ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་གིས་《ས་ག་ཟླ་བའི་སྨོན་འདུན》ཞེས་པའི་རིག་རྩལ་དགོང་ཚོགས་སྒྲུབ།
དུས་ཡུན་གཟའ་འཁོར་གཅིག་ཙམ་གྱི་ཡུན་དུ་དགེ་རྒན་རྣམ་པས་གཉིད་ཆག་ཟས་བརྗེད་དུ་རིག་རྩལ་གྱི་རྨང་གཞི་བྲལ་བའི་ལོ་ཆུང་བྱིས་པ་དག་ལ་ཐོག་མའི་ཉམས་འགྱུར་གྱི་གོམ་འགྲོས་རེ་རེ་ཞིབ་ཅིང་ཕྲ་བའི་སྒོ་ནས་དམར་ཁྲིད་བྱས། སྣེ་ཁྲིད་དགེ་རྒན་རྣམ་པའི་དུས་རྒྱུན་གྱི་དཀའ་སྡུག་དང་ཞུམ་པ་མེད་པའི་བརྩོན་པའི་ཁར། སྒྱུ་རྩལ་ལ་དགའ་ཞེན་ཆེ་བའི་ལོ་ཆུང་བྱིས་པ་ཚོའི་སྤྲོ་སྣང་གི་སྟོབས་ཀྱིས་མི་རིགས་སོ་སོའི་ཞབས་བྲོ་སྣ་ཚོགས་དང་གླུ་ཤགས། ཨ་རྩེད། གླུ་དབྱངས་བཅས་ཐོགས་རྡུགས་མེད་པར་ཁོང་དུ་ཆུད།
རེབ་འདིའི་རིག་རྩལ་དགོང་ཚོགས་སུ་བོད་རིགས་ཞབས་བྲོ་དང་རྒྱ་གར་ཞབས་བྲོ། སོག་རིགས་ཞབས་བྲོ། མོའོ་རིགས་ཞབས་བྲོ་ལས་གཞན། བོད་པའི་དྲི་མ་མ་ཡལ་བའི་དམངས་གླུ་དང་ཨ་རྩེད། རྒྱན་གོས་ཤོམ་སྟོན་གྱི་ལྟད་མོ་ཡིད་འཕྲོག་པ་ཡོད་ཅིང་། དེའི་ཁར་སྤྲོ་སྣང་ཚན་ཆུང་གིས་ཀ་པེད་རོལ་ཆས་དང་རྣོ་སྦྲེང་རོལ་ཆས་ཀྱི་རྩལ་ནུས་ངོམ་པའི་སྟེགས་བུ་ཞིག་ཀྱང་ད་ཐེངས་ཀྱི་དགོང་ཚོགས་འདིར་བརྒྱུད་དེ་ཀུན་པོའི་སྙན་ལམ་དུ་དྲངས།
བོད་ཁམས་ཀྱི་རིག་རྩལ་དགོང་ཚོགས་དུ་མར་ཞུགས་མྱོང་ཞིང་མོའི་གླུ་སྐད་ཀྱིས་རྒྱ་ཆེའི་ཉན་མཁན་རྣམ་པར་བག་ཆགས་ཟབ་མོ་བཞག་པའི་ཀུན་ལ་གསལ་ཆ་དོད་པའི་བྱིའུ་ཆུང་འཇོལ་མོའི་པིར་མིང་གསོལ་བའི་ངེད་སློབ་གྲྭའི་གླུ་མ་ཆུང་ཆུང་ཕག་མོ་བདེ་སྐྱིད་ཀྱིས་ཐོག་མར《གྲོགས་ལ་གདམས་པའི་གླུ》ཞེས་པའི་གླུ་གཞས་སྙན་མོ་ཞིག་གིས་དགོང་ཚོགས་ཀྱི་ཡོལ་རས་ཕྱེས་ཤིང་། དེར་མཐུད་དེ་ལོ་རིམ་སོ་སོས་ལུས་ལ་གཟབ་མཆོར་གྱི་རྒྱན་གོས་སྣ་ཚོགས་སྤུད་ཅིང་། གདོང་ལ་མཛེས་ཆས་འདྲ་མིན་བྱུགས་ནས་འཛུམ་མདངས་མེ་ཏོག་འདྲ་བོ་དང་ལྷན་དུ་སྙན་འཇེབས་ཀྱི་རོལ་དབྱངས་ལ་བསྡེབས་ཏེ། གར་སྟེགས་སུ་བདེ་མོའི་གར་ལ་རོལ་ཅིང་། སྙན་འགྱུར་གླུ་ལ་བཅོལ་བར་སྤྲོ་བ་དང་རྣམ་རིག་གིས་ཀུན་ནས་གཡོགས་པའི་སློབ་བུ་དག་གི་སྦྱོང་བརྡར་གྱི་གྲ་སྒྲིག་འོག་ཏུ། དེར་འདུས་ལྟད་མོ་བར་སྨྲེང་སྐྱོ་འདྲེས་མའི་སེམས་ཚོར་སྨྲ་མི་ཤེས་པ་བྱིན་པའི་མི་ཚད། ལོ་ཆུང་བྱིས་པ་འདི་ཚོའི་མ་འོངས་རིག་རྩལ་གྱི་ཁ་ཕྱོགས་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་དགའ་བའི་འདུན་པ་ཟབ་མོའང་ཤུགས་དྲག་ཏུ་བསླངས། དེ་བས་ཀྱང་ལོ་རིམ་དང་པོའི་ལོ་ཆུང་བྱིས་པ་ཚོས་གླུ་ཤགས་སྲིད་པའི་ཁ་མཚར་གྱི་ཚན་པ་རེ་རེ་གདངས་མཐོ་ཞིང་སྐད་ཕྲ་བའི་འགུག་རྟ་འདྲ་མིན་ལ་བསྡེབས་ཏེ་ཕོ་མོ་རེས་མོས་སྒོས་བླངས་པ་ན། དགའ་བསུའི་ཐལ་མོའི་རྡེབ་སྒྲ་བར་སྣང་དུ་ཡུན་རིང་ཞིག་ལ་མ་ཞི་བ་རེད། དེའི་ཁར་ལོ་རིམ་གསུམ་པའི་སློབ་གྲོགས་ཕོ་མོ་ཚོས་རོང་གྲོང་གི་འཕྱོར་ལྭ་སྤྲས་ཏེ་དགྱེ་སྒུར་དང་འགྲོ་གོམ་པའི་ལྡེམ་ཤའི་འོག་ནས་འཁྲབ་ལེན་བྱས་པར་བོད་པའི་རང་མདངས་ཀྱི་ཁྱད་ཆོས་མངོན་པར་དོད་པ་ལ་ཁྱད་མཚར་གྱི་ཀི་སྒྲ་གསང་མཐོར་བསྒྲགས་ཏེ་བསྟོད་བསྔགས་ཀྱི་མེ་ཏོག་ཆད་མེད་དུ་གཏོར།
ནང་དོན་ཕུན་སུམ་ཚོགས་ཤིང་སློབ་མའི་བློ་ཁར་འཚམ་པ། རིག་གནས་ཤིག་གི་རྒྱུན་ཐག་དམ་ཞིང་སྒྱུ་རྩལ་གྱི་ཡང་སྙིང་འཚོལ་འདོད་པའི་ཀུན་སློང་རྣམ་དག་ཅིག་གིས་རེབ་འདིའི《ས་ག་ཟླ་བའི་སྨོན་འདུན》ཞེས་པའི་རིག་རྩལ་དགོང་ཚོགས་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com