མཚོ་སྔོན་པོ་དྲ་བས་བོད་རབ་རྒྱན་ཤིང་མོ་ལུག་ལོར་ཕུལ་བའི་ཤིས་ཚིག
༄༅། །དུས་བཞིའི་མགོ་མ་གཡང་མོ་ལུག་གིས་བསུ།།
ཆོལ་གསུམ་སྤུན་ཟླ་འཛོམས་ཤིང་སྐྱིད་ལ་འགུག །
དོན་གཉིས་ལྷུན་གྲུབ་དགའ་བདེའི་དཔལ་ལ་སྤྱོད།།
རིགས་གཅིག་བོད་པའི་ལོ་སར་བཀྲ་ཤིས་ཤོག །
བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་ལོའི་གནམ་ལོ་གསར་ཏུ་ཚེས་པའི་སྐྱ་རེངས་ཀྱི་ཡོལ་བ་ཕྱེ་ལ་ཉེ་བའི་དུས་ཀྱི་དབུ་མ་འདིར། ངེད་མཚོ་སྔོན་པོ་དྲ་བའི་ལས་མི་ཡོངས་ཀྱིས་སྤྱི་འཛམ་བུ་གླིང་དང་སྒོས་སུ་རྒྱལ་ཁབ་ཕྱི་ནང་ཀུན་ན་ཡོད་པའི་བོད་ཀྱི་རིགས་མཐུན་སྤུན་ཟླ་ཡོངས་ལ་འཛམ་གླིང་ཞི་བདེ་བརྟན་ཅིང་སྐུ་ལུས་ན་ཚ་མེད་པ། ནང་མི་ལྷན་འཛོམས་བྱུང་ཞིང་བསམ་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཁ་གཡང་སྙན་མོ་སྙིང་ནས་ཞུ།
ཉེ་བའི་ལོ་འདི་དག་གི་རིང་ལ། དྲ་བའི་ལམ་ནས་རིག་གཞུང་འཚོལ་ཞིབ་དང་དཔེ་ཀློག་རྩོམ་འབྲི། སྒྱུ་རྩལ་མྱོང་རོལ་དང་གསར་འགྱུར་བརྒྱུད་སྒྲོག་སོགས་ཀྱི་ལས་ཀ་སྔར་བས་ཛ་དྲག་ཆེ་ཞིང་། དུས་བསྟུན་འཕེལ་རྒྱས་ལ་གཞིག་ནས་ས་གནས་དང་གཞུང་སྒེར་གང་རུང་གི་དྲ་ཚིགས་སོ་སོས་རང་རང་གི་དྲ་བའི་ནང་དོན་གྱི་གཞི་རྒྱ་ཇེ་ཆེ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ཕྱོགས་ཡོངས་དྲ་གྲོགས་དག་གི་རེ་འདོད་སྐོང་བར་འབད་འབུངས་ཧུར་ཐག་བྱེད་བཞིན་ཡོད།ང་ཚོའི་དྲ་ཚིགས་སྟེ། མཚོ་སྔོན་པོ༼བོད་རྒྱ་ཡིག༽དྲ་བ་དང་མཚོ་སྔོན་པོ༼བོད་རྒྱ་ཡིག༽ ཟིན་བྲིས། མཚོ་སྔོན་པོའི་རླབས་སྒྲ་སྟེ་རོལ་དབྱངས་དྲ་བ་བཅས་ལ་མཚོན་ནས་བཤད་ནའང་། མདོ་སྨད་ས་ཡི་ཐིག་ལེ་ན་འོད་དུ་འཚེར་བའི་གཡུ་ཡི་མེ་ལོང་ཞིག་གམ། གསར་འགྱུར་དང་རིག་གནས། སྒྱུ་རྩལ་དང་དམངས་སྲོལ་སོགས་ཀུན་འདུས་ཀྱི་རིག་བརྒྱའི་བང་མཛོད་ཅིག་ཡིན།
མཚོ་སྔོན་པོ་དྲ་བ་བཙུགས་ཚུན་གྱི་ལོ་ངོ་འདི་དག་གི་གོམ་པའི་འདེགས་འཇོག་རེ་རེ་ལ། བཀའ་དྲིན་གཞལ་དུ་མེད་པའི་མགོ་ཁྲིད་དང་ལས་གྲོགས་ཡོངས་ཀྱི་ངལ་མེད་ཐུགས་ཁུར་དང་བརྩོན་སེམས། མཛའ་མཐུན་ཕྱི་ཐག་རིང་བའི་དྲ་གྲོགས་ལྷན་རྒྱས་ཀྱི་དགོས་པའི་དགོངས་འཆར་དང་རྒྱབ་སྐྱོར་གྱི་རྔུལ་ཆུ་སིམ་ཡོད་པ་སྨོས་མ་དགོས་ལ། དྲ་བ་འདིས་ཀྱང་ལོ་ཟླའི་འགྲུལ་ལམ་ནས། འུ་ཅག་ལ་འཛམ་གླིང་སྐོར་བལྟ་བྱེད་པའི་རྣོ་དབལ་གྱི་མིག་ཟུང་སྤྲད། རིག་པའི་རྒྱ་མཚོ་བརྒལ་བའི་ངོ་མཚར་གྱི་གོ་གྲུ་བསྩལ། བསམ་བློའི་ལག་རྩལ་བརྗེ་བའི་ཡིད་འོང་གི་སྟེགས་བུ་བསྐྲུན། ཡིད་སེམས་བདེ་ལ་འགོད་པའི་སྒྱུ་རྩལ་གྱི་བདུད་རྩི་བཤམས།
ཀུན་ནས་དགའ་བསུ་ཆེན་པོ་གནང་བཞིན་པའི་ངེད་མཚོ་སྔོན་པོ་དྲ་བར་མཚོན་ནའང་། དུས་ཀྱི་འཕེལ་འགྲོས་དང་བསྟུན་ནས་དྲ་ངོས་ཇུས་འགོད་དང་ལེ་ཚན་ནང་དོན་སོགས་ཕུན་སུམ་ཇེ་ཚོགས་ལ་དུས་དང་རྣམ་པ་ཀུན་ཏུ་འབད་པ་ལྷོད་མེད་སྒོས་དྲ་གྲོགས་རྣམས་ཀྱི་སློབ་སྦྱོང་དང་བསམ་བློའི་འགྲུལ་བཞུད་ཀྱི་ཁོར་ཡུག་ཇེ་རྒྱས་ཇེ་ལེགས་སུ་གཏོང་གིན་ཡོད་ལ། ལྷག་དོན་ཚན་རིག་ལག་རྩལ་གྱི་ཁྱབ་རྒྱ་ཆེ་རུ་སོང་ནས་འཛམ་གླིང་ཆ་འཕྲིན་ཅན་དང་རིག་གནས་སྣ་མང་ཅན་དུ་འགྱུར་བའི་འཕེལ་རིམ་ཁྲོད། ང་ཚོས་ཀྱང་བོད་ཀྱི་སྲིད་འབྱོར་རིག་གསུམ་དེང་རབས་ཅན་དང་སྔོན་ཐོན་ཅན་དུ་ཁ་ཕྱོགས་པའི་ཡང་དག་གི་བགྲོད་ལམ་ལས་སྔར་ཡོད་ཀྱི་དྲ་བ་གཞིར་བྱས། ལོ་སྔ་མ་ནས་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གསར་སྤེལ་གྱི་ལས་གཞིའི་མགོ་བཟུང་ཞིང་། འཚོལ་བཤེར་མ་ལག་འཛུགས་སྐྲུན་གྱི་གོ་རིམ་ཁྲོད། དྲ་བ་དང་ཟིན་བྲིས། རོལ་དབྱངས་བཅས་ཀྱི་དྲ་ངོས་ཇུས་འགོད་དང་སྒྲོམ་གཞི་ལེགས་སྒྲིག རིགས་དབྱེ་ཞིབ་ཚགས། ནང་དོན་འཐུས་ཚང་། མ་ལག་གསར་སྒྱུར་གྱི་ཐད་ལའང་བློ་དང་རིག་པ་ཞིབ་ཏུ་བཏང་ནས། བོད་རང་གི་ཐུན་མིན་གྱི་ཁྱད་ཆོས་མ་ཉམས་ཤིང་དེང་རབས་དུས་མཐུན་གྱི་གསར་གཏོད་མངའ་བ། དྲ་གྲོགས་ལྷན་རྒྱས་ཀྱི་དང་བ་འདྲེན་ཞིང་འདོད་བློ་བསྐང་ཐུབ་པ། རིགས་མཐུན་བོད་མིའི་རྒྱ་ཆེ་ཞིང་གཏིང་ཟབ་པའི་རིག་གཞུང་ཆུ་གཏེར་ཆེན་པོ་འདིས། ཕྱོགས་བཅུའི་སྐྱེ་བོ་ཀུན་གྱི་སྐོམ་གདུང་སེལ་ཐུབ་པའི་སྟེགས་བུ་ཡག་ཤོས་ཤིག་མི་འགྱངས་པར་རྒྱ་ཆེའི་གཟིགས་མོ་བའི་སྤྱན་སྔར་བསྟར་གྲབས་ཡོད་པས་ཀུན་པོའི་དགོངས་འཆར་དང་རྒྱབ་སྐྱོར་གནང་བར་སྙིང་ནས་རེ།
དེ་ལྟ་བས་ན། སླད་མར་ཡང་གྲོགས་པོ་ལྷན་རྒྱས་ཀྱི་བརྩེ་བའི་མིག་ཟུང་ལས་གཡོལ་བར་མི་བྱ་ཞིང་། སྐྱོར་བའི་ཕྱག་ཟུང་གིས་གཏོང་བར་མི་གནང་བར་རིགས་མཐུན་གྲོགས་པོ་ཡོངས་ལ་ཤེས་བྱའི་གཤིན་ས་སྔར་བས་ངོ་མཚར་བ་ཞིག་བསྐྲུན་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། གཞན་དུ་མཚོ་སྔོན་པོ་དྲ་བའི་འདབ་གཤོག་གླིང་ལ་རྒྱས་ཤིང་དྲ་གྲོགས་རྣམ་པའི་བསམ་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་སྨོན་འདུན་སྙིང་ནས་ཞུའོ།། །།
ཞེས་མཚོ་སྔོན་པོ་དྲ་བ་ནས།
2015ལོའི་སྤྱི་ཟླ2པའི་ཚེས18ཉིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com