མཚོ་ལྷོ་ཁུལ་གྱི2023ལོའི་རླངས་འཁོར་འཕྲུལ་རྟའི་འགྲན་སྡུར་མཇུག་སྒྲིལ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2023-06-14 10:36:45 ཀློག་གྲངས།:
       མཚོ་ལྷོ་ཁུལ་གྱི2023ལོའི་རླངས་འཁོར་འཕྲུལ་རྟའི་འགྲན་སྡུར་དེ་བསྟུད་མར་ཉིན་ལྔའི་རིང་ལ་སྤེལ་ཏེ། ཟླ6པའི་ཚེས12ཉིན་གུང་ཧོ་རྫོང་དུ་བདེ་བླག་ངང་མཇུག་སྒྲིལ་བ་རེད།
       ཐེངས་འདིའི་འགྲན་སྡུར་ནི་རང་ཁུལ་གྱིས་ཐོག་མར་སྒྲིག་འཛུགས་བྱས་པའི་གཞི་རྒྱ་ཆེ་ཞིང་རྒྱུག་ཐག་རིང་བའི་བྱེད་སྒོ་ཞིག་ཡིན་པར་མ་ཟད། འདི་ལ་འགྲན་རྩོད་ཀྱི་རང་བཞིན་དང་ཕྱོགས་བསྡུས་ཀྱི་རང་བཞིན། ཉམས་རོལ་སྤྲོ་སྣང་གི་རང་བཞིན་བཅས་ལྡན་པའི་རྩལ་སྦྱོང་གི་བྱེད་སྒོ་ཞིག་ཀྱང་རེད། ཐེངས་འདིའི་འགྲན་སྡུར་གྱི་ཁྲོད་དུ་ས་ཁུལ་མི་འདྲ་བ་ནས་ཡོང་བའི་འགྲན་ཞུགས་པ120ལྷག་ཡོད་པ་དང་། འགྲན་སྡུར་གྱི་རྣམ་པ་དེ་རླངས་འཁོར་ཆེད་ལས་ཀྱི་ཚན་སྐོར་དང་རླངས་འཁོར་ཐོན་ཚད་ཚན་སྐོར། UTVཚན་སྐོར། འཕྲུལ་རྟའི་ཚན་སྐོར་དང་ཡོངས་བསྒྲགས་ཚན་སྐོར་ཏེ་ཚན་སྐོར་ལྔ་བཅས་སྒྲིག་བཀོད་བྱས་ནས། ཁྲི་ཀ་རྫོང་དང་ཀོས་ནན་རྫོང་། ཐུན་ཏེ་རྫོང་། ཞིན་ཧེ་རྫོང་། གུང་ཧོ་རྫོང་བཅས་རྫོང་ཁག་ལྔ་རུ་འགྲན་སྡུར་གྱི་བྱེད་སྒོ་སྤེལ། འགྲན་སྡུར་བྱེད་ཡུལ་གྱི་ས་བབ་དང་རྣམ་པ་གཙོ་བོ་དེ་འགྲོས་མྱུར་བའི་འཕྲུལ་སྒུལ་གྱི་རྩལ་ནུས་ཤུགས་ཀྱིས་བཏེགས་ནས། བྱེ་ཐང་དང་ལུང་གྲོག་སོགས་ས་དབྱིབས་རྙོག་འཛིང་ཆེ་ས་དང་ལམ་བུ་ཀྱག་ཀྱོག་ཡིན་པའི་ས་ཁུལ་བདམས་ནས་འགྲན་སྡུར་བྱེད་དགོས་པ་ཞིག་ཡིན་པས་འགྲན་ཞུགས་པ་ལ་མཚོན་ནས་བཤད་ན་འགྲན་རྩོད་རང་བཞིན་ཅུང་ཆེ་བའི་འགྲན་ཁུལ་དུ་སེམས་བཞིན་ཡོད་པ་རེད།
       འགྲན་སྡུར་གྱི་གོ་རིམ་རབ་དང་རིམ་པ་ཞིག་བརྒྱུད་མཐར། འགྲན་ཞུགས་པ་ཏུང་ཁྲའོ་ལ་འཕྲུལ་རྟའི་ཚན་སྐོར་གྱི་རེས་སྐོར་གཉིས་ཀྱི་ཨང་དང་པོ་ཐོབ་པ་དང་། འགྲན་ཞུགས་པ་མཱ་ཡོན་དང་སྣེ་ཁྲིད་པ་ལིའུ་ཡོན་ལ་རླངས་འཁོར་ཐོན་ཚད་ཚན་སྐོར་གྱི་ཨང་དང་པོ་ཐོབ། དེ་མིན་འགྲན་ཞུགས་པ་ཀྲང་ཞུའེ་ཕུང་དང་སྣེ་ཁྲིད་པ་ཡན་ལེ་ལ་རླངས་འཁོར་ཆེད་ལས་ཚན་སྐོར་གྱི་ཨང་དང་པོ་ཐོབ། འགྲན་ཞུགས་པ་ཆིན་ཡུང་ལེང་དང་སྣེ་ཁྲིད་པ་ཐེན་ལེ་ལUTVཚན་སྐོར་གྱི་ཨང་དང་པོ་ཐོབ་པ་དང་། འགྲན་ཞུགས་པ་ལིན་ཝེ་ལ་ཡོངས་བསྒྲགས་ཚན་སྐོར་གྱི་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་པ་བཅས་རེད།
       མཚོ་ལྷོ་ཁུལ་ནི་མཚོ་བོད་ས་མཐོའི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་དང་ཕུན་སུམ་ཚོགས་པའི་ས་མཐོའི་རང་བྱུང་ཐོན་ཁུངས་དང་ཤུལ་བཞག་རིག་གནས་ཡོད་སའི་གནས་ཤིག་ཡིན་ལ། གནས་འདི་རུ་རླབས་ཕྲེང་མཁའ་ལ་རྩེན་པའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་དང་ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚོ་ཆེ་ཤོས། རྨ་ཆུའི་རོང་ཆེན་གྱི་མཛེས་ལྗོངས་ལྟ་ན་སྡུག་པ་བཅས་ཡོད་པ་དག་ནི་ཕྱོགས་རྣམས་འགྲོན་པོ་ཀུན་ལྗོངས་རྒྱུར་ཕེབས་པའི་མིག་ཡུལ་གྱི་དགའ་སྟོན་དུ་སྨིན་གྱིན་ཡོད་ལ། གཞན་ཡང་མཚོ་ལྷོ་ཁུལ་གྱི་འགྲིམ་འགྲུལ་སྟབས་བདེ་ཞིང་མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ་མང་པོ་ས་ཁོངས་ཡོངས་སུ་ཁྱབ་ཡོད་པས། ཡུལ་སྐོར་བ་རྣམས་མཚོ་ལྷོ་ཁུལ་དུ་ལྗོངས་རྒྱུ་རུ་ཡོང་ནས་རང་བྱུང་མཛེས་ལྗོངས་ལ་རོལ་མྱོང་བྱེད་པར་སྟབས་བདེ་གང་ལེགས་བསྐྲུན་ཡོད་པ་རེད།
       མདོར་དྲིལ་ན། མཚོ་ལྷོ་ཁུལ་ནི་རོང་འབྲོག་ལས་གཙོར་གྱུར་པའི་ས་ཁུལ་ཞིག་ཡིན་ཞིང་། དེ་ཉིད་བརྟེན་ཅིང་འཁེན་པའི་ཕྱི་སྣོད་ཀྱི་ཕུན་སུམ་ཚོགས་པའི་འཇིག་རྟེན་ནི་ཡུལ་སྐོར་ཐོན་ཁུངས་ཀྱི་འབྱུང་ཁུངས་ལྟ་བུར་གྱུར་ཡོད་ལ། ད་དུང་གཞན་ལས་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ཤུལ་བཞག་གི་རིག་གནས་ཡང་ཡུལ་འདིའི་ས་འཛིན་གྱི་ཕང་བར་མངོན་པར་བལྟམས་ཡོད་པ་མ་ཟད། རང་བྱུང་གི་མཛེས་ལྗོངས་དང་རིག་གནས་ཀྱི་མཁའ་དབུགས་སོགས་ལ་གཟིགས་ཞིབ་དང་རྒྱུས་ལོན་གནང་བར་རིན་ཐང་ལྡན་ནོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།