉེ་འགྲམ་དུ་བཅར་ཚེ། ཨ་ཕྱི་ཁོ་ན་བརྟན་བརླིང་ངང་ཙོག་པར་བསྡད་འདུག ཨ་ཕྱི་དེ་མུར་ཡར་ལངས་ཏེ། ང་ལ་སྟོན་མོའི་གནས་ཚུལ་དྲིས། ངས་ཨ་ཕྱིར་ལན་སྟབས་བདེ་རེ་མ་གཏོགས་འདེབས་མ་ནུས།
ཨ་ཕྱི་ངེད་ཚང་གི་སྡོང་རྒན་དག་གི་མདུན་དུ་འདུག་སྟབས། ངས་མཚར་སྣང་དང་བཅས་ཏེ་ཨ་ཕྱིར་སྐད་ཆ་དྲིས།
ཨ་མ་མ་ཁོ། འུ་ཚང་གི་སྡོང་རྒན་འདི་ཚོ་སྐྱེ་ན་མགྱོགས་ཀ
འོ་ལེ། མྱི་ར་ཨ་ན་མ་ན་རེད། སྐྱེ་རྒ་ན་འཆི་ཟེར་བ་འདི་སེམས་ཅན་ཐམས་ཅད་ལ་ཡོད་ནོ་ཁོ་ཐག་རེད།
འདི་ཚོ་ནམ་ཞིག་ལ་སུ་ཞིག་གིས་བཙུགས་ནི་རེད།
འདི་ཚོ་དེང་མ་འཇིག་རྟེན་རྙིང་བར། ཁྱོའི་ཨ་མྱེ་དང་ངེད་གཉིས་ཀྱིས་གཞིས་འཛིན་དུས་བཙུགས་ནུར། རེ་འགའ་ལོ་མང་འགོར་ནས་ཤི་ཐལ། ད་ཤུལ་ན་ཡོད་ནོ་འདི་དག་རེད།
ཨ་མ་མ་ཁོ། ཁྱོས་འདི་འཛུགས་དུས་ཀྱི་རྣམ་པ་རེ་དྲན་སོས་ཐུབ་རྒྱུ་འེ་རེད། དེ་དུས་ཁྱོ་ལོ་ན་ག་ཚོད་ཡིན་རྒྱུ་རེད།
ལོ་ཉི་ཤུའི་ཡར་མར་ཞིག་ཡིན་ཁད་རེད། ཞི་ལུ། ད་ས་རུབ་ཐལ། སང་ཉིན་ཨ་མས་བཤད། ད་ནུབ་ཚལ་འཐུང་རན་འདུག
ཡ་ཡ།
ང་རང་ཨ་ཕྱིའི་རྒྱབ་གཟུགས་དང་འགྲོགས་ནས་ཁྱིམ་དུ་ལོག
ཧྲག་ཧྲག སྟོན་རླུང་གིས་བདས་པའི་ལོ་མ་སེར་པོ་མང་པོ་རང་དགར་ཐོར་ཡོང། ངས་ལོ་མ་ཞིག་ལག་མཐིལ་དུ་བླངས་ཤིང་། སླར་ཡང་བར་སྣང་ལ་གཅོལ། སླར་ཡང་ས་སྟེང་ལ་ཟགས་ཡོང་།
མུན་ཡོངས་སུ་རུབ་འདུག ང་རང་ཨ་ཕྱིའི་སྡོད་ཤག་ནས་ཕྱིར་རང་ཤག་ཏུ་ལོག སྐར་འོད་ཆེམ་ཆེམ་དང་ཟླ་བ་སྒོར་སྒོར་ལྟ་བུ་མི་འདུག མུན་ཐིབས་པོ་ཞིག་གི་ཁྲོད་ངས་རང་གི་མདུན་ཅོག་བཙལ།
Graffitiདང་པ་ཏྲ་སྦྲགས་མའི་སྙིགས་སྒམ།
ཤོག་བྱང་འདི་དག་རང་ནུས་ཅི་ལྕོགས་ཀྱིས་བཟོས་ཚར་བས་ངས་བྱ་གཞག་གང་ཞིག་རྫོགས་པའི་ཚུལ་གྱིས་བྱ་རྨྱང་རབ་རིབ་ཅིག་བྱས་ཤིང་། མིག་ཟུང་སྒེའུ་ཁུང་གི་ཕྱི་རོལ་ལ་ཅེར་ཏེ། རྟ་ཕོ་རི་ཤོར་ལྟ་བུའི་སེམས་བྱུང་དག་རྡུལ་ཉིལ་ལེར་ཞོགས་ནས་བསམ་གཞིག་ཡིན་ལ་བསམ་གཞིག་མ་ཡིན་པའི་འཇིག་རྟེན་གཞན་ཞིག་འགྲིམས་ཟིན།
“ཁྱོད་ཀྱིས་ཡིག་གཟུགས་དེ་ད་དུང་ཚར་གྱིན་མེད་དམ།”
“སྙིགས་སྒམ་སྟེང་ཅིས་ཀྱང་བོད་ཡིག་ཅིག་བྲི་དགོས།”
“དེ་བཟང་རྒྱུ་མ་རེད། སློབ་གྲོགས་མང་ཤས་ཀྱང་མ་གྲོས་རང་མཐུན་རེད། ད་ནི་ཐུན་མོང་གི་མཐུན་ཕྱོགས་ལྟར་བྱེད་པ་ལས་འོས་མེད།”
ཐོལ་བྱུང་གི་སྐད་འགྲགས་ཤིག་གིས་ངའི་ལྷིང་འཇགས་རྨང་ནས་དཀྲོགས་བྱུང་། ངའི་སྐད་ཆའི་སྐད་སྣེ་ཡང་དུམ་བུར་ཆད་ལ་དེ་མ་ཐག་གྱུར། སྨྲ་མི་ཤེས་པའི་ཚོར་འདུའི་ཤྭ་འོད་དྲག་པོ་ཤིག་གིས་གཤགས་ཏེ་སླར་ཡང་བསམ་གཞིག་གི་འོབས་ལ་དེད།
དོ་ཞག་དགོང་ཚོགས་ནི་རང་སྦྱོང་ཤག་ཤག་ཡིན་པས་ང་ཚོར་རང་དབང་ལྡན་ལ།སྒོས་སུ་ཉིན་འདི་འགར་ལུས་རྩལ་འགྲན་ཚོགས་ལ་སྟ་གོན་བྱེད་བཞིན་པའི་སྒང་ཡིན་སྟབས། སློབ་གྲྭ་ཡོངས་ཟང་ཟིང་འར་འུར་ཡིན་པ་ནི་གདོན་མི་ཟ། ནམ་རྒྱུན་དགོང་ཚོགས་སུ་ཅུང་ལྷིང་འཇགས་སེར་ཡོད་ཅིང་སོ་བསོད་པ་འགོལ་གནས་ཤིག་མིན་ནམ་སྙམ་པའི་ངེད་རྩེར་སོན་འཛིན་གྲྭ་རུ་ཡང་དོ་དགོང་ཚ་ཚ་འུར་འུར་གྱི་ཡོ་ལང་ཆེས་ཆེར་རྒྱས་འདུག
སློབ་གྲོགས་དག་རང་རང་གི་དགའ་ཕྱོགས་མཐུན་ཕྱོགས་ལྟར་ཚོ་སྐོར་བྱས་ཏེ་བསྡད་འདུག་ཅིང་། ཕར་བལྟས་ཚོད་ཀྱིས་ཁོ་ཚོ་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་དོན་ཞིག་ལ་གྲོས་ཁ་སྡུར་བཞིན་པའི་ཚན་རིག་པ་འགའ་ཡིན་པའི་ཉམས་སྣང་སྟེར། ཡང་རེ་འགའ་ནི་རང་རང་གི་འདུག་གནས་སུ་ཁུ་སིམ་པར་གནས་པའི་ཚུལ་ལ་གཞིགས་ན་ཁོ་ཚོ་ནི་མིའི་རིགས་ཀྱིས་ལོགས་སུ་བཀར་བའི་སྒྱུ་རྩལ་པ་རྣལ་མ་ཏག་ཏག་མིན་འགྲོ་སེམས། ང་ནི་སྔ་མར་གཏོགས་པ་འདྲ་ལ་ཡང་མཚམས་རེར་ཕྱི་མའི་བརྟུལ་ཞུགས་ཀྱང་བཟུང་ཡོད། གཞན་ད་དུང་རང་དགར་འཁྱམ་ཉུལ་བྱེད་བཞིན་པའི་“མུ་ཏོ་བ་”རེ་འགའ་ཡང་གདའ།
ལར་སང་ཉིན་ནི་སློབ་གྲྭའི་གཟབ་རྒྱས་ཆེ་ཚུལ་དུ་གྲགས་བཞིན་པའི་ལུས་རྩལ་འགྲན་ཚོགས་ཡིན་མོད། ངེད་འཛིན་གྲྭས་ད་དུང་སློབ་གྲྭས་བཀོད་སྒྲིག་གནང་བའི་ལས་འགན་ཚར་མེད་ལ། འཛིན་གྲྭའི་འབོད་ཚིག་ཀྱང་དེ་རིང་ཉིན་གུང་སྐབས་སུ་ད་གཟོད་ང་ཚོའི་མཐོང་ལམ་དུ་མངོན་པ་ཡིན། ནམ་རྒྱུན་འཛིན་གྲྭའི་སྤྱི་དོན་ལ་སེམས་ཁུར་རམ་གཅུ་གལ་ཡོད་པའི་འཛིན་གཙོ་དང་སློབ་གྲོགས་བུ་མོ་རེ་འགས་སྤྱི་ཁྱབ་ལ་བཀོད་འདོམས་དང་། ཚོ་སྐོར་དག་གི་སྣེ་ཁྲིད་དེ་ཁོམ་གྱིན་མི་འདུག
ཁ་སང་ནས་གྲྭ་སྒྲིག་བྱས་པའི་ངའི་བོད་ཡིག་གི་ཤོག་བྱང་་དག་འདི་ལྟར་མཁོ་མེད་ཆུད་ཟོས་སུ་སོང་བ་རེད་དམ། སྐད་ཆ་དེ་དག་ད་དུང་ཡང་ངའི་རྣ་བར་ལྷགས་རླུང་བཞིན་ཤུར་ཤུར་ཏུ་ལྡང་འོང་།
“བོད་ཡིག་སྙིགས་སྒམ་སྟེང་བྲིས་ན་བརྫད་པ་མིན་ནམ།”
“དེར་མི་ཆོག་པ་ཅི་ཡོད།”
“བོད་ཡིག་ནི་བཀའ་བསྟན་སོགས་རྒྱལ་བའི་གསུང་དང་བཅས་པའི་བཀའ་ཆོས་གསུང་འབུམ་འབྲི་སྤྱད་ཡིན་པ་ལས་གད་སྙིགས་སྒམ་ཞིག་གི་སྟེང་དུ་བྲིས་ན་ཅི་ལ་འོས།”
“དངོས་ནས་བསོད་ནམས་ཟད་པའི་ལས་དེ་འདྲ་བསྒྲུབ་མི་རུང་།”
ལབ་བརྡོལ་མང་པོས་ང་རང་མགོ་རྨོངས་བར་བྱས་ལ། ད་དུང་བོད་ཀྱི་རྒྱན་རིས་ཡིད་དུ་འོང་བ་དེ་དག་ཀྱང་བྲི་མི་རུང་ཚུལ་འཛེར། ང་རང་རེ་ཞིག་བསམ་གཞིག་གི་ཀློང་ལ་ཐིམ་ཞིང་མང་པོ་ཞིག་བཤད་འདོད་ཡོད་ལ་ཡང་ཅི་ཞིག་བཤད་དགོས་པ་མ་ཤེས། དོན་ངོ་མར་འདི་ནི་བོད་ཡིག་ལ་དམའ་འབེབས་ཁྱད་གསོད་བྱེད་སྟངས་ཤིག་ཡིན་ནམ། འདི་ནི་དད་པ་ཡིན་ནམ་ཤེས་རྨོངས་ཡིན། ང་ཚོའི་བག་ཆགས་ཀྱི་ཟབ་ས་ཞིག་ཏུ་ད་དུང་ཡང་འདུ་ཤེས་འདི་འདྲ་རང་ཤུགས་ཀྱིས་ཡིབ་པའི་ཚད་མ་འདིར་ངས་ཆ་འཇོག་ཇི་ལྟར་འཕེར། རིག་གནས་ཀྱི་སྡེ་ཁག་གི་སློབ་གཉེར་པའི་མིང་འཛིན་པ་དག་གི་སེམས་པའི་གཏིང་རིམ་ན་ཡང་འདི་འདྲའི་བསམ་བློ་ཞིག་ཞོ་ལྟར་ཆགས་ཡོད་ན་ང་ཚོར་འཕེལ་རྒྱས་ཤིག་ཡོད་སྲིད་དམ། ངས་འདི་ལྟར་རང་ཉིད་ལ་དྲི་བ་སྣ་ཚོགས་དྲིས་པ་ཡིན། འོན་ཀྱང་ངའི་ཉི་ཚེ་བའི་ནང་སེམས་ཀྱི་འཇིག་རྟེན་གྱིས་འདིར་དོན་མཐུན་གྱི་ལན་ཞིག་མ་རྙེད།
ངས་ཀྲོང་ངེར་འགྱིང་བའི་སྙིགས་སྒམ་དེ་དག་ལ་འབུར་ཚུགས་སུ་བལྟས་པ་ཡིན། ལ་ལ་ནི་ཐབ་ཀའི་དབྱིབས་ལྟར་ནར་མོ་དང་། ལ་ལ་ནི་ལྟོ་ལྟིར་ཞབས་ཞུམ་བུམ་པ་ལྟ་བུ།ལ་ལ་ཁང་བའི་འདྲ་གཟུགས་བཞིན་ཀྲོང་ཀྲོང་དུ་འདུག འོན་ཀྱང་ཁྲ་ཁྲ་རིག་རིག་གི་སྙིགས་སྒམ་དེ་དག་གིས་ངའི་འདྲེན་བྱེད་ཟུང་གི་དང་བ་འདྲེན་མ་ནུས། རྒྱུ་མཚན་དེ་དག་ལ་སྐད་ཡིག་གི་གཟུངས་ཞུགས་མི་འདུག
ཁོ་ཚོས་དྲྭ་ཐོག་ནས་ཇུས་འགོད་བྱས་ཟིན་པའི་སྙིགས་སྒམ་གྱི་པར་རིས་འགའ་ལ་ལད་མོ་བགྱིས་ཏེ་དེར་བཟོ་བཅོས་ཅུང་ཟད་བརྒྱབ་ནས་བཟོས་པ་ལས་ཁྱད་ཆོས་གཞན་ཅི་ཡང་མ་མཐོང་། ད་ནི་ང་ཡང་ཚོ་ཆུང་ཞིག་ཏུ་གསབ་ཞུགས་བྱེད་དགོས་པས་རེ་རེ་ནས་མྱུལ་བ་ན་བློར་འབབ་པའི་སྒམ་གྲུ་བཞི་མ་སྙིང་རྗེ་མོ་ཞིག་འདུག སློབ་གྲོགས་བུ་མོ་རེ་འགའ་དེར་འཚོགས་ཡོད་མོད་ད་དུང་ཇུས་འགོད་ཅི་ཡང་བྱས་མི་འདུག ངས་ནི་འཛུམ་དམུལ་དམུལ་གྱིས་སྒམ་འདི་ཡག་ཚུལ་དང་དེར་ཇུས་འགོད་ཀྱི་ཆ་རྐྱེན་འཛོམས་ཚུལ་སོགས་ལབ་པས་ང་རང་དེ་མ་ཐག་དེའི་ཚོགས་མིར་གྱུར། ང་ཚོས་སྒམ་ཆུང་འདིར་ཇི་ལྟར་བཟོ་བཀོད་ཀྱི་འཇའ་རིས་བསྟར་དགོས་པའི་ཕྱོགས་ལ་གྲོས་བྱས་པ་ཡིན། ཏཱ་རེ་ནས་ཐོལ་བྱུང་དུ་ང་ཚོས་རང་རང་ལ་གི་ལག་པ་ཚོན་ལ་བསྒྲེས་ནས་སྙིགས་སྒམ་སྟེང་ཕབ་ན་ཅི་འདྲ་ཞེས་ལབ་བྱུང་། ངའི་ཀླད་པའི་ངོགས་སུ་Graffiti (涂鸦)ཡི་སྒྱུ་རྩལ་ཤར་མར་མངོན་ལ། གྲོས་གཞི་དེ་ཤིན་ཏུ་རྨད་སྙམ་བྱུང་། དེ་ནས་རིམ་གྱིས་སྒམ་ཆུང་ལ་ཕྱི་ཤུན་ཤོག་དཀར་གྱོན་ཞིང་། ཀ་གཟུགས་དང་ཆ་འདྲ་བའི་ཚུགས་ཀ་ཙམ་དུ་བྱས། ཁོ་མོ་ཚོས་ཁ་དོག་སྣ་ལྔའི་ཚོན་ཁུའི་ནང་ལག་པ་བསྒྲེས་ནས་སྙིགས་སྒམ་སྟེང་ཕབ། མེ་ཏོག་གིས་ང་ལ་“ཁྱོད་རང་གློ་དམར་ལ་དགའ་བ་མིན་ནམ་”ཞེས་ཚོན་ཕོར་ཞིག་བྱིན་བྱུང་བས་ང་རང་ཅུང་དོགས་མི་བདེ་བ་བྱུང་། ཅུང་ཙམ་ནས་་རང་གི་ཕྱག་རྒྱ་སྟངས་སྟབས་དང་བཅས་སྙིགས་སྒམ་སྟེང་ཕབ། བདེ་སྒྲོལ་གྱིས་བྲིས་པའི་dustbinདེ་སྙིགས་སྒམ་གྱི་ལྟོ་བར་སྦྱར། ང་རང་གིས་སྔ་མོ་ནས་ཉེར་བསྡོགས་བྱས་ཡོད་པའི་དབུ་ཅན་དབུ་མེད་འདྲེས་ཤིང་། སྨྱུག་ཁ་ཅུང་འཁྱིལ་བ་དང་བཅས་“སྙིགས་སྒམ་”ཞེས་བྲིས་ཡོད་པ་དེ་ལྟག་རྒྱབ་ཀྱི་མགོ་ལ་བྲིས། ཀླད་ཀྱི་གད་སྙིགས་འཕེན་སའི་ཁའི་ཡས་མས་སུ་པ་ཏྲའི་རྒྱན་རིས་གཡུ་འབྲུག་འཁྱུག་འདྲ་ལྟ་བུ་ཞིག་གིས་བརྒྱན། གཞོགས་གཡས་གཡོན་གཉིས་སུ་དཔལ་བེའུ་དྲུག་ལོང་གཉིས་གྲུམ་ཤ་ལྷོད་པོར་ཇུས་འགོད་བྱས། ད་ནི་ལས་ཀ་དག་བསྲིབས་ཚར་སོང་། ཕོ་རབ་གཅིག་གི་བློ་གྲོས་ལས་ཕོ་འབྲིང་གསུམ་གྱི་གྲོས་བཟང་དགའ་ཟེར་བ་ཡང་མིན་ནམ་སྙམ་བྱུང་། བོད་ཕྱིའི་ལུགས་གཉིས་སྤེལ་མར་བྱས་པའི་སྙིགས་སྒམ་འདིར་སང་ཉིན་གཞན་གྱི་མིག་གི་དགའ་སྟོན་དང་སེམས་ཀྱི་གསོས་སུ་འགྱུར་བའི་གདེང་ཡང་རྙེད་བྱུང་། གལ་སྲིད་སྙིགས་སྒམ་འདི་སང་ཉིན་འགྲན་སྡུར་ལ་ཞུགས་དགོས་པའི་མོ་རྡིར་(model)ཞིག་ཡིན་པའི་དབང་དུ་བཏང་ན་ཁོ་མོས་ལྟག་རྒྱུས་སྦྲེང་སྦྲེང་དང་། མགོ་བོ་སྒྱེད་སྒྱེད། འགྱིངས་སྟབས་ཡོར་ཡོར་གྱིས་གོམ་སྟབས་བསྒྱུར་ཆོག་པ་ནི་གོར་མ་ཆག
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།