༄༅། །མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་གནམ་ལོ་གསར་བ་བསུ་བའི་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:བྱ་གཞུང་གནམ་ལྷ་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-01-04 14:40:00 ཀློག་གྲངས།:18884
        སྤྱི་ལོ༢༠༢༡ལོའི་ཟླ༡༢པའི་ཚེས༣༡ཉིན་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་ལུས་རྩལ་ར་བར་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བ་དང་སྤྱི་ལོ༢༠༢༢བསུ་བའི་རིག་རྩལ་འཁྲབ་སྟོན་གྱི་བྱ་འགུལ་སྤེལ།
        ཞོགས་པར་ཁ་བ་དཀར་པོས་སློབ་གྲྭའི་ཁོ་ར་ཁོར་ཡུག་རབ་དཀར་དག་གཙང་གི་འཇིག་རྟེན་ཏུ་བསྒྱུར་དང་སྒྱུར་བཞིན་ནི། དགུན་གྱི་བདག་མོས་ཁ་བཏགས་དཀར་པོ་ཡུག་གཅིག་བསྣམས་ནས་སྤྱི་ལོ༢༠༢༢ལ་ཕེབས་བསུ་ཞུ་བ་དང་ཀུན་ནས་མཚུངས་ལ། ཕྱི་དྲོར་དྲོད་འཇམ་གྱི་ཁྲི་གདུགས་ཉི་མས་གཡའ་དག་པའི་ནམ་མཁར་མཚར་སྡུག་གི་འོད་སྟོང་རྣམ་པར་སྤྲོ་བ་ནི། གནམ་ལོ་གསར་བའི་ནང་དུ་འཛམ་གླིང་ཁྱོན་ཀུན་གྱི་རིམས་ནད་མ་ལུས་ཅིག་ཅར་དུ་ཞི་ནས་འགྲོ་བ་མི་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་བའི་ཁ་དྲོ་བཀྲ་ཤིས་ཀྱི་རྟེན་འབྲེལ་བསྒྲིགས་པ་དང་གཉིས་སུ་མེད།
མགོ་རྩོམ་མཛད་སྒོ།
སྙན་མོ་གླུ་ཡིས་འཁྲབ་སྟོན་གྱི་ཡོལ་བ་དངོས་སུ་ཕྱེས།
        ཉིན་གུང་ཆུ་ཚོད་གཉིས་པའི་སྟེང་བོད་རྒྱ་དབྱིན་གསུམ་གྱི་སློབ་མའི་མདོ་འཛིན་པས་གནམ་ལོ་གསར་བ་བསུ་བའི་ཤིས་ཚིག་གིས་སྣེ་དྲངས་ཏེ་སྤྲོ་ཚོགས་ཀྱི་མགོ་དངོས་སུ་བརྩམས། དུས་ཚོད་གཅིག་དང་ཕྱེད་ཀ་ཙམ་གྱི་རིང་དུ། སློབ་གྲྭའི་རིག་རྩལ་ཚོགས་པ་དང་ལོ་རིམ་ཁག་སོ་སོའི་དགེ་རྒན་དང་སློབ་མའི་ཚབ་མཚོན་རུ་ཁག  ཅང་སུའུ་ནས་ཕེབས་པའི་སློབ་ཁྲིད་སློབ་གསོའི་རོགས་སྐྱོར་དགེ་རྒན་དང་སློབ་གྲྭའི་མཁོ་སྒྲུབ་སྡེ་ཁག་སོགས་ཀྱིས«གནམ་ལོ་གསར་བར་རྟེན་འབྲེལ་ཞུ།»ཞེས་པ་དང་། «རྨི་ལམ་ནང་གི་ཉི་མ།» «གངས་རིའི་ཞབས་བྲོ།» «ཨ་ཅེ་རོང་མོ།» «བོད་པའི་བུ་མོ།» «ཐད་གཏོང་བ» «བོད་པ་ཚང་།» «བཀྲ་ཤིས་བདེ་ལེགས»སོགས་དམངས་གླུ་དང་ཞབས་བྲོ། ཨ་རྩེད། གར་ཆུང་། གླུ་གཞས་མཉམ་ལེན་སོགས་རྣམ་པ་མི་འདྲ་ཞིང་ནང་དོན་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་གསོལ་སྟོན་ཆེན་མོ་ཞིག་དགེ་སློབ་ཀུན་གྱི་ཁྲ་ཆུང་མིག་གི་དགའ་སྟོན་དང་དར་ལུང་རྣ་བའི་བདུད་རྩི་རུ་བསྩལ་ཅིང་། ལྷག་པར་དུ་དགེ་རྒན་ལྕགས་རྒྱལ་འབུམ་གྱིས་འཁྲབ་སྟོན་བྱས་པའི་«ཐད་གཏོང་བ»ཞེས་པའི་གར་ཆུང་གིས། ཆ་འཕྲིན་སྣ་ཚོགས་ཆུ་བོ་བཞིན་བརྡོལ་བའི་དེང་གི་སྨྱན་སྒེར་གྱི་དུས་རབས་འདིར། ཨ་མདོའི་འབྲོག་ཕྱོགས་ཀྱི་ས་ཆ་ག་གེ་མོ་ཞིག་ཏུ། སྐད་ངག་བདེ་ལ་སྨྲ་ལྕེ་རྒོད་པ། ཉམས་འགྱུར་གྱིས་ཕྱུག་པའི་རྫི་བོ་ཞིག་གིས་ཕྱུགས་ཟོག་རི་རྒྱག་བྱས་རྗེས་ཁ་པར་གྱི་ལམ་ནས་ཐད་གཏོད་བྱེད་པའི་མི་སྣའི་སྣང་བརྙན་གསོན་ཉམས་ལྡན་པའི་སྒོ་ནས་བཞེངས་སྐྲུན་བྱས་ཏེ། ལྟད་མོ་བ་རྣམས་རང་དབང་མེད་པར་གད་རྒྱངས་དགོད་པ་དང་ཧ་དགོད་ཀྱི་ལས་སུ་སྦྱོར་བར་བྱས།
གར་གྱི་སྟངས་སྟབས་ངོམ་ཚུལ།
སྒེག་ཉམས་ཀྱིས་ཕྱུག་པའི་གར་མ།
གར་གྱི་སྟངས་སྟབས་ངོམ་ཚུལ།
        ཐེངས་འདིའི་གནམ་ལོ་གསར་བ་བསུ་བའི་རིག་རྩལ་སྤྲོ་ཚོགས་ཀྱིས་བྲེལ་ཟིང་ཆེ་ལ་འགན་འཁྲི་ལྕི་བའི་སློབ་གྲྭའི་སློབ་གསོའི་འཚོ་བའི་བར་གསེང་དུ་དགེ་སློབ་ཡོངས་ཁམས་གསེང་ཡུད་ཙམ་བྱེད་པའི་དབུགས་དབྱུང་གི་གོ་སྐབས་ཐེངས་གཅིག་བསྩལ་ཅིང་། ལོ་རྒྱུས་ཀྱི་ཕྱིར་དྲན་དུ་གྱུར་བའི་ལོ་རྙིང་བར་སྐྱེལ་མ་ཡི་རྫོགས་ཚིག་འགོད་པ་དང་རེ་སྒུག་དང་ཡིད་ཆེས་ཀྱིས་ཕྱུག་པའི་ལོ་གསར་བའི་ནང་དུ། ལས་དོན་མཐའ་དག་ལ་གྲུབ་འབྲས་སྔར་ལས་ཀྱང་གཡུར་དུ་ཟ་བ་ལོན་ཞིང་བསམ་དོན་གྱི་རི་མོ་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་གྱི་དབུ་ཁྱུད་ཀྱང་ལེགས་པར་བྲིས་སོ། །
གར་གྱི་སྟངས་སྟབས་ངོམ་ཚུལ།
གར་གྱི་སྟངས་སྟབས་ངོམ་ཚུལ།
གར་ཆུང་འཁྲབ་པ།
གར་གྱི་སྟངས་སྟབས་ངོམ་ཚུལ།
སྤྱི་ལོ༢༠༢༢ལོའི་ཟླ༡ཚེས༡ཉིན་སྤེལ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།