༄༅། །མཚོ་སྔོན་ཞིང་ཆེན་གྱི༼ཐོན་མིའི་ཡིག་རྒྱུན༽ཡིག་གཟུགས་གསོ་སྦྱོང་སྐབས་དང་པོའི་གནས་ཚུལ་མཚམས་སྦྱོར།

༄༅། །དབུས་ཀྱི་ཡིག་བྲིས་པ་ཆེན་མོ་སྙེ་འཕྲིན་ལས་རྒྱལ་མཚན།
༄།དབུས་ཀྱི་ཡིག་བྲིས་པ་ཆེན་མོ་སྙེ་འཕྲིན་ལས་རྒྱལ་མཚན་ནི། སྤྱི་ལོ1978ལོར་དབུས་གཙང་གཉིས་ཀྱི་ས་མཚམས་སྙེ་མོ་ཟངས་རི་ཞེས་པའི་ཡུལ་དུ་མི་རབས་དུ་མར་ཡིག་མཁན་བརྒྱུད་མར་བྱུང་བའི་ཁྱིམ་རྒྱུད་ཅིག་ཏུ་འཁྲུངས།
དགུང་ལོ་བདུན་པ་ནས་སྙེ་མོ་རྫོང་ཆ་ཚང་སློབ་ཆུང་དུ་ཡི་གེའི་འབྲི་ཀློག་སྦྱངས་པ་དང་། སྐབས་ཤིག་ནས༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་སྙེ་མོ་ཡོན་བདག་དབུ་ཆེན་དྲུང་ཏོག་གི་མཚན་གནས་གནང་བ་ཡིག་བྲིས་པ་ཆེན་མོ་སྙེ་ཕུན་ཚོགས་དོན་ལྡན་ནམ་དཔལ་ལྡན་ཚེ་རིང་གི་དངོས་སློབ། ཡབ་སྙེ་ཕྲུག་པ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་གམ་དུ་སུམ་རྟགས་དག་གསུམ་དང་། ཕ་མེས་ནས་བརྒྱུད་པའི་བོད་ཡིག་དབུ་ཅན་སྙེ་བྲིས་གཙོ་བྱས་ཡིག་རིགས་ཁག་ལ་ལོ་ངོ་བདུན་ཙམ་གྱི་རིང་སྔོན་གྱི་མཁས་པའི་ཕྱག་སྲོལ་བཞིན་སྦྱོང་ཤིང་སྤྱད་ནས་སློབ་གཉེར་མཐར་ཕྱིན་གནང་། སྤྱི་ལོ2010ལོ་ནས་ཁོང་གིས༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ཀྱི་ཡིག་བྲིས་པ་ཆེན་མོ་དང་རྩེ་སློབ་གྲྭའི་གཞུང་བྲིས་དགེ་རྒན་རྩེ་དྲུང་ཀོག་པོ་བའི་ཡང་སློབ་རྩེ་དྲུང་རྒན་ངག་དབང་བཀྲ་ཤིས་ཀྱི་གམ་ནས་གཞུང་བྲིས་ལ་ལོ་གསུམ་ཙམ་གྱི་རིང་སྦྱོང་ཤིང་སྤྱད་ནས་སློབ་གཉེར་གནང་བས་བོད་ཀྱི་ཡིག་གཟུགས་སྤྱི་དང་། སྒོས་སུ་སྙེ་བྲིས་དང་གཞུང་བྲིས་ཀྱི་རྒྱུན་རྣམ་པར་དག་པ་ལ་ཕྱག་སོར་རང་དབང་དུ་བསྒྱུར་པར་མངའ་བརྙེས་པའི་ཡིག་བྲིས་པ་ཆེན་མོ་རུ་གྱུར། སྤྱི་ལོ2005ལོར་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཁོང་གི་དཔེ་ཚུགས་ཡིག་གཟུགས་བོད་ཡིག་གློག་ཀླད་མཉེན་ཆས་བཟོ་བྱེད་ཀྱི་ཡིག་དཔེར་བདམས།
དགུང་ལོ་ཉི་ཤུ་པ་ལ་བོད་རང་སྐྱོང་ལྗོངས་ཀྱི་ཡིག་གཟུགས་འགྲན་སྡུར་ཆེན་མོར་ཞུགས་ནས་ཁོང་གི་དཔེ་ཚུགས་ཡིག་གཟུགས་ལ་བྱ་དགའ་ཐོབ་པ་དང་། སྤྱི་ལོ2011ལོའི་ཟླ10པར་ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཐུན་ཚོགས་ཀྱིས་སྤེལ་བའི་ཡིག་གཟུགས་འགྲན་ཚོགས་ཐེངས་ལྔ་པའི་སྟེང་དབུ་ཅན་སྙེ་བྲིས་ལ་ཕུལ་བྱུང་གི་བྱ་དགའ་ཐོབ།
གཞན་ཡང་གནའ་རབས་བོན་གྱི་དཔེ་རྙིང་དང་། དུས་རབས་མི་འདྲ་བའི་དཔེ་ཆའི་ཡིག་གཟུགས་ཁག་ལ་སྦྱངས་པ་དང་ཞིབ་འཇུག་ཡུན་རིང་གནང་ཞིང་། སྤྱི་ལོ2008ལོ་ནས་བཟུང་ད་ལྟའི་བར་ཕོ་བྲང་པོ་ཏ་ལའི་བཀའ་བསྟན་ཁག་བསྐྱར་སྒྲིག་གི་ལས་ཀར་ཞུགས་ཤིང་། ཡིག་གཟུགས་མི་འདྲ་བའི་དཔེ་རྙིང་མང་པོར་དཔྱད་ཞིབ་བྱེད་པའི་གོ་སྐབས་བྱུང་།
སྤྱི་ལོ2013ལོར། ལྷ་ས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་བཀྲ་ཤིས་བསམ་འགྲུབ་དང་མཉམ་དུ་བོད་ཡིག་ངོས་འཛིན་དང་ཚུགས་འབྲི་ཚུལ་ཞེས་པའི་བྲིས་ཀྱི་བསྟན་བཅོས་སྒྲིག་རྩོམ་བྱས་ཏེ་པར་དུ་བསྐྲུན། 2014ལོར། དབུ་ཅན་སྙེ་བྲིས་ཀྱི་འབྱུང་འཕེལ་དང་གཞུང་བྲིས་སོགས་ཀྱི་འབྲི་ཚུལ་བློ་ལྡན་དགྱེས་པའི་དགའ་ཚལ་ཞེས་པ་རྩོམ་འབྲི་བྱས་ཤིང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས།
ད་ལྟ་ཁོང་གིས་ལྷ་ལྡན་ཕོ་བྲང་པོ་ཏ་ལར་ཕྱག་ལས་གནང་བཞིན་པ་དང་། བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་དང་། བོད་ལྗོངས་ན་གཞོན་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་འགན་ཡང་བཞེས་ཡོད་ལ། ལས་ཞོར་དུ་བྲིས་ཀྱི་སློབ་བུ་མང་པོ་སྐྱེད་སྲིང་བྱས་ཏེ་སྙེ་བྲིས་དང་གཞུང་བྲིས་སོགས་ཀྱི་བྲིས་རྒྱུན་རྒྱ་ཆེར་སྤེལ་བཞིན་པའི་སྐབས་ལགས་སོ། །
༄།དབུས་ཀྱི་ཡིག་བྲིས་པ་ཆེན་མོ་འཕྲིན་ལས་རྒྱ་མཚོས་ཕྱག་བྲིས་གནང་བའི་སྙེ་བྲིས་ཀྱི་དཔེ་མཚོན།
༄།དབུས་ཀྱི་ཡིག་བྲིས་པ་ཆེན་མོ་འཕྲིན་ལས་རྒྱ་མཚོས་ཕྱག་བྲིས་གནང་བའི་གཞུང་བྲིས་ཀྱི་དཔེ་མཚོན།
༄༅། །ཨ་མདོའི་ཡིག་བྲིས་པ་ཆེན་མོ་ངག་དབང་རྒྱ་མཚོ།
༄།ཨ་མདོའི་ཡིག་བྲིས་པ་ཆེན་མོ་ངག་དབང་རྒྱ་མཚོ་ནི། སྤྱི་ལོ1969ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་སྡེར་ནང་རབ་ཁ་མདའ་བ་རུ་འཁྲུངས། དགུང་ལོ་བརྒྱད་ཀྱི་སྟེང་ཁོང་གིས་མགོ་ལོག་དར་ལག་སྡེར་ནང་དགོན་དུ་སྡེར་ནང་ས་བྲིས་ཀྱི་བྲིས་རྒྱུན་འཛིན་པ་ཆེན་པོ་ཁུ་བོ་གློ་སྤྲུལ་ཀ་དག་ཡེ་ཤེས་ཀྱི་དྲུང་ནས་ཀློག་དང་ཆོས་སྤྱོད་ལེགས་པར་སྦྱངས། ལོ་བཅུ་གཅིག་ནས་ཀླུ་ཤུལ་མཆོག་སྤྲུལ་བློ་བཟང་ཤེས་རབ་དང་། ཀཿཐོག་རྨོག་སྤྲུལ་རིན་པོ་ཆེ། མཁན་ཆེན་པདྨ་བློ་གྲོས་ཀྱིས་གཙོས་པའི་བླ་མ་དགེ་བའི་བཤེས་གཉེན་དུ་མའི་ཞབས་པད་སྤྱི་བོར་བསྟེན་ནས་སྔོན་འགྲོ་དང་དབང་ལུང་ཁྲིད་གསུམ་གྱི་རྒྱུན་མང་པོ་མནོས། དགུང་ལོ་ཉེར་གཅིག་པ་ལ་ཁམས་ཀཿཐོག་དགོན་གྱི་སྒྲུབ་གྲྭར་ཞུགས་ནས་ལོ་དྲུག་ལ་བསྙེན་སྒྲུབ་ཚུལ་བཞིན་བྱས་ཤིང་། ཞོར་དུ་ཀཿཐོག་བླ་མ་མཁར་བསིལ་སྟོབས་ཆེན་གྱི་མདུན་ནས་ཁམས་བྲིས་ཀྱི་འབྲུ་ཚ་སུག་རིང་བསླབས། སྤྱིར་ཁོང་ནི་ལྷན་སྐྱེས་ཀྱིས་ཡི་གེ་བྲི་བར་ཤིན་ཏུ་སྤྲོ་བས་བྲིས་ཀྱི་དགེ་རྒན་མ་བསྟེན་གོང་དུ་རང་སྦྱོང་གིས་ཡི་གེའི་མཛེས་ཉམས་ཁྱད་དུ་འཕགས་པ་བྲིས་པ་ལའང་གཞན་གྱིས་བསྔགས་བརྗོད་མང་དུ་གནང་། དགུང་ལོ་ཉེར་བདུན་སྟེང་སྡེར་ནང་ས་བྲིས་ཀྱི་ཁུངས་གཏུགས་ས་སྡེར་ནང་བྲིས་རྒན་དུ་གྲགས་པའི་ཡིག་བྲིས་པ་ཆེན་མོ་ཁྲ་པད་གྲགས་མཆོག་བསྟེན་ནས་ཡིག་ཆེན་དང་། ཡིག་ཆུང་། འབྲུ་ཚ། མཚལ་སྣག་དང་དེའི་འདུལ་ལུགས། ཤོག་བུ་བཟོ་ལུགས་དང་བརྡར་སྟངས།
དབུ་ཁང་དང་མཐའ་ཐིག་སེར་ཐིག་འདེབས་ལུགས། སྨྱུག་གྲིའི་དཔྱད་དང་སྨྱུ་གུ་བཟོ་ལུགས། སྨྱུ་གུ་འཛིན་སྟངས་དང་ལུས་ཀྱི་སྡོད་ལུགས་སོགས་ས་བྲིས་རང་ལུགས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་རྣམས་ཀྱང་ལྷག་ལུས་མེད་པར་བསླབས། སྐབས་ཤིག་ཁོང་གིས་བྲིས་པའི་བྲིས་གཟུགས་ཤིག་ཁྲ་པད་གྲགས་རིན་པོ་ཆེའི་སྤྱན་སྔར་ཕུལ་བའི་ཚེ་ཐུགས་དགྱེས་པའི་བསྔགས་བརྗོད་དང་བཅས་མཚལ་སྣག་གི་པིར་གཉིས་དང་སྨྱུ་གུ་གཅིག་གནང་སྟེ་ས་བྲིས་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་མ་འཆུག་སོགས་བཀའ་སློབ་མང་དུ་གནང་བ་ཐུགས་ལ་བཅགས་ནས་འདོན་ཆའི་སྐོར་པོད་ཆེ་ཆུང་ལྔ་ལྡེབས་གྲངས་ཆིག་སྟོང་བརྒྱད་བརྒྱ་བདུན་ཅུར་ལོངས་པ་བྲི་བའི་མཛད་པ་བསྐྱངས་ཏེ་སྡེར་ནང་ས་བྲིས་ཀྱི་ཡིག་བྲིས་པའི་འཐུས་ཚབ་པ་ཆེན་མོར་གྱུར།
2008ལོར། མགོ་ལོག་སྡེར་ནང་ས་བྲིས་རྒྱལ་ཁབ་རིམ་པའི་དངོས་རྫས་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་སུ་ཚུད་ཅིང་བྲིས་རྒྱུན་དེའི་གྲགས་པ་ལྷག་ཏུ་ཆེས་ཆེར་རྒྱས་པར་གྱུར། 2014ལོར། ཁོང་ཞིང་ཆེན་རིམ་པའི་དངོས་རྫས་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ་སྟེ་སྡེར་ནང་ས་བྲིས་ཀྱི་རྒྱུན་འཛིན་པར་བདམས། ཁོང་གི་ཡིག་གཟུགས་ཀྱི་བརྩམས་ཆོས་མང་པོ་ཞིང་ཆེན་ཕྱི་ནང་དུ་ཐེངས་མང་པོར་འགྲེམ་སྟོན་བྱས་ཤིང་། ཕྱོགས་སོ་སོའི་ཡིག་བྲིས་མཁན་མང་པོས་བསྔགས་བརྗོད་བླ་ན་མེད་པ་གནང་། ཁོང་གིས་རང་ས་མགོ་ལོག་ཏུ་སྡེར་ནང་ས་བྲིས་ཀྱི་བྲིས་རྒྱུན་འཛིན་མཁན40ལྷག་སྐྱེད་སྲིང་དང་། གཞན་ཡང་བོད་ཡུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་དགོན་སྡེ་དུ་མར་དོན་གཉེར་ཅན་བརྒྱ་ཕྲག་མང་པོ་ལ་སྡེར་ནང་ས་བྲིས་ཀྱི་ཁྲིད་རྒྱུན་སྤེལ་ནས་ས་བྲིས་པ་མང་པོ་གསོ་སྐྱོང་བྱས་ཏེ། སྡེར་ནང་ས་བྲིས་འཛིན་སྐྱོང་སྤེལ་གསུམ་ལ་ཕྱག་རྗེས་ཆེན་པོ་བཞག
ད་ལྟ་ཁོང་གིས་མགོ་ལོག་དར་ལག་སྡེར་ནང་དགོན་དང་སྡེར་ནང་ས་བྲིས་བོད་ཀྱི་རིག་གནས་རྒྱུད་འཛིན་སློབ་གླིང་དུ་ཡིག་གཟུགས་དགེ་རྒན་གྱི་འགན་བཞེས་མུར། བོད་ཀྱི་རིག་གནས་ཀྱི་རྨང་གཞིར་གྱུར་པའི་ཡིག་གཟུགས་ཀྱི་ནང་ཚན་སྡེར་ནང་ས་བྲིས་ཀྱི་འཕྲིན་ལས་ཕྱོགས་ཕྱོགས་སུ་རྒྱས་པའི་ལས་ཁུར་འདེགས་བཞིན་མཆིས་སོ། །
༄།ཨ་མདོའི་ཡིག་བྲིས་པ་ཆེན་མོ་ངག་དབང་རྒྱ་མཚོས་ཕྱག་བྲིས་གནང་བའི་སྡེར་ནང་ས་བྲིས་ཀྱི་དཔེ་མཚོན།
༄༅། །ཨ་མདོའི་ཡིག་བྲིས་པ་ཆེན་མོ་རྨོག་རུ་དོན་གྲུབ་ཚེ་རིང་།
༄།ཨ་མདོའི་ཡིག་བྲིས་པ་ཆེན་མོ་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་རྨོག་རུ་དོན་གྲུབ་ཚེ་རིང་ནི། སྤྱི་ལོ1968ལོར་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ལྷོ་འགྲམ་གྱི་རྨོག་རུ་སྡེ་བར་འཁྲུངས། སྤྱི་ལོ1990ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རྩོམ་རིག་སྡེ་ཁག་ནས་སློབ་མཐར་ཕྱིན། ལོ་དེ་ནས་ད་ལྟའི་བར་དུ་མཚོ་སྔོན་དགེ་འོས་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་དུ་ཕྱག་ལས་གནང་། ཁོང་གིས་ཆེད་སྦྱོང་དང་། དངོས་གཞི། ཞིབ་འཇུག་སློབ་མ་སོགས་ཆེད་ལས་རིམ་པ་མི་འདྲ་བའི་སློབ་མ་དང་། གསོ་སྦྱོང་དགེ་རྒན་སོགས་ལ་བོད་ཀྱི་རྩོམ་རིག་ལོ་རྒྱུས་དང་། རྩོམ་རིག་གཞུང་ལུགས། བོད་ཀྱི་ལོ་རྒྱུས། སློབ་ཆེན་བོད་ཀྱི་སྐད་ཡིག ། བོད་རིག་པའི་གནས་བབ། སྙན་ངག་མེ་ལོང་། བོད་ཡིག་ཡིག་གཟུགས། དེང་རབས་བོད་ཀྱི་རྩོམ་རིག་སོགས་དང་། ཨ་རི་དང་ཉི་ཧོང་སོགས་ནས་སླེབས་པའི་ཕྱི་འགྲིམ་སློབ་མ་དང་། རྒྱ་དང་སོག་ཡུལ་སོགས་ནས་ཆེད་གཉེར་གྱིས་འོངས་པའི་ཤེས་ལྡན་པ་སོགས་ལ་བོད་ཀྱི་ལོ་རྒྱུས་དང་རིག་གནས། ཨ་མདོིའི་ཡུལ་སྐད། བོད་ཀྱི་ཡིག་གཟུགས་སོགས་བསླབ་བྱ་མི་འདྲ་བ་དུ་མ་སློབ་ཁྲིད་གནངས་དང་གནང་མུས་སུ་མཆིས།
སྤྱི་ལོ1994ལོར། དབུས་འགྱུར་ལྷ་ལྡན་དུ་ཕེབས་ནས་དབུས་ཀྱི་ཡིག་བྲིས་པ་ཆེན་མོ༧ཅོག་གྲྭ་ངག་དབང་བསྟན་འཛིན་ཆོས་ཀྱི་སེང་གེ་རིན་པོ་ཆེ་མཆོག་གི་ཞབས་ལ་གཏུགས་ཏེ་བོད་ཀྱི་ཡིག་གཟུགས་སྤྱི་དང་། སྒོས་སུ་དབུས་བྲིས་དབུ་མེད་ཀྱི་བྲི་ཚུལ་ཞིབ་ཕྲ་དང་ཡིག་གཟུགས་ཀྱི་གཞུང་ལུགས་སྣ་ཚོགས་ལ་ཐུགས་གཉེར་གནངས་པས། དབུས་བྲིས་ཚུགས་ཆེན་དང་། ཚུགས་ཆུང་། ཚུགས་མ་འཁྱུག་སོགས་ཡིག་གཟུགས་དུ་མའི་བྲིས་ལ་བྱང་ཆུབ་པར་གྱུར། གཞན་ཡང་དངོས་བརྒྱུད་གང་རུང་གི་ལམ་ནས་ཡིག་བྲིས་པ་ཆེན་མོ་བླ་བྱང་རིན་པོ་ཆེ་དང་། ལྷག་པ་ཚེ་རིང་། མཁར་བླ་ཀརྨ་འཕྲིན་ལས་དགེ་ལེགས། ནོར་བྲང་ཨོ་རྒྱན། ཁམས་སྤྲུལ་བསོད་ནམས་དོན་གྲུབ། ལྷ་བྲིས་པ་ཆེན་མོ་ཨ་མདོ་བྱམས་པ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡིག་བྲིས་པ་ཆེན་མོ་རས་ཆུང་པ་ཤེས་རབ་དང་རྒན་དཀོན་མཆོག་རྒྱ་མཚོ་སོགས་ལ་ཡིག་གཟུགས་སྐོར་གྱི་དོགས་གནས་བཀའ་འདྲི་ཞུས་ཏེ་གདམས་པ་མང་དུ་མནོས། སྤྱི་ལོ1995ལོ་ནས2004ལོའི་བར་དུ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་གི་བཀོད་སྒྲིག་ལྟར། ཐོག་མར་བོད་ཡིག་ཆེད་ལས་ཀྱི་འཛིན་གྲྭ་དང་ལོ་གཉིས་ཀྱི་རྗེས་ནས་རྩིས་ཚན་ཆེད་ལས་ཀྱི་འཛིན་གྲྭ་ཡོད་ཚད་ལའང་བོད་ཡིག་ཡིག་གཟུགས་ལས་དབུ་མེད་བྲི་ཚུལ་གྱི་སློབ་ཁྲིད་གནངས་ཏེ། སྔ་ཕྱིར་འཛིན་གྲྭ་ཉི་ཤུ་ཙམ་གྱི་སློབ་མ་བདུན་བརྒྱ་ལྷག་བསྐྱངས་པ་དང་། སྤྱི་ལོ2004ནས་བཟུང་ཟི་ལིང་སློབ་ཁུལ་དུ་སློབ་གླིང་གི་སློབ་མ་ཡོངས་ལ་དམིགས་ཏེ་བོད་ཡིག་ཡིག་གཟུགས་སློབ་ཁྲིད་གནངས་ཤིང་། སྔ་ཕྱིར་སློབ་མ་སུམ་བརྒྱ་ལྷག་དང་། ཨ་རིའི་སློབ་མ་གཅིག ཉི་ཧོང་གི་སློབ་མ་གཅིག་བཅས་བསྐྱངས། དེ་མིན་ས་ཁུལ་འགའ་ཤས་ཀྱི་བསླབ་གཞི་འཛུགས་སྐྲུན་དང་སློབ་ཁྲིད་བཅོས་སྒྱུར་གྱི་དགོས་མཁོ་ལྟར་མཚོ་ལྷོ་ཁུལ་ཡོངས་ཀྱི་དགེ་རྒན་གསོ་སྦྱོང་འཛིན་གྲྭ་གཅིག༼དགེ་རྒན150ཡས་མས༽དང་། གསེར་ཆེན་རྫོང་ཆ་ཚང་སློབ་ཆུང་དང་པོའི་དགེ་རྒན་འཛིན་གྲྭ་གཅིག༼དགེ་རྒན60ཡས་མས༽ ཞུན་ཧྭ་རྫོང་རྡོ་སྦིས་སློབ་ཁུལ་གྱི་དགེ་རྒན་གསོ་སྦྱོང་འཛིན་གྲྭ་གཅིག། མང་རྫོང་ས་ཁུལ་གྱི་དཔེ་སྟོན་དཔེ་ཁྲིད་ཀྱི་ཚོགས་ཆེན་གཅིག། ཁྲི་ཀ་རྫོང་མི་རིགས་ཆ་ཚང་སློབ་གྲྭའི་དགེ་རྒན་གསོ་སྦྱོང་འཛིན་གྲྭ་བཅས་བསྒྲུབས་པའི་སྐབས་སུ་ས་ཁུལ་དེ་དག་གི་འབྲེལ་ཡོད་ལས་ཁུངས་དང་འགོ་ཁྲིད་རྣམས་ཀྱིས་གདན་ཞུ་ཞུས་པ་བཞིན། དབུ་མེད་བྲི་ཚུལ་དང་ཡིག་གཟུགས་སློབ་ཁྲིད་བྱེད་ཐབས་སོགས་ཀྱི་སློབ་ཁྲིད་བྱས་ཏེ་འབྲས་བུ་མི་དམན་པ་བླངས། མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གི་བཀོད་སྒྲིག་ལྟར་འཆད་ཁྲིད་མུན་སེལ་སྒྲོན་མེ་དང་ཁ་བརྡ་ལེ་ཚན་སོགས་སུའང་བོད་ཡིག་ཡིག་གཟུགས་སྐོར་གྱི་དཔེ་ཁྲིད་ཐེངས་དུ་མར་གནངས།
གཞན་ཡང་། སྤྱི་ལོ1987ཙམ་ནས་རྩོམ་རིག་གསར་རྩོམ་དང་རིག་གཞུང་ཞིབ་འཇུག་གི་ལས་ལ་ཞུགས་ཤིང་། སྔ་གཞུག་ཏུ་རྒྱལ་ནང་གི་དུས་དེབ་དང་ཚགས་པར་སྣ་ཚོགས་ཀྱི་སྟེང་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་བྲིས་པའི་རྩོམ་རིག་བརྩམས་ཆོས་ཉིས་བརྒྱ་ཙམ་དང་ཞིབ་འཇུག་ཆེད་རྩོམ་ཉི་ཤུ་ལྷག་སྤེལ། དགེ་གྲོགས་གཞན་དང་མཉམ་འབྲེལ་གྱིས་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན་དང་། སློབ་ཆེན་བོད་ཀྱི་སྐད་ཡིག། རྨོག་རུ་སྡེ་བའི་ལོ་རྒྱུས་སོགས་འབྲི་རྩོམ་བྱས་ཏེ་སྔ་ཕྱིར་པར་དུ་བསྐྲུན། སློབ་གླིང་དང་སློབ་གྲྭ་རིམ་པའི་སྔོན་ཐོན་མི་སྒེར་ཐེངས་དུ་མ་དང་སློབ་གྲྭ་ཡོངས་ཀྱི་ན་གཞོན་དགེ་རྒན་སློབ་ཁྲིད་འགྲན་བསྡུར་གྱི་ཨང་རིམ་དང་པོ་སོགས་ཀྱི་མཚན་སྙན་ཡང་བཞེས།
ད་ལྟ་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་བོད་ཡིག་པར་མའི་རྩོམ་སྒྲིག་པའི་འགན་ཁུར་ཡོད་ལ། ཀྲུང་གོ་གྲངས་ཉུང་མི་རིགས་རྩོམ་པ་པོའི་སློབ་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་གྱི་ཡིག་བྲིས་པའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་འགན་བཞེས་མུས་སུ་བཞུགས་པ་ལགས་སོ། །
༄།ཨ་མདོའི་ཡིག་བྲིས་པ་ཆེན་མོ་རྨོག་རུ་དོན་གྲུབ་ཚེ་རིང་གིས་ཕྱག་བྲིས་གནང་བའི་ཚུགས་ཆེན་གྱི་དཔེ་མཚོན།
༄།ཨ་མདོའི་ཡིག་བྲིས་པ་ཆེན་མོ་རྨོག་རུ་དོན་གྲུབ་ཚེ་རིང་གིས་ཕྱག་བྲིས་གནང་བའི་ཚུགས་ཆུང་གི་དཔེ་མཚོན།
༄།ཨ་མདོའི་ཡིག་བྲིས་པ་ཆེན་མོ་རྨོག་རུ་དོན་གྲུབ་ཚེ་རིང་གིས་ཕྱག་བྲིས་གནང་བའི་འབྲུ་ཚའི་དཔེ་མཚོན།
༄།ཨ་མདོའི་ཡིག་བྲིས་པ་ཆེན་མོ་རྨོག་རུ་དོན་གྲུབ་ཚེ་རིང་གིས་ཕྱག་བྲིས་གནང་བའི་ཚུགས་མ་འཁྱུག་གི་དཔེ་མཚོན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com