མང་རྫོང་མི་རིགས་སློབ་འབྲིང་གི་དམའ་གཅིག་འཛིན་གྲྭ་གཉིས་ཀྱི་ཉིན་ཐོ་བདམས་བཏུས།

རྩོམ་པ་པོ།:འབྲོང་ཕྲུག་ལྷ་ཆེན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-01-27 10:56:07 ཀློག་གྲངས།:
འཚོ་བའི་ཁྲོད་ཀྱི་ཉིན་ཐོ། ཉིན་ཐོའི་ནང་གི་འཚོ་བ།
                                     ---དམའ་གཅིག་འཛིན་གྲྭ་གཉིས་ཀྱི་ཉིན་ཐོ་བདམས་བཏུས།

ཉིན་ཐོ།
དམའ་གཉིས་གཉིས་པ། ཀུན་ཐར་ཚེ་རིང་།
        ཟླ༦པའི་ཚེས༡༩ཉིན། གཟའ་ཉི་མ། ཉི་མ་དྲོ།
        ཁ་སང་། ཨ་མ་དང་ངེད་གཉིས་མཉམ་དུ་ཚོང་རར་སོང་བ་ན། ཨ་མས་བདག་ལ་ཁ་དོག་མཛེས་ཤིང་དབྱིབས་ལེགས་པའི་ཆར་གདུགས་ཤིག་ཉོས་པས། བདག་ལ་དགའ་སྤྲོ་ཚད་མེད་པ་ཞིག་སྐྱེས་བྱུང་།
        ད་ནངས། བདག་སྔ་མོར་ལངས་ནས་བོད་ཡིག་བློར་འཛིན་དུ་སོང་བ་ན། གནམ་ངོ་གློ་བུར་དུ་རུབ་ནས་ཆར་བ་ཆེན་པོ་ཞིག་བབས་བྱུང་། གནས་ཚུལ་འདི་འདྲ་མཐོང་བས་བདག་ལ་དགའ་སྤྲོ་ཚད་མེད་པ་ཞིག་སྐྱེས་བྱུང་། རྒྱུ་མཚན་ནི་ད་ནི་བདག་གིས་ཨ་མས་ཉོས་པའི་ཆར་གདུགས་དེ་བཀོལ་ཐུབ་སོང་བ་རེད།
        བདག་གིས་ཆར་བ་ཞིག་ལ་རེ་སྒུག་བྱེད་དོན་ཀྱང་དེ་ཡིན།

ཉིན་ཐོ།
དམའ་གཉིས་གཉིས་པ། བྱམས་པ་སྐྱིད།
        ཟླ༡༡པའི་ཚེས༤ཉིན། གཟའ་ཕུར་བུ། གནམ་ངོ་དྭངས།
        དེ་རིང་། བདག་གིས་སྤྲོ་སྐྱིད་ལྡན་པའི་རང་ཁྱིམ་ལ་གཙང་སྦྲ་བྱས་ཚར་རྗེས། ཨ་མས་བདག་ལ་ཁྱོད་ཀྱིས་རང་ཉིད་ཀྱི་ཁྱིམ་འདི་ནི་སྤྲོ་སྐྱིད་ལྡན་པ་ཞིག་ཡིན་པ་ཤེས་སམ་ཞེས་དྲིས་བྱུང་། སྐབས་དེར། བདག་གིས་ཨ་མ་ལ་རོགས་བྱས་ནས་ཁྱིམ་ལས་བྱེད་ཀྱིན་ཡོད་པས། ཁོ་མོར་ལན་འདེབས་དོན། ལོས་ཤེས་ཏེ། འཇིག་རྟེན་འདིར་ལྟེ་ཁྲག་འཕོས་པ་ནས་བཟུང་། སོ་སོར་སྐྱིད་ན་སྐྱིད་གླུ་ལེན་ས་དང་སྡུག་ན་མིག་ཆུ་འཕོ་སའི་ཁྱིམ་གཞི་དྲོན་མོ་ཞིག་ཡོད་པ་དང་། དེ་ནི་རང་ཡུལ་བྲག་ཁུང་ཡིན་ཡང་སྐྱིད་ཟེར་བའི་དཔེ་ལྟར་ཁྱིམ་གྱི་ཆ་རྐྱེན་ལ་བཟང་ངན་ཡོད་ཀྱང་། བདག་ལ་མཚོན་ན་སོ་སོའི་ཁྱིམ་གཞི་ནི་རང་ཉིད་ལ་ཆེས་བརྩེ་དུང་ཡོད་ས་དང་ཆེས་དྲོད་ཁོལ་ལྡན་ས་དེ་ཡིན་ཞེས་བཤད་པ་ཡིན།
        བདག་གིས་འདི་ལྟར་བཤད་པ་ན། ཨ་མ་ཡང་སེམས་འགུལ་ཐེབས་ནས། བུ་མོ་ཁྱོད་ནི་ཅི་འདྲའི་ཡ་རབས་ཤིག་རེད། ད་ནི་ཁྱོད་ཀྱིས་བསམ་ཤེས་འདུག་ཟེར། སྐབས་དེར། ཨ་ཕ་ཡང་ཁྱིམ་དུ་ཡོང་ནས་བཤད་རྒྱུར། བུ་མོ་ཁྱོད་ཀྱིས་སློབ་སྦྱོང་ལ་འབད་པ་བྱེད་དགོས། ཕ་མ་གཉིས་ཀྱིས་ཁྱོད་ཀྱི་ཆེད་དུ་སྡུག་ཅི་ཡང་འདག་ཐུབ་ཟེར། བདག་གིས་ཨ་ཕ་ལ། ཁྱེད་དྲིན་ཆེན་ཕ་མ་གཉིས་ཀྱིས་བུ་མོ་བདག་གི་ཆེད་དུ་སྡུག་མང་པོ་མྱངས་པ་ཤེས་ཡོད། ཁྱེད་གཉིས་ཀ་གཞན་དང་མི་འདྲ་བའི་གཤིས་ཀ་བཟང་བོ་རེ་ཡོད་པས། ཁྱིམ་ཚང་འདིའི་དོན་དག་ཆེ་མ་ཆུང་གསུམ་གང་ལའང་སེམས་ལྷོད་ལ་བབས་ནས་ནང་གྲོས་བྱེད་པ་ལས། ཕན་ཚུན་ལ་རྩོད་པ་དང་འཁོན་འཛིང་ཅི་ཡང་བྱུང་མ་མྱོང་བ་ནི་བུ་མོ་བདག་གི་བདེ་སྐྱིད་ཅིག་རེད་ཅེས་བཤད་པ་ན། ཁོ་གཉིས་ལ་སེམས་འགུལ་ཆེན་པོ་ཐེབས་པར་མ་ཟད། ཨ་མ་དགའ་ནས་མིག་ཆུའང་ཤོར་སོང་།

ཉིན་ཐོ།
དམའ་གཉིས་བརྒྱད་པ། མགོན་མོ་ཐར།
        ཟླ༡༡པའི་ཚེས༢༢ཉིན། གཟའ་ཟླ་བ། གནམ་གཤིས་བཟང་།
        དེ་རིང་གི་གནམ་གཤིས་ནི་ཧ་ཅང་བཟང་ལ། སེམས་ཁམས་ཀྱང་ཧ་ཅང་སྐྱིད་པའི་ཉིན་མོ་ཞིག་རེད། 
        དེ་རིང་། ཨ་ཕྱིས་སིལ་ཏོག་ཁུག་མ་གང་ཉོས་ཡོང་ནས་སྒེའུ་ཁུང་ཁར་བཞག་ཡོད། གློ་བུར་སྒོ་ཁ་ནས་བྱིས་པ་ཞིག་གི་ངུ་སྐད་གྲགས་བྱུང་། ཨ་ཕྱི་བྲེལ་འཚུབ་ངང་སྒོ་རུ་སོང་ནས་བལྟས་པ་ན། ངེད་ཚང་གི་ཁྱིམ་མཚེས་བཀྲ་ཤིས་ཀྱིས་སིལ་ཏོག་བརྐུས་པར་མ་ཟད། སེམས་ཆུང་མ་བྱས་པར་ཐང་ལ་འགྱེལ་བ་ཡིན་འདུག བདག་གིས་རྐུན་ཕྲུག་དེ་ལ་སྡུག་གྱོང་རེད་སྙམ་ནའང་། ཨ་ཕྱིས་དེ་ལས་ལྡོག་སྟེ་བཀྲ་ཤིས་ཡར་བསླངས་ནས་ངུ་ཁ་བླངས་པར་མ་ཟད། ད་དུང་སིལ་ཏོག་མང་པོ་བྱིན་ནས་འགྲོ་རུ་བཅུག་པ་རེད།
        ཨ་ཕྱིས་བཤད་ན། སིལ་ཏོག་ནི་ཚང་མས་མཉམ་ཟ་བྱས་ན་ད་གཟོད་ཞིམ་ཟེར། སྐད་ཆ་དེ་ལ་ཉན་རྗེས། བདག་ནི་རང་གི་དྲན་ཚུལ་དེ་ལ་ངོ་གནོང་ཞིང་སླད་མར་ཟས་ཞིམ་པོ་གང་ཡོད་ཁྱིམ་མཚེས་བྱིས་པ་དག་དང་མཉམ་ཟ་མཉམ་འཐུང་བྱེད་དགོས་སྙམ་སོང་།

ཉིན་ཐོ།
དམའ་གཉིས་གཉིས་པ། རྟ་མགྲིན་ཚེ་རིང་།
        ཟླ༡༡པའི་ཚེས༡༥ཉིན། གཟའ་ཉི་མ། གནམ་ངོ་རུབ།
        དེ་རིང་སྔ་མོར། སློབ་གྲོགས་ཚོའི་སེམས་ལ་དགའ་བ་དང་གདོང་ལ་སྤྲོ་བས་ཁེངས་འདུག ཁོ་ཚོས་སྔ་མོ་ནས་འགྲེ་ལྡོག་ཅིག་བརྒྱབ་ནས་མལ་ལས་ལངས་ཤིང་སེམས་ལྷོད་པོས་ཁ་ལག་བཀྲུས་རྗེས། ལག་ཏུ་ཁུག་མ་སོགས་ཁྱེར་ནས་སློབ་ཁང་གི་ཕྱོགས་སུ་རྒྱུག་པར་བྱེད། སློབ་ཁང་དུ་འགྲོ་བའི་ལམ་བར་དུའང་ཕན་ཚུན་བར་ལ་དགའ་བའི་འཚམ་འདྲི་བྱེད་པའི་སྒྲ་དང་དགོད་སྒྲ་སོགས་གསལ་བོར་ཐོས་ཐུབ།
        ནངས་ཇ་འཐུང་རྗེས། སློབ་གྲོགས་ཚོས་རང་རང་གི་ཁུག་མ་ཁྱེར་ནས་སློབ་ཁྲིད་ཐོག་ཁང་གི་ཕྱི་རོལ་དུ་གྲལ་འགྲིག་མོར་བསྒྲིགས་འདུག ཕྱི་རོལ་གྱི་ནམ་ཟླ་ཧ་ཅང་འཁྱག་ནའང་ཁོ་ཚོས་ངོ་གདོང་དམར་པོར་གྱུར་པ་ལ་ཅི་མི་སྙམ་པར། ནང་སེམས་སུ་དྲོད་ཁོལ་དང་དགའ་སྤྲོས་ཁེངས་ཡོད་པར་འདུག་པ་དེ་ནི་ཅིའི་ཕྱིར་ཡིན་ནམ།
ཨོ། མ་གཞི་དེ་རིང་ནི་ཟླ་གནང་སྟེར་བའི་ཉིན་མོ་ཡིན་པས་སོ། །

ཉིན་ཐོ།
དམའ་གཉིས་བརྒྱད་པ། མཆོག་ལྡན་རྡོ་རྗེ།
        ཟླ༡༡པའི་ཚེས༡༦ཉིན། གཟའ་ཟླ་བ། གནམ་གཤིས་བཟང་།
        དེ་རིང་། བདག་ནངས་སྔ་མོར་ལངས་ཏེ། སྐྱ་རེངས་ཤར་བ་དང་ལྷན་དུ་གྲང་ངར་ལ་བཟོད་བསྲན་བྱས་ནས་བོད་ཡིག་བློར་བཟུང་བ་ཡིན། ཡུད་ཙམ་འགོར་རྗེས། འབྲི་མོའི་ངུར་སྒྲ་དང་མི་ཡི་སྐད་སྒྲ་སྣ་ཚོགས་ཁྲོད་དུ་ཁྱིམ་མཚེས་ཚང་གིས་ནོར་ཁྱུ་རྩྭ་རའི་ནང་དུ་དེད་སོང་། སྐབས་དེར། བདག་གིས་ཀྱང་བློར་འཛིན་མཚམས་བཞག་ནས་ངེད་ཚང་གི་ནོར་ཁྱུ་རྩྭ་རའི་ནང་དུ་དེད་པ་ཡིན།
        དེ་རིང་ནི་བདག་ནོར་རྫི་བྱེད་ཐེངས་དང་པོ་ཡིན་ལ། རྫ་མགོར་འགྲོ་ཐེངས་ཀྱང་དང་པོ་ཡིན་པས། ཁྱིམ་མཚེས་ཚང་གི་བྱིས་པ་དང་ངེད་གཉིས་ཀྱིས་ནོར་ཁྱུ་བསྲེས་ནས་རྩྭ་རའི་ནང་དུ་བརྒྱབ་པ་དང་། མདུན་ཕྱོགས་ཀྱི་ཅུང་མཐོ་བའི་རི་རྩེ་ཞིག་ལ་འགོས། རི་རྩེ་དེ་རུ་ངེད་གཉིས་ཀྱིས་བྲོ་ཁ་ཅུང་ཙམ་ཟོས་པ་དང་། སྐབས་ཤིག་ལ། ནོར་ཁྱུ་ཁྱིམ་ཚང་གཞན་པ་ཞིག་གི་རྩྭ་རའི་ནང་དུ་ལྡིང་རྩིས་བྱས་པ་ལ། ཁྱིམ་མཚེས་ཚང་གི་བྱིས་པས་ཀི་ཞིག་བཏབ་སྟེ་ནོར་ཁ་ཕྱིར་བླངས།
        ཁྱིམ་མཚེས་ཚང་གི་བྱིས་པ་དེ་བདག་ལས་ཆུང་ནའང་། ཁོ་ནི་ཆུང་དུས་ནས་ནོར་རྫི་ལ་འགྲོ་ལོབས་བྱས་ཡོད་པས། བདག་ལས་ལྡབ་འགྱུར་གྱིས་ཕྱུགས་ཟོག་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་རེད། ཡང་སྐབས་ཤིག་ལ། བདག་གི་ཕོ་བ་ཅུང་ལྟོགས་པའི་ཚོར་བ་བྱུང་བ་ན། ཁྱིམ་མཚེས་ཚང་གི་བྱིས་པས་རི་ངོས་ནས་ལོ་མའི་དབྱིབས་དང་འདྲ་བའི་ལྡུམ་བུ་ཆུང་ཆུང་འགའ་བཏུས་ཡོང་བ་དང་། དེ་ནི་ཅུང་སྐྱུར་ལ་ཞིམ་པ་ཞིག་ཀྱང་རེད། དེར་མ་ཟད། ཁོས་བདག་ཁྲིད་ནས་ནགས་གསེང་དུ་སོང་བ་ན། འབྲི་སིལ་ཞེས་པའི་རི་སིལ་དམར་པོ་ཞིག་བཏོགས་པ་དེ་ནི་དེ་བས་ཀྱང་ཞིམ་པོ་འདུག
        སྐབས་དེར། བདག་གི་སེམས་ལ་མ་གཞི་ཁྱིམ་མཚེས་ཚང་གི་བྱིས་པ་ལྟ་བུའི་རང་ལས་ཆུང་བའི་བྱིས་པ་དག་ལས་ཀྱང་ཤེས་བྱ་དང་ཉམས་མྱོང་མང་པོ་ལེན་རྒྱུ་ཡོད་པ་རེད་བསམ་བྱུང་།
 
ཉིན་ཐོ།
དམའ་གཉིས་གཉིས་པ། སྐལ་བཟང་ཐུབ་བསྟན།
        ཟླ༡༡པའི་ཚེས༡༦ཉིན། གཟའ་ཟླ་བ། གནམ་ངོ་དྭངས།
        ད་ནངས་སྔ་མོ་ནས་མལ་ལས་ལངས་རྗེས། བདག་གིས་སྐད་ཡིག་གི་དཔེ་ཆ་ལག་ཏུ་བཟུང་སྟེ་བློར་འཛིན་དུ་སོང་བ་ཡིན་ལ། སྲིང་མོས་ཀྱང་ལག་ལ་དཔེ་ཆ་ཞིག་བཟུང་ནས་སློབ་ཚན་ཀློག་འདོན་བྱེད་དུ་སླེབས་བྱུང་། སྐབས་ཤིག་ལ། ཨ་ཕ་ཡོང་ནས་བདག་ལ་ངེད་གཉིས་ནོར་རྫི་ལ་འགྲོ་ཟེར།
        ཨ་ཕ་དང་ངེད་གཉིས་ཀྱི་ནོར་ཁྱུ་དེད་ནས་རྫ་མགོར་འགྲོ་བའི་སྐབས་སུ། ཁོས་བདག་ལ་གནའ་གཏམ་ཞིག་བཤད་པ་ནི་འདི་ལྟ་སྟེ། རི་བོང་ཞིག་ཤིང་གི་ཡལ་ཀ་ཆུ་ནང་དུ་ལྷུང་བའི་སྒྲར་འདྲོག་ནས་བྲོས་པ་ལ་གཅན་གཟན་རི་དྭགས་མང་ཤོས་རྒྱུ་མཚན་མེད་པར་འདྲོག་ནས་བྲོས་པ་ན། སེང་གེ་ཞིག་གིས་རྒྱུ་མཚན་གསལ་བོར་བརྟག་པ་ཞིག་གོ །
        ཨ་ཕས་གནའ་གཏམ་དེའི་ཁ་བྱང་ལ་རི་བོང་ཅལ་འདྲོགས་ཟེར་ཞེས་བཤད་བྱུང་། ངས་གནའ་གཏམ་འདིའི་ནང་དུ་ང་ཚོ་མི་སུ་ཞིག་གིས་དོན་དག་ཅི་ཞིག་སྒྲུབ་རུང་། སྔོན་ལ་བརྟག་དཔྱད་ཞིབ་མོ་ཞིག་བྱས་རྗེས་ད་གཟོད་སྒྲུབ་ན་འགྲིག་པའི་གནས་ལུགས་བསྟན་ཡོད་པ་དེ་ཤེས་སོང་།

ཉིན་ཐོ།
དམའ་གཉིས་བརྒྱད་པ། བསྟན་འཛིན་དཔལ་འཛོམས།
        ཟླ༡༡པའི་ཚེས༡༦ཉིན། གཟའ་ཟླ་བ། གནམ་ངོ་དྭངས།
        ངེད་ཚང་གིས་བྱ་ཕོ་ཞིག་གསོས་ཡོད།
        བྱ་ཕོ་དེ་ལ་གོམས་གཤིས་ངན་པ་ཞིག་ལོབས་ཡོད་པ་ནི། བདག་ནངས་སྔ་མོར་ལངས་ནས་བོད་ཡིག་གི་སློབ་ཚན་བློར་མ་བཟུང་ན། ཀོ་ཀོ་དང་ཀག་ཀག་ཅེས་སྐད་ངན་བསྒྲགས་ནས་གཉིད་དུ་མི་འཇུག་པ་རེད། དེ་ནི་ངོ་མ་སུན་སྤྱད་ཅིག་རེད།
དེ་རིང་དྲོས་ཇར། བདག་གིས་མདོག་དམར་པོ་ཅན་གྱི་ཚི་ལེན་ཞིག་གྱོན་ནས་སྒོར་བུད་པ་ན། བྱ་ཕོ་དེས་སླར་ཡང་ཀོ་ཀོ་དང་ཀག་ཀག་ཅེས་བདག་ལ་མཆུ་གཙག་བྱས་ནས་འདུག་ཏུ་མི་འཇུག་པ་རེད། མ་གཞི། བདག་གིས་བྱ་ཕོ་ལ་དྲོས་ཇ་ལྡུད་རྒྱུ་བརྗེད་སོང་བས་རེད།

ཉིན་ཐོ།
དམའ་གཉིས་གཉིས་པ། ཀུན་སྐྱིད་སྒྲོལ་མ།
        ཟླ༡༡པའི་ཚེས༡༧ཉིན། གཟའ་མིག་དམར། གནམ་ངོ་རུབ།
        དེ་རིང་། བདག་སྔ་མོར་མལ་ལས་ལངས་མ་ཐུབ། རྒྱུ་མཚན་ནི་ཁ་སང་དགོང་མོར་རང་གི་སྐྱེས་སྐར་ལ་རོལ་ནས་དུས་ཚོད་འཕྱི་བོ་བྱུང་སོང་བས། དུས་ཚོད་དམ་འཛིན་བྱས་ནས་ངལ་གསོ་མ་ཐུབ་པའི་རྐྱེན་གྱིས་ཡིན།
        ད་ནངས། བདག་གིས་དཔེ་ཆ་ཞིག་ལ་བལྟས་པ་ཡིན། དཔེ་ཆ་དེའི་ནང་དུ་ཆེ་བཀུར་ཆུང་བྱམས་ཀྱི་སྐོར་བཤད་ཀྱིན་ཡོད་པ་རེད། བདག་གིས་དཔེ་ཆར་བལྟས་ནས་ཡུད་ཙམ་འགོར་བ་ན། གློ་བུར་དུ་ནུ་བོ་དང་ནུ་མོ་གཉིས་ཀྱིས་རྡུང་རེས་བྱེད་ཀྱིན་པ་མཐོང་། བདག་ཕར་སོང་ནས་ཁོ་གཉིས་ལ་བར་བཀག་སྟེ། མིང་སྲིང་བར་དུ་མཛའ་མཐུན་གྱི་འབྲེལ་བ་དམ་དགོས་པའི་གནས་ལུགས་བཤད་པ་དང་། ཁོ་གཉིས་ལ་ད་ཅི་བདག་གིས་བལྟས་པའི་དཔེ་ཆ་དེའི་ནང་དོན་བཤད་པ་ཡིན། དཔེ་ཆའི་སྟེང་གི་གནས་ལུགས་མཐོང་རྗེས་ཁོ་གཉིས་ཀྱིས་ཀྱང་ཕན་ཚུན་ལ་དགོངས་དག་ཞུས་པ་རེད།

ཉིན་ཐོ།
དམའ་གཉིས་བརྒྱད་པ། རྡོ་རྗེ་འབུམ།
        ཟླ༡༡པའི་ཚེས༡༦ཉིན། གཟའ་ཟླ་བ། གནམ་ངོ་ཐང་།
        དེ་རིང་། ང་ཚོ་ལ་ཟླ་གནང་བྱིན་པའི་ཉིན་གཉིས་པ་ཡིན་པས། བདག་སྔ་མོར་ལངས་ནས་སྐད་ཡིག་སློབ་ཚན་བློར་འཛིན་པ་དང་ལས་བྱ་འབྲི་མགོ་བརྩམས་པ་ཡིན།
        བདག་གིས་ལས་བྱ་བྲིས་ནས་ཚར་ལ་ཉེ་བའི་སྐབས་དེར། བདག་གི་གྲོགས་པོ་བཀྲ་ཤིས་ངེད་ཚང་ལ་ཡོང་ནས་ངེད་གཉིས་སྤོ་ལོ་རྩེད་དུ་འགྲོ་ཟེར། དེ་ནས་ངེད་གཉིས་ཀྱི་སྤོ་ལོ་རྩེད་དུ་འགྲོ་སྐབས། ལམ་བར་དུ་སྒོར་ཁུག་སྨུག་པོ་ཞིག་རྙེད། སྒོར་ཁུག་ནང་དུ་སྒོར་སུམ་བརྒྱ་དང་དངུལ་བྱང་སོགས་ཡོད་པ་རེད། སྐབས་དེར།  གྲོགས་པོ་བཀྲ་ཤིས་ཀྱིས་བདག་ལ་ངེད་གཉིས་མྱུར་དུ་སྒོར་ཁུག་གི་བདག་པོ་འཚོལ་དུ་འགྲོ་ཟེར། དངོས་གནས།  བཀྲ་ཤིས་ཀྱིས་སྒོར་ཁུག་ནང་གི་དངོས་པོ་གཅིག་ཀྱང་ལྷག་ལུས་མེད་པར་བདག་པོར་སྤྲད་བྱུང་། བདག་པོས་ངེད་གཉིས་ལ་མཐེ་བོང་སྒྲེང་ནས་བསྟོད་པ་དང་བཀའ་དྲིན་ཞུས།
        དུས་དེ་ནས་བཟུང་། བདག་གིས་གྲོགས་པོ་བཀྲ་ཤིས་ནི་བྱིས་པ་ཡ་རབས་ཤིག་ཡིན་པ་དང་། གཞན་དངོས་རྙེད་ཀྱང་རང་གིས་མི་ལེན་པར་ཕྱིར་བདག་པོར་སྤྲོད་པའི་བསམ་པ་དེས་བདག་ལ་སེམས་འགུལ་ཐེབས་སུ་བཅུག་པས། བདག་གིས་ཀྱང་བཀྲ་ཤིས་ཀྱི་ཀུན་སྤྱོད་དེ་ལ་སློབ་སྦྱོང་བྱེད་རྒྱུ་སེམས་ཐག་བཅད་པ་ཡིན་ནོ། །

ཉིན་ཐོ།
དམའ་གཉིས་བརྒྱད་པ། རྟ་མགྲིན་སྐྱིད།
        ཟླ༡༡པའི་ཚེས༡༧ཉིན། གཟའ་མིག་དམར། གནམ་ངོ་ཅུང་རུབ།
        བདག་ནངས་སྔ་མོར་ལངས་ནས་དཔེ་ཆ་ཀློག་འདོན་བྱེད་དུ་སོང་བ་ན། གནམ་ངོ་ཅུང་རུབ་ནས་རླུང་གཡུག་རྒྱུ་ཡིན་པའི་རྟགས་ཤིག་མངོན་འདུག བདག་གིས་ཨ་མར་དེ་ལྟར་བཤད་ཞོར་ཁྱིམ་དུ་ཡོང་བ་ན། མོས་རླུང་གཡུག་དོན་ཅི་ཡོད། ཁ་བ་འབབ་རྒྱུ་ཡིན་ན་ཐང་ཟེར།
        ཅུང་ཙམ་འགོར་རྗེས། དངོས་གནས་རླུང་གཡུག་བྱུང་མོད་ཁ་བ་འབབ་པའི་ཚུགས་ཀ་ཙམ་ཡང་མི་འདུག བདག་རླུང་ནང་དུ་སོང་ནས་རླུང་དང་ཁ་ཕྱོགས་ལྡོག་ནས་བསྡད་པ་ན། བདག་གི་ཚོར་བ་ཞིག་ལ། རང་ཉིད་ནི་རྨི་ལམ་གྱི་འཇིག་རྟེན་ཞིག་ཏུ་ཡོད་པའམ། མ་འོངས་ཕུགས་བསམ་འཚོལ་བའི་རེ་སྙེག་ཅིག་རྙེད་པ་དང་འདྲ་ལ། རིང་ལ་ཐུང་བའི་མི་ཚེར་འོད་སྣང་འཁྱུད་པ་དང་ཡང་འདྲ་སྟེ། རླུང་གིས་ངོ་མ་ཁ་ཕྱོགས་སྟོན་ཐུབ་པ་འདྲ།

ཉིན་ཐོ།
དམའ་གཉིས་གཉིས་པ། སྨན་མོ་རྒྱལ།
        ཟླ༡༡པའི་ཚེས༡༨ཉིན། གཟའ་ཕུར་བུ། གནམ་ངོ་རུབ།
        དེ་རིང་། བདག་མལ་ལས་ལངས་མ་ཐག་ཏུ་སྐད་ཡིག་གི་དཔེ་ཆ་ཁྱེར་ནས་སྒོ་ཕྱིར་ཀློག་འདོན་བྱེད་དུ་སོང་བ་ཡིན་མོད། ཕྱི་རོལ་དུ་ཁ་བ་ལྷབ་ལྷུབ་འབབ་ཀྱིན་འདུག་པས། མང་རྫོང་གི་ཁོ་ར་ཁོར་ཡུག་ཀུན་ནི་དར་དཀར་གྱི་ཡོལ་བས་གཡོགས་པའི་བྱིས་སྒྲུང་གི་འཇིག་རྟེན་ཞིག་དང་འདྲ་བར་མིག་ལ་མཛེས་ཤིང་ཡིད་དུ་འོང་བ་ཞིག་རེད།
        ནངས་ཇར་རན་པ་ན། ཨ་མས་བདག་ལ་ལྭ་བ་དྲོན་པོ་གྱོན་ལ་རྒྱ་སྲང་དུ་ཤ་མོག་ཉོ་རུ་སོང་ཟེར། བདག་གིས་ཤ་མོག་ཉོས་ནས་ཕྱིར་ཡུལ་ལ་ཡོང་བའི་ལམ་བར་དུ། ཨ་ཁུ་རྒད་པོ་ཞིག་ཁངས་ནང་དུ་ཤུད་ནས་ཐང་ལ་འགྱེལ་ལ་ཁད་བྱེད་པ་མཐོང་། བདག་ཕར་རྒྱུག་སོང་ནས་ཨ་ཁུ་རྒད་པོ་དེ་སྐྱོར་ནས་ཁོ་ཚང་གི་ཡུལ་ལ་བསྐྱལ་བ་ན། ཁྱིམ་མི་ཚང་མས་བདག་ནི་བྱིས་པ་ཡ་རབས་ཤིག་རེད་ཅེས་བསྔགས་བརྗོད་བྱས་བྱུང་ལ། ཡུལ་ལ་སླེབས་རྗེས་ཨ་མས་ཀྱང་གཟེངས་བསྟོད་བྱེད་ཞོར་དྲོད་འཇམ་གྱི་ལག་པས་བདག་གི་མགོ་ལ་བྱིལ་བྱིལ་བྱེད།

ཉིན་ཐོ།
དམའ་གཉིས་བརྒྱད་པ། རྣམ་ཐར་སྐྱིད།
        ཟླ༡༡པའི་ཚེས༡༧ཉིན། གཟའ་མིག་དམར། གནམ་ངོ་རུབ།
        དེ་རིང་། བདག་གིས་ནམ་རྒྱུན་ལྟར་སྔ་མོར་ལངས་ནས་དཔེ་ཀློག་བྱས་པ་ཡིན། དེའི་རྗེས་ནས་ལས་བྱ་བྲིས། རྒྱུ་མཚན་ཅིའི་ཕྱིར་ཡིན་མིན་མི་ཤེས་མོད། བདག་གི་སེམས་ནི་ཧ་ཅང་སྐྱིད་པོ་ཞིག་རེད།
        ཨོ་རེད་ཡ། རྒྱུ་མཚན་ནི་ཨ་མ་དང་ནུ་བོ་གཉིས་ཡུལ་ན་ཡོད་པས་མ་ཡིན་ནམ། ལས་བྱ་བྲིས་ཚར་རྗེས་ནུ་བོ་དང་མཉམ་དུ་ཕྱི་རོལ་ལ་རྩེད་མོ་རྩེད་དུ་སོང་བ་ཡིན། ངེད་གཉིས་རྩྭ་རའི་ནང་དུ་རྩེད་མོ་རྩེད་སྐབས། ནུ་བོས་བདག་ལ་བྱེའུ་ཚང་ཞིག་བསྟན་ནས་བྱེའུ་སྒོང་ཆུང་ཆུང་དེ་ཚོ་ཡུལ་ལ་འཁྱེར་རྒྱུ་ཡིན་ཟེར། འོན་ཀྱང་། བདག་གིས་ཁོ་ལ་བཀག་འགོག་བྱས་ནས་འཁྱེར་དུ་མ་བཅུག
        ཉིན་གུང་། ང་ཚོས་དྲོས་ཇ་འཐུང་སྐབས། བདག་གིས་ནུ་བོ་མཐོང་རྒྱུ་མི་འདུག་པ་ཚོར། སྔར་གྱི་རྩེད་སར་སོང་ནས་བལྟས་པ་ན། ནུ་བོ་དངོས་ནས་ས་དེར་བསྡད་འདུག་ལ། ལག་ཏུ་བྱེའུ་སྒོང་ཆུང་ཆུང་གཉིས་བཟུང་འདུག བདག་གིས་བཙན་གྱིས་ཁོ་རང་ཡུལ་ལ་ཁྲིད་ནས་དོན་དེ་ཨ་མར་བཤད་པ་ན། ཨ་མས་བྱམས་བརྩེ་ལྡན་པའི་ངང་ཁོ་ལ། ཁྱོད་ཀྱིས་སྲོག་ཆགས་ཆུང་ཆུང་དེ་དག་ལ་གནོད་པ་བྱེད་མི་རུང་། དེ་ཚོ་དེ་ལྟར་ཆུང་ནའང་ཚེ་སྲོག་རེ་རེ་ཡིན་པ་རེད། ཚེ་སྲོག་ཚང་མ་འདྲ་མཉམ་ཡིན་པ་རེད་ཅེས་སློབ་གསོ་བཏང་བྱུང་།
        རེད་ཡ། འདི་ནི་ཨ་མས་ནུ་བོ་ཁོ་ནར་བཏང་བའི་སློབ་གསོ་ཞིག་མ་ཡིན་པར། བདག་གིས་ཀྱང་ཚེ་སྲོག་གི་རིན་ཐང་ལ་ངེས་ཤེས་ཟབ་མོ་ཞིག་རྙེད་བྱུང་།

ཉིན་ཐོ།
དམའ་གཉིས་བརྒྱད་པ། རྡོ་རྗེ་འབུམ།
        ཟླ༡༡པའི་ཚེས༡༧ཉིན། གཟའ་མིག་དམར། གནམ་ངོ་རུབ།
        དེ་རིང་གི་གནམ་ངོ་ལ་བལྟས་ན། ཕལ་ཆེར་ཁ་བ་ཆེན་པོ་ཞིག་འབབ་རྒྱུ་ཡིན་པ་འདྲ་མོད། བདག་གིས་དཔེ་ཆ་ལག་ལ་བཟུང་ནས་ཕྱི་རོལ་དུ་བློར་འཛིན་དུ་སོང་བ་ཡིན། འོན་ཀྱང་། ཕྱི་རོལ་གྱི་གྲང་ངར་ཧ་ཅང་རྒོད་པས་བདག་ཕྱིར་ཁྱིམ་ལ་མི་འཛུལ་ག་མེད་བྱུང་སོང་། ཨ་མས་བདག་ལ་དེ་རིང་གི་ལས་བྱ་དེ་རིང་བྲིས་ཚར་དགོས་ཟེར་བས། བདག་གིས་ཀྱང་དེ་རིང་གི་ལས་བྱ་དེ་རིང་བྲིས་ཚར་དུ་འཇུག་རྒྱུའི་སེམས་ཐག་བཅད་པ་ཡིན།
        ཉིན་གུང་། བདག་གིས་ལས་བྱ་འབྲི་བཞིན་པའི་སྐབས་སུ། སྒེའུ་ཁུང་ཕྱི་རོལ་དུ་ཁ་བ་ལྷབ་ལྷུབ་འབབ་ཀྱིན་པ་མཐོང་བས། ལས་བྱ་མགྱོགས་མོར་བྲིས་ཚར་རྗེས་ཁ་བའི་ནང་རྩེད་མོ་རྩེད་དུ་འགྲོ་འདོད་སྐྱེས་བྱུང་། ཡིན་ནའང་། ཟླ་གནང་འདིའི་ལས་བྱ་ཧ་ཅང་མང་པས་དུས་ཡུན་རིང་བོ་ཞིག་ལ་བྲིས་ཚར་མ་སོང་།
        མ་གཞི་སློབ་མའི་འགན་ཁུར་ནི་སློབ་སྦྱོང་ཡིན་ནའང་། སྐབས་ལན་རེར། སློབ་སྦྱོང་གི་ངལ་དུབ་སེལ་ཕྱིར་རྩེད་མོ་ཞིག་རྩེད་མི་འདོད་པ་སུ་ཡོད།

ཉིན་ཐོ།
དམའ་གཉིས་བརྒྱད་པ། བསོད་ནམས་སྟོབས་ལྡན།
        ཟླ༡༡པའི་ཚེས༡༧ཉིན། གཟའ་མིག་དམར། གནམ་ཐང་།
        ཞོགས་པའི་ཉི་རྩེ་ས་ལ་དལ་བ་དལ་བུར་བརྒྱབ་བྱུང་། བྱིས་པ་རྣམས་ཀྱི་དགའ་སྤྲོའི་འབོད་སྒྲ་ཐོས་མ་ཐག མིག་ཁ་རབ་རིབ་ཏུ་གྱུར་པའི་བདག་གིས་ད་གཟོད་ནམ་ལངས་བྱུང་བ་ཚོར། དེ་ནས་བདག་གིས་མལ་ཐུལ་གཙང་མར་ལྟེབས་རྗེས་ཞིམ་མངར་ལྡན་པའི་རྩམ་པ་དང་དུང་ལྟར་དཀར་བའི་འོ་ཇ་ཞིག་འཐུང་བ་ཡིན། དེ་ནས་ནམ་རྒྱུན་ལྟར་ཤེས་རིག་གི་སྒོ་མོ་འབྱེད་བྱེད་ཀྱི་དཔེ་ཆ་ཞིག་དཔེ་ཁུག་ལས་བླངས་ཏེ་ལས་བྱ་འབྲི་མགོ་བརྩམས། དེ་ལྟར་དྲོས་ཇར་བསླེབས་རག་བར་དུ་ལས་བྱ་སྣ་གསུམ་བྲིས་ཚར་སོང་།
        དྲོས་ཇ་འཐུང་རྗེས། བདག་གིས་བརྩེ་བ་རི་རབ་ལས་དཔངས་མཐོ་ཞིང་། དུངས་པ་རྒྱ་མཚོ་ལས་གཏིང་ཟབ་པའི་ཕ་ལོའི་གསུང་ལ་ཉན་ནས། ཡངས་ཤིང་རྒྱ་ཆེ་ལ་མཛེས་ཤིང་ལྟ་ན་སྡུག་པའི་རྩྭ་ཐང་དུ་སྒོ་ཕྱུགས་རྟ་ནོར་ལུག་གསུམ་འཚོ་རུ་སོང་བ་ཡིན།
        ཕྱི་དྲོར། ཕ་ལོ་བདག་གི་མདུན་དུ་ཡོང་ནས། ཁྱོད་སོང་ལ་ལས་བྱ་ཕྲིས་དང་། ཁྱོད་ཀྱི་འགན་འཁྲི་ནི་དེ་ཡིན་ཟེར། བདག་གིས་ད་གཟོད་ཕ་མས་ང་ཚོར་བཅིངས་པའི་རེ་བ་ནི་ཇི་འདྲ་ཞིག་ཡིན་པ་རྟོགས་སོང་། དུས་དེ་ནས་བཟུང་སྟེ། བདག་ལ་སློབ་སྦྱོང་བྱེད་འདོད་ཀྱི་འདུན་པ་ཇེ་དྲག་ནས་ཇེ་དྲག་ཏུ་གྱུར་སོང་།

ཉིན་ཐོ།
དམའ་གཉིས་བརྒྱད་པ། ཟོན་ཐར་གཡང་སྒྲོན།
        ཟླ༡༡པའི་ཚེས༡༨ཉིན། གཟའ་ཕུར་བུ། ནམ་ཟླ་དྲོད།
        སློབ་གྲྭ་གྲོལ་རྗེས་ཀྱི་ཉིན་གཉིས་པའི་མགོ་བརྩམས་བྱུང་།
        ཉིན་མོ་གསར་བའི་ཞོགས་པ་འདིར། ཨ་ཕྱི་དང་ངེད་གཉིས་ནངས་སྔ་མོར་མལ་ལས་ལངས་ཏེ། ཨ་ཕྱིས་ནངས་ཇ་བསྐོལ་བ་དང་ངས་དཔེ་ཆ་ཁྱེར་ནས་ཕྱི་སྒོར་བོད་ཡིག་བློར་འཛིན་དུ་སོང་བ་ཡིན། བདག་གིས་དུས་ཚོད་གཅིག་ལ་མ་གཏོགས་བློར་འཛིན་མ་ཐུབ་ནའང་། དེས་ཀྱང་བདག་ལ་བློ་རྒྱ་དང་ཤེས་རྒྱ་མང་པོ་ཞིག་བསྐྱེད་པའི་ཚོར་བ་བྱུང་བས། མ་གཞིར་དཔེ་ཆའི་ནང་དུ་ང་ཚོས་ཡུན་རིང་ལ་ཤེས་མ་ཐུབ་པའི་རིག་གནས་དང་ཤེས་བྱ་གང་མང་ཞིག་ཡོད་པ་རེད་ཨང་སྙམ་བྱུང་།

ཉིན་ཐོ།
དམའ་གཉིས་བརྒྱད་པ། ཀུན་བཟང་འཛོམས་སྐྱིད།
        ཟླ༡༡པའི་ཚེས༡༨ཉིན། གཟའ་ཕུར་བུ། ནམ་ཟླ་བཟང་།
        དེ་རིང་ནི་བདག་གི་ཨ་ཅེའི་གཉེན་སྟོན་གྱི་ཉིན་མོ་ཡིན་པས། བདག་སྔ་མོ་ནས་མལ་ལས་ལངས་ཤིང་ངོ་གདོང་གཙང་མ་ཞིག་བཀྲུས་རྗེས། ལྭ་བ་སོ་མ་གྱོན་ནས་སྟོན་མོར་སོང་བ་ཡིན། སྟོན་ཐོག་ཏུ་སྟོན་འཛིན་པ་ཧ་ཅང་མང་པ་སྟེ། རྒན་མགོ་དཀར་ནས་གཞོན་སོ་དཀར་བར་གྱི་མི་མང་པོ་ཡོད་པ་རེད།
        བདག་གིས་སྡེར་ཀ་ནས་ཀ་ར་མང་པོ་ཞིག་ཁུག་མར་བཅུག་རྗེས། ན་མཉམ་གྱི་བྱིས་པ་ཚོ་དང་མཉམ་དུ་རྩེད་མོར་གཡེང་བ་ཡིན། ང་ཚོས་དགའ་སྤྲོའི་ངང་རྩེད་མོར་རྩེད་དུས་སུ། ཨ་ཁུ་ཡོང་ནས་ང་ཚོར་སྐོམ་ཆུ་བྱིན་པ་དང་། དྲོས་ཇ་འཐུང་དུ་ཤོག་ཟེར། དྲོས་ཇ་འཐུང་རྗེས་ང་ཚོས་སྟོན་ཐོག་ནས་ལྟད་མོར་བལྟས་པ་ཡིན། སྟོན་ཐོག་ན་རྒད་པོ་ལོ་ལོན་དག་གིས་ཆང་འཐུང་ཞོར་ཕན་ཚུན་ལ་ཀུ་རེ་ཁ་བརྡ་བྱེད་ཀྱིན་འདུག་པ་དང་། གླུ་བ་གླུ་མ་དག་གིས་གླུ་ལེན་གར་རྩེད་བྱེད་ཀྱིན་འདུག་པས། ང་ཚོ་བྱིས་པ་ཚོ་ཡང་དགའ་སྤྲོ་ཚད་མེད་སྐྱེས་སོང་།
        ཡིན་ནའང་། སང་ཉིན་ནས་བཟུང་ཨ་ཅེ་གནས་ལ་འགྲོ་དགོས་པ་དྲན་ཚེ། བདག་གི་སེམས་ལ་རང་དབང་མེད་པར་སྨྲེང་བ་ཞིག་སྐྱེས་སོང་།

ཉིན་ཐོ།
དམའ་གཉིས་གཉིས་པ། ཚེ་རིང་མཚོ།
        ཟླ༡༢པའི་ཚེས༡ཉིན། གཟའ་མིག་དམར། གནམ་ངོ་དྭངས།
        བདག་ད་ནངས་སྔ་མོར་མལ་ལས་ལངས་ཏེ་དཔེ་ཆ་བློར་བཟུང་བ་དང་། བློར་བཟུང་ཚར་རྗེས་ཁྱིམ་མི་གང་བོར་འགྲོག་ནས་རྫོང་ཐོག་ལ་སེམས་གཡེང་དུ་སོང་བ་ཡིན།
        བདག་དཔེ་ཆ་ཉོ་རུ་འགྲོ་བའི་སྐབས་སུ། ཚོང་ཁང་ཞིག་ན་ལག་རྩལ་སྤོ་ལོ་ཡག་པོ་ཞིག་བཙོང་རྒྱུ་ཡོད་པ་མཐོང་བ་དང་སེམས་དབང་མེད་དུ་སྤོ་ལོ་དེའི་ཕྱོགས་སུ་ཤོར་སོང་། བདག་གིས་སྤོ་ལོ་དེ་ཉོ་བར་འདོད་མོད་ཨ་ཕ་འཐད་མིན་མི་ཤེས་པས་ཅི་བྱེད་དགོས་པའང་མི་ཤེས་པར་གྱུར། སྤོ་ལོ་རྩེད་རྒྱུ་ནི་བདག་གི་དགའ་ཕྱོགས་ཡིན་པ་དང་། ཐ་ན་རྒྱུགས་ལེན་པའི་དུས་སུའང་སྤོ་ལོ་རྩེད་རྒྱུ་ཆད་མ་མྱོང་།
        སྐབས་དེར། ཨ་མས་བདག་གི་ངོ་ལ་ལྟ་ཙམ་བྱས་རྗེས། སེམས་ན་དོན་དག་ཅིག་ཡོད་པ་མ་ཡིན་ནམ་ཞེས་དྲིས་བྱུང་། བདག་གིས་རང་ཉིད་ཀྱིས་སྤོ་ལོ་ཞིག་ཉོ་འདོད་མོད། ཁྱེད་གཉིས་འཐད་མིན་མི་ཤེས་པས་བཤད་མ་ཕོད་ཅེས་དྲང་མོར་བཤད་པ་ན། ཨ་ཕ་དགོད་ཞོར་དུ་ཁྱོད་ཀྱི་དགའ་ཕྱོགས་ཡིན་ན་ཅིས་ཀྱང་ཉོ་དགོས་ཟེར་བས། བདག་ལ་སྔར་མེད་ཀྱི་དགའ་སྤྲོ་ཆེན་པོ་ཞིག་སྐྱེས་སོང་།

ཉིན་ཐོ།
དམའ་གཉིས་གཉིས་པ། ཚེ་རིང་ཟླ་བ།
        ཟླ༡༢པའི་ཚེས༡༠ཉིན། གཟའ་ཕུར་བུ། གནམ་ཐང་།
        བདག་དང་ཕུ་བོ་གཉིས་ཀྱིས་འཕྲུལ་རྟར་ཞོན་ནས་བྱེ་སྣར་འགྲོ་བའི་ལམ་དུ་དར་ཆགས་ཡོད་པ་རེད། ཡིན་ནའང་། ཕུ་བོས་སྐྱོན་མེད་ཟེར་བས་བདག་གི་སེམས་ཀྱང་བདེ་ལ་བབས་པ་ཡིན།
        ངེད་གཉིས་བྱེ་སྣར་ཐོན་ལ་ཉེ་བའི་སྐབས་སུ། གློ་བུར་དུ་འཕྲུལ་རྟའི་འཁོར་ལོ་གཉིས་དར་ཐོག་ནས་ཤུད་དེ་ཐང་ལ་འགྱེལ་སོང་བ་དང་། བདག་དང་ཕུ་བོ་གཉིས་ཀྱང་ལམ་འགྲམ་གྱི་རྩྭ་རའི་ནང་དུ་གཡུག་པ་རེད། སྟབས་ལེགས་པ་ཞིག་ལ། ངེད་གཉིས་ལ་སྐྱོན་ཅི་ཡང་མི་འདུག་མོད། འཕྲུལ་རྟ་འཁོར་ལོའི་རྐྱལ་བ་བཀད་འདུག་པས། ངེད་གཉིས་ཀྱིས་འཕྲུལ་རྟ་འདེད་ཞོར་བྱེ་སྣར་འགྲོ་དགོས་སོང་།
 
ཉིན་ཐོ།
དམའ་གཉིས་གཉིས་པ། སྙིང་མོ་རྒྱལ།
        ཟླ༡༢པའི་ཚེས༡༠ཉིན། གཟའ་ཕུར་བུ། གནམ་ངོ་རུབ།
        དེ་རིང་གནམ་ངོ་རུབ་འདུག་པ་དང་སློབ་གྲོགས་ཚང་མའི་ངོ་ལའང་སྡུག་གིས་ཁེངས་འདུག རྒྱུ་མཚན་ནི་ཕྱི་དྲོའི་ཐུན་གཉིས་པར་རྩལ་སྦྱོང་གི་སློབ་ཁྲིད་ཡོད་མོད། གལ་ཏེ་ཁ་བ་བབས་པའི་དབང་དུ་བཏང་ན་རྩལ་སྦྱོང་སློབ་ཁྲིད་བྱེད་མི་ཐུབ་པ་རེད། དེ་བས། སློབ་གྲོགས་སུ་ལའང་དགའ་སྤྲོ་སྐྱེས་མ་ཐུབ།
        སྟབས་ལེགས་པ་ཞིག་ལ། ཉིན་གུང་གི་དུས་སུ་གློ་བུར་དུ་གནམ་ངོ་དྭངས་ནས་ཉི་མ་དྲོས་སོང་། ང་ཚོ་སློབ་གྲོགས་ཚང་མའང་དགའ་སྤྲོའི་ངང་ནས་རྩལ་སྦྱོང་སློབ་ཁྲིད་ལ་ཞུགས་པ་དང་། རྩལ་སྦྱོང་སློབ་ཁྲིད་ཀྱི་སྐབས་སུ་རྐང་རྩེད་སྤོ་ལོ་འགྲན་སྡུར་བྱས་པ་རེད།
        དེ་རིང་ནི་ཧ་ཅང་དགའ་སྤྲོ་སྐྱེས་པའི་ཉིན་མོ་ཞིག་རེད།
མཛུབ་སྟོན་དགེ་རྒན། འབྲོང་ཕྲུག་ལྷ་ཆེན་རྒྱལ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།