ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > ༄༅།།ཁུལ་མི་རིགས་མཐོ་འབྲིང་གཉིས་པས་སྙན་ངག་གྱེར་འདོན་གྱི་བྱ་འགུལ་སྤེལ།
༄༅།།ཁུལ་མི་རིགས་མཐོ་འབྲིང་གཉིས་པས་སྙན་ངག་གྱེར་འདོན་གྱི་བྱ་འགུལ་སྤེལ།
རྩོམ་པ་པོ།:བྱ་གཞུང་གནམ་ལྷ་འབུམ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-12-03 09:57:55
ཀློག་གྲངས།:

2020ལོའི་ཟླ12པའི་ཚེས1ཉིན། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་སྣ་འཛོམས་ཐོག་ཁང་ཆེན་མོ་རིག་བྱེད་ཕུན་ཚོགས་གླིང་གི་མདུན་ཐད་དུ། “ཆོས་དབྱངས་རྟགས་མའི”སྙན་ངག་མཉམ་འདོན་གྱི་བྱ་འགུལ་སྐབས་བརྒྱད་པ་གཟབ་རྒྱས་ངང་སྤེལ།

“ཆོས་དབྱངས་རྟགས་མའི”སྙན་ངག་གྱེར་འདོན་ནི་བོད་ཡིག་ཁྲིད་དཔྱོད་ཁག་གིས་གཏན་འབེབས་བྱས་པའི་མཐོ་གཉིས་རིམ་པའི་སློབ་སྐབས་དང་པོའི་སྲོལ་རྒྱུན་གྱི་བྱ་འགུལ་གལ་ཆེན་ཞིག་རེད། འཛིན་གྲྭ་སོ་སོའི་བོད་ཡིག་དགེ་རྒན་གྱིས་ཁུར་ལེན་དང་མཛུབ་སྟོན་འོག་སློབ་གྲོགས་ཚོས་ཀྱང་རྩིས་མཐོང་ཆེན་པོ་དང་ནན་ཏན་སྒོས་གཟའ་འཁོར་དུ་མར་སྟ་གོན་གང་ལེགས་བྱས་རྗེས། གཟའ་མིག་དམར་ཉིན་གྱི་ཉིན་གུང་དུས་ཚོད་གཅིག་དང་ཕྱེད་ཀའི་སྟེང་བྱ་འགུལ་དངོས་སུ་མགོ་བརྩམས། མདོ་འཛིན་པས་འགྲན་ཞུགས་ཀྱི་འཛིན་གྲྭ་སོ་སོའི་མིང་ཐོ་རིམ་པར་བསྒྲགས་པ་དང་ལྷན་དུ།ཁྱད་ཆོས་མངོན་པར་གསལ་ཞིང་ཁ་དོག་རྣམ་པར་བཀྲ་བའི་མི་རིགས་ཀྱི་རྒྱན་གོས་སྤྲས་པའི་སློབ་གྲོགས་ཚོ་གྲལ་འགྲིག་ཅིང་གོམ་འགྲོས་མཉམ་པའི་སྒོ་ནས་འགྲན་སྟེགས་སུ་བུད་ནས་རུ་དབྱིབས་སྣ་ཚོགས་སུ་བསྒྲིགས་ཤིང་། སློབ་མ་རེ་རེའི་ངོ་གདོང་ལ་ཡིད་ཆེས་དང་སྤོབས་པས་ཁེངས་འདུག སྙན་དབང་གསོ་བའི་བདུད་རྩི་རུ་འབབ་པའི་རྒྱབ་ལྗོངས་རོལ་མོའི་དབྱངས་རྟ་དང་འགྲོགས་ནས། དཔལ་དོན་འགྲུབ་རྒྱལ་གྱི《ལང་ཚོའི་རྦབ་ཆུ》དང་《འདི་ནའང་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག》 ལྗང་བུའི《གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས།》འཇུ་སྐལ་བཟང་གི《རང་ཁྱིམ》 དོན་འགྲུབ་དབང་འབུམ་གྱི《ས་སྒང་སྔས་སུ་བྱས་པའི་སྐར་མ་འོད་ཆེན》 ལྷོ་བ་འགྱུར་མེད་རྡོ་རྗེའི《ཕ་སྐད།》 གཉན་གྱི《འབྲོང་དྲན་པའི་ཟིན་ཐོ།》 སོགས་བརྩེ་དུང་གིས་ཕྱུག་ཅིང་སྨྲ་བརྗོད་དག་པ། སྐད་གདངས་མཉམ་ཞིང་མཐོ་དམའ་རན་པ། བྱང་ཆ་ལྡན་ཅིང་ཉམས་འགྱུར་གསལ་བའི་སྒོ་ནས་མཉམ་འདོན་བྱས་ཤིང་། གྱེར་བྱའི་སྙན་ངག་གི་བརྗོད་བྱ་དང་བསྟུན་ནས་འཕྲེད་ཡིག་འཐེན་པ་དང་མཛེས་རིས་བཤམས་པ། གར་བྱེད་པ། གར་ཆུང་གི་རྣམ་པས་འཁྲབ་སྟོན་བྱེད་པ་སོགས་ཐེངས་སྔོན་མའི་འགྲན་སྡུར་ཁྲོད་མཐོང་དཀོན་པའི་གསར་གཏོད་ཀྱི་ཆ་མང་དུ་མཆིས། སྙན་ངག་གྱེར་འདོན་གྱི་སྒྱུ་རྩལ་ཤན་སྟོབས་ལ་ལ་བརྟེན་ནས་ལ་ལས་ཡིད་ཀྱི་མཚོ་མོ་དྲག་ཏུ་བསྐྱོམས་པར་བྱས་ནས་མིག་ལ་མཆི་མ་དབང་མེད་དུ་འབབ་པར་བྱེད་ཅིང་། ལ་ལས་སྙིང་ལ་སྐུལ་ལྕག་གི་ཕུར་བ་བཏབ་ནས་སྤོབས་པའི་མེ་དཔུང་རབ་ཏུ་སྦར་བར་བྱེད། ཡང་ལ་ལས་བསམ་གཞིག་གི་སྒོ་འཕར་ཡངས་པོར་ཕྱེ་ནས་མུ་མེད་ཕྱིར་རྟོག་གི་ཀློང་དུ་འཁྲིད་པར་བྱེད་ཅིང་། ལ་ལས……

ཇི་སྐད་དུ། རྗེ་ཙོང་ཁ་པ་ཆེན་པོས། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། །ཞེས་གསུངས་པ་བཞིན་སྐད་ཆའི་ཉིང་བཅུད་དུ་གྱུར་བའི་སྙན་ངག་ནི་སྔོན་བྱོན་དམ་པ་མང་པོས་ཤིན་ཏུ་གཙིགས་ཆེན་བྱེད་པའི་རིག་གནས་ཤིག་ཡིན་པ་མཟད། མཐོ་འབྲིང་སློབ་དེབ་ཁྲོད་གོ་གནས་གལ་ཆེན་ཟིན་སྦྱངས་བྱ་གཙོ་བོ་ཞིག་ཀྱང་ཡིན་པས། བྱ་འགུལ་འདི་ལ་བརྟེན་ནས་སློབ་མ་ཚོའི་སྙན་ངག་གྱེར་འདོན་གྱི་ནུས་པ་མཐོར་འདེགས་བྱུང་བ་མ་ཟད། སྙན་ངག་ལ་དགའ་བར་འགྱུར་བ་དང་སྙན་ངག་སྦྱོང་འདོད་ཀྱི་འདུན་པ་སྔར་ལས་ཇེ་དྲག་ཏུ་འགྲོ་བར་ཡང་ཕན་ཐོགས་ཆེན་པོ་བྱུང་།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།