༄༅།།མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གསུམ་པས་གཟའ་སྤེན་པའི་གླེང་སྟེགས་སྐབས་བདུན་པ་སྤེལ།

རྩོམ་པ་པོ།:བསེ་ཐར་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2021-03-23 09:07:23 ཀློག་གྲངས།:19812
      ཟླ3པའི་ཚེས20གྱི་ཉིན་གུང་དུས་ཚོད་གཅིག་སྟེང་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གསུམ་པས་སློབ་མའི་བསམ་སྦྱོར་ལེགས་ལམ་དུ་བཀྲི་བ་དང་བདེ་སྐྱིད་ཀྱི་མི་ཚེ་བསྐྲུན་པར། དམིགས་མེད་བྱམས་བརྩེ་ཡི་མདུན་ཡག་པ། དྲང་བདེན་འདྲ་མཉམ་གྱི་ཐིག་དྲང་བ། རང་བཀུར་རྩིས་མཐོང་གི་མགོ་མཐོ་བ། རྨོངས་འཇོམས་ཤེས་རབ་ཀྱི་བློ་རྒྱས་པར་དམིགས་ནས་སློབ་གྲྭའི་རིག་གཞུང་སྙན་ཞུ་ཁང་དུ་གཟའ་སྤེན་པའི་ཀུན་སྤྱོད་དང་བློ་འབྱེད་གླེང་སྟེགས་སྐབས་བདུན་པ་སྟེ་མཐོ་གཅིག་སློབ་མ་ལྔ་བརྒྱ་ལྷག་ལ་སློབ་སྟོན་ཁང་གི་ཀྲུའུ་རིན་རྒན་བན་དེ་ཚེ་རིང་རྒྱལ་ལགས་ནས་མཐོ་འབྲིང་སློབ་མའི་སློབ་སྦྱོང་བྱེད་ཐབས་སྐོར་ནས་གླེང་བརྗོད་ཀྱི་བྱ་འགུལ་སྤེལ། ཐོག་མར་རྒན་བསེ་ཐར་འབུམ་ལགས་ནས་ཐེངས་འདིའི་གླེང་སྟེགས་ལ་མདོ་འཛིན་གནང་བ་དང་ལས་གང་སྒྲུབ་པ་ལ་ཀུན་སློང་གཙང་མ་སྔོན་དུ་འགྲོ་དགོས་པ་དང་སློབ་མའི་ལས་འགན་ནི་སློབ་གཉེར་བྱ་བ་ཡིན་ཞིང་། སློབ་གཉེར་བྱ་བའི་དམིགས་ཡུལ་ནི་མི་གྲལ་ལ་ཚུད་པ་དང་དུག་གསུམ་ལས་གྲོལ་ཏེ་རང་རྒྱུད་ལེགས་པར་བཅའ་བ་ཡིན་པས། འདི་བཞུགས་སློབ་གྲོགས་ཚོས་རང་རྒྱུད་ཀྱི་རྨོངས་པ་གྲོལ་བར་མི་ཚེ་གང་བོར་རྒྱུན་སྐྱོང་ཐུབ་པའི་སློབ་གཉེར་བྱ་དགོས་པ་དང་སློབ་གཉེར་བྱ་བ་ཡང་ཐབས་དང་བརྩོན་པ་གཉིས་ཟུང་དུ་སྦྲེལ་དགོས་ཞེས་ཐེངས་འདིའི་གླེང་བརྗོད་ལ་གླེང་སློང་མཛད།
     
      ཐེངས་འདིའི་གླེང་བརྗོད་པ་རྒན་བན་དེ་ཚེ་རིང་རྒྱལ་ལགས་ནས་གསུངས་དོན། ང་ཚོ་དང་ན་ཚོད་མཉམ་པ། སློབ་ར་གཅིག་ནས་མཉམ་དུ་སློབ་གཉེར་བྱས་མྱོངས་པའི་སློབ་གྲོགས་མང་པོ་ཞིག་གིས་སློབ་སྦྱོང་ལ་འབད་བརྩོན་མ་བྱས་པས། མཐོ་འབྲིང་གི་སློབ་གསོ་མྱང་བའི་སྐལ་བ་བྲལ་ཡོད། ཡིན་ཡང་ང་ཚོར་གོ་སྐབས་ཡག་པོ་འདི་འདྲ་ཐོབ་པ་ལ་དགའ་འོས་པ་དང་མཐོང་ཆེན་བྱ་དགོས་པས། གོ་སྐབས་ལ་དམ་འཛིན་དང་རང་ཉིད་ལ་ཡིད་ཆེས་བྱ་དགོས་ཞེས་སློབ་སྦྱོང་གི་དམིགས་འབེན་ཇི་ལྟར་གཏན་འཁེལ་བྱ་བ་དང་འཆར་གཞི་ཇི་ལྟར་བཟོ་བ། ལག་བསྟར་ཇི་ལྟར་བྱ་བ། སྤྱི་སྡོམ་དང་དབྱེ་ཞིབ་བྱ་བ་སོགས་ནས་རང་ཉིད་མྱོངས་པ་དེ་དཔྱད་པ་མཐའ་རུ་བསྐྱེད་དེ་ཤེས་པ་བརྒྱུད་སྒྲོག་གནངས་སོ།།
      མཇུག་མཐར་རྒན་བན་ཚེའམ་བན་དེ་ཚེ་རིང་རྒྱལ་ལགས་ནས་ཚོགས་ཞུགས་སློབ་མ་དག་ལ་ལས་གང་ཞིག་ཡིན་ཡང་དཀའ་བ་བསྐྱེད་ན་འགྲུབ་ཅེས་པའི་ཡིད་ཆེས་ནི་སློབ་གཉེར་བ་ཞིག་ལ་མཚོན་ན་བོར་མི་རུང་བའི་སྙིང་སྟོབས་ཤིག་ཡིན་ལ། ལས་ཐམས་ཅད་ལེགས་འགྲུབ་ཡོང་བའི་རྨང་རྡོའམ་རྩ་བ་ཡིན་པས། རྩ་བ་མེད་ན་རྩེ་མོ་རྒྱས་མི་སྲིད་པ་བཞིན་ལས་ཐམས་ཅད་ཀྱི་དབུ་ནི་ཡིད་ཆེས་ཡིན་ཞེས་གླེང་བ་མ་ཟད། སངས་རྒྱས་ཀྱིས་ཀྱང་། དགེ་སློང་དག་དང་མཁས་རྣམས་ཀྱིས། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། བརྟག་པར་བྱ་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས་པ་ནང་བཞིན་ངས་བཤད་པ་དག་ལས་རང་ལ་འཚམ་པ་ལོངས། མི་འཚམ་པ་དོར། མ་དཔྱད་པར་བླང་དོར་བྱ་བ་ལ་མི་འཐད་དོ་ཞེས་དུས་ཚོད་ཀྱི་དབང་གིས་ཐེངས་འདིའི་གླེང་བརྗོད་མཇུག་བསྡུས་སོ།།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།