༄༅། །འབའ་རྫོང་མི་རིགས་སློབ་འབྲིང་གཉིས་པས་དམངས་ཁྲོད་རིག་གནས་འཁྲབ་བཤད་འགྲན་སྡུར་གྱི་བྱ་འགུལ་སྤེལ།

རྩོམ་པ་པོ།:ཨོའུ་རྒྱ་ཀླུ་འབུམ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-12-09 13:58:06 ཀློག་གྲངས།:
        ཏང་གི་སློབ་གསོའི་སྲིད་ཇུས་ཀྱི་དགོངས་དོན་ཁྱོན་ཡོངས་སུ་དར་སྤེལ་གཏོང་བའི་སྐལ་བཟང་གི་དུས་འདི་དང་། སྲོལ་རྒྱུན་རིག་གནས་སློབ་རར་འདྲེན་པའི་སྲིད་ཇུས་ལག་བསྟར་གྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་ཞིང་ས་གནས་སློབ་གསོའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་སློབ་རའི་རིག་གནས་ཀྱི་མ་ལག་ཅིག་འཛུགས་པ་དང་། ཕ་མེས་ཡང་མེས་ནས་བརྒྱུད་པའི་དམངས་ཁྲོད་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ། སློབ་མའི་རྒྱུད་ལ་སྐད་ཆའི་རིག་གནས་ཀྱི་བག་ཆགས་བསྒོས་ཏེ་ཕྱོགས་བསྡུས་ཀྱི་ཡོན་ཚད་མཐོར་འདེགས་གཏོང་བ་བཅས་ལ་དམིགས་ཤིང་། སྒོས་སུ་རྗེས་རབས་པ་རྣམས་ཀྱིས་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དམངས་སྲོལ་རིག་གནས་ལ་རྒྱུས་ལོན་བྱེད་པའི་དགོས་མཁོར་གཞིགས་ཏེ། 2021ལོའི་སྤྱི་ཟླ12པའི་ཚེས7ཉིན་གྱི་ཕྱི་དྲོའི་དུས་ཚོད14:30སྟེང་འབའ་རྫོང་མི་རིགས་སློབ་འབྲིང་གཉིས་པས་སློབ་གྲྭའི་ལུས་སྦྱོང་གླིང་དུ་དམངས་ཁྲོད་རིག་གནས་ཀྱི་འཁྲབ་བཤད་འགྲན་སྡུར་གཟབ་རྒྱས་ངང་སྤེལ། 
        ཐེངས་འདིའི་དམངས་ཁྲོད་རིག་གནས་འཁྲབ་བཤད་འགྲན་སྡུར་གྱི་བྱ་འགུལ་འདི་སློབ་གྲྭའི་ལོ་རིམབདུན་པ་དང་ལོ་རིམ་བརྒྱད་པའི་སློབ་གྲོགས་རྣམས་ལ་དམིགས་ནས་ཚོ་ཆུང་གཉིས་སུ་བཀར་ནས་སྤེལ་པ་ཡིན་ཏེ། ལོ་རིམ་བདུན་པའི་འགྲན་ཞུགས་སློབ་གྲོགས་ཀྱིས་དམངས་ཁྲོད་དུ་རྒྱུགས་ཆེ་བའི་གཏམ་དང་བཤད་པའི་རིགས་འཁྲབ་བཤད་བྱས་པ་དང་། ལོ་རིམ་བརྒྱད་པའི་སློབ་གྲོགས་རྣམས་ཀྱིས་གེ་སེར་སྒྲུང་འཁྲབ་བཤད་བྱས་ཏེ་སློབ་རའི་རིག་གནས་ཀྱི་རྣམ་པ་ཕུན་སུམ་ཚོགས་པར་སྤེལ་བར་མ་ཟད། མཚོ་སྔོན་ཞིང་ཆེན་གེ་སེར་རིག་གནས་རྒྱུད་འཛིན་ཚོགས་པའི་ཚོགས་མི་པདྨ་དབང་ཆེན་དང་། མཚོ་ལྷོ་ཁུལ་གེ་སེར་རིག་གནས་ཚོགས་པའི་ཚོགས་གཙོ་གཞོན་པ་མགར་དབང་ཆེན། འབའ་རྫོང་གི་དམངས་ཁྲོད་རིག་གནས་རྒྱུད་འཛིན་པ་གངས་རི་དཀར་པོ་དང་འཇིགས་མེད་དབང་གྲགས་བཅས་གདན་ཞུ་གནང་སྟེ་དཔེ་སྟོན་འཁྲབ་བཤད་གནང་དུ་བཅུག་སྟེ་བྱ་འགུལ་གྱིས་ཕན་འབྲས་བླ་ལྷག་ཐོན།
        དཔྱད་འདེམ་དགེ་རྒན་དག་གིས་རྒྱུ་འབྲས་དྲང་སྙོམ་དང་གཟབ་ནན་གྱིས་འཁྲབ་ཚིག་ལ་བྱང་ཆ་ལྡན་མིན་དང་འཁྲབ་བཤད་ལ་ཉམས་འགྱུར་ལྡན་མིན། ཆ་ལུགས་ཚུལ་ལྡན་ཡིན་མིན། དགོས་ངེས་ཀྱི་འཁྲབ་ཆས་འཛོམས་མིན་སོགས་ཀྱི་ཚད་གཞི་གནད་དུ་བཟུང་སྟེ་དཔྱད་འདེམ་གྱི་ལས་རིམ་རབས་དང་རིམ་པ་ཞིག་བརྒྱུད་མཐར། ཚོ་ཆུང་རེ་ནས་ཨང་དང་པོ་གཅིག་དང་ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ། རྟིང་སྐུལ་བྱ་དགའ་བཅུ་བཞི་སྟེ་ཁྱོན་སློབ་གྲོགས27ལ་བྱ་དགའི་གཟེངས་རྟགས་གནང་།
        ཐེངས་འདིའི་དམངས་ཁྲོད་རིག་ནས་འཁྲབ་བཤད་འགྲན་སྡུར་གྱི་བྱ་འགུལ་འདི་སྤེལ་ནས་སློབ་མ་རྣམས་ལ་རང་དབང་དང་དཀྱེལ་ཡངས། རེ་བ་དང་ཡིད་ཆེས། སྤྲོ་སྣང་དང་འགྲན་རྩོད་ཀྱིས་ཁེངས་པའི་སློབ་སྦྱོང་གི་ཁོར་ཡུག་ཅིག་བསྐྲུན་ཞིང་། སློབ་མ་རྣམས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཀྱིས་སློབ་མའི་རྒྱུད་ལ་སྐད་ཆའི་རིག་གནས་ཀྱི་བག་ཆགས་བསྒོས་ཏེ་ཕྱོགས་བསྡུས་ཀྱི་ཡོན་ཚད་མཐོར་འདེགས་བཏང་བར་མ་ཟད། སློབ་མ་རྣམས་ཀྱིས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སློབ་སྦྱོང་དང་རྒྱུན་འཛིན་བྱེད་པའི་ཐད་ལའང་གྲུབ་འབྲས་མི་དམན་པ་ཐོན།      
        མཇུག་མཐར་དཔྱད་འདེམ་པའི་འཐུས་ཚབ་དག་གིས་ཐེངས་འདིའི་དམངས་ཁྲོད་རིག་གནས་འཁྲབ་བཤད་འགྲན་སྡུར་གྱི་བྱ་འགུལ་དང་འབྲེལ་ནས་སློབ་མ་རྣམས་ལ་ཕུལ་བྱུང་གི་དམངས་ཁྲོད་རིག་གནས་སློབ་སྦྱོང་དང་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ་ཕྱོགས་ཡོངས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་དགོས་པའི་ཐད་ཀྱི་གསུང་བཤད་གལ་ཆེན་གནང་སྟེ་བཀྲ་ཤིས་བདེ་ལེགས་ངང་མཇུག་བསྡུས་སོ།།
བཤད་པ་ངག་རིག་མེ་ཏོག གངས་ཅན་གཞོན་ནུའི་རྒྱན་ཡིན།
སྲིད་པའི་གཏམ་གྱི་རང་སྒྲ། ཐོས་འཛིན་རྣ་བའི་བཅུད་ལེན།
མི་ང་དང་ང་ངོ་མ་ཤེས་ན། ང་ཤེས་བརྩོན་གཉིས་ཀྱི་བདག་པོ་ཡིན།
ངའི་ངག་ན་ཐ་ལ་དྲུག་འགྱུར་ཡོད། ངའི་བློ་ན་གེ་སེར་སྒྲུང་རབས་ཡོད།
འཁྲབ་བཤད་འགྲན་སྡུར་ལས་བྱ་དགའ་ཐོབ་པའི་དཔྱོད་ལྡན་སློབ་བུའི་ཚོགས།
གནས་ཚུལ་མཁོ་འདོན་བྱ་མཁན་ནི་ཨོའུ་རྒྱ་ཀླུ་འབུམ་རྒྱལ་ཡིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།