ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > བོད་མཁར་རྐང་ཚའི་རིག་རྩལ་དཔེ་ཚོགས་ཀྱི་འགྲེམས་སྤེལ་མཛད་སྒོ་བསྡུས།
བོད་མཁར་རྐང་ཚའི་རིག་རྩལ་དཔེ་ཚོགས་ཀྱི་འགྲེམས་སྤེལ་མཛད་སྒོ་བསྡུས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ།
དུས་ཚོད།:2023-11-13 09:40:02
ཀློག་གྲངས།:
རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། རྫོང་ཨུ་དྲིལ་སྒྲོག་པུའུ་དང་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་སྒྲུབ་བྱས་པའི་བོད་མཁར་རྐང་ཚའི་རིག་རྩལ་དཔེ་ཚོགས་ཀྱི་འགྲེམས་སྤེལ་མཛད་སྒོ་ཟླ11ཚེས9ཉིན་བདེ་བླག་ངང་སྤེལ། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་སྟག་ལྷ་དང་མཚོ་བྱང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཡུས་རོན། “ལུའུ་ཞུན་རྩོམ་རིག་བྱ་དགའ”ཐོབ་མཁན་སྐུ་ཞབས་བསོད་ནམས་ཚེ་རིང་། གཞན་དེབ་གསར་གྱི་རྩོམ་པ་པོ་དང་རྫོང་ཡོངས་ཀྱི་རྩོམ་རིག་ལ་དགའ་མཁན་དག་འགྲེམས་སྤེལ་མཛད་སྒོར་ཞུགས་ཤིང་། རྫོང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཁྲེན་ཞུའེ་ཆིན་གྱིས་མཛད་སྒོར་མགོ་འཛིན་མཛད།
ཉེ་བའི་ལོ་འགའི་རིང་རྐང་ཚ་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ས་གནས་རིག་གནས་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། དྲ་ལམ་འཕྲིན་སྟེགས་བེད་སྤྱད་དེ་ཚོགས་མིའི་བརྩམས་ཆོས་འགྲེམ་སྟོན་ལེ་ཚན་གསར་དུ་བཙུགས་ནས། བརྙན་པར་དང་ཡིག་གཟུགས། རི་མོ། རྩོམ་རིག་བརྩམས་ཆོས་སོགས་བཀོད་ཅིང་། དེར་ཀློག་པ་པོ་དག་གི་ཚུར་སྣང་དྲག་པོ་བྱུང་། རང་ས་གནས་ཀྱི་རྩོམ་པ་པོ་སྐྱེད་སྲིང་དང་རྩོམ་རིག་དང་སྒྱུ་རྩལ་ལ་དགའ་མཁན་དག་གི་གསར་རྩོམ་བྱ་བར་སྐུལ་མ་གཏོང་ཆེད། 2021ལོ་ནས་བཟུང་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས«བོད་མཁར་རྐང་ཚའི་རིག་རྩལ་དཔེ་ཚོགས»ཁག་དང་པོ་རྩོམ་སྒྲིག་ལས་འགོ་བརྩམས་ཤིང་། ལོ་ངོ་གསུམ་གྱི་འབད་བརྩོན་བརྒྱུད་བདེ་བླག་ངང་པར་སྐྲུན་ཐུབ་པ་བྱུང་། ཐེངས་འདིའི་མཛད་སྒོའི་སྟེང«རྐང་ཚའི་བརྙན་པར་བརྩམས་ཆོས་ཕྱོགས་བསྒྲིགས»དང«རྐང་ཚའི་སྲོལ་རྒྱུན་ལ་གཞས་དྲན་སྐུལ་གསེར་ཕྲེང་མ།» «ལུའུ་ཧེ་པའོ་ཡི་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་ཕྱོགས་བསྒྲིགས།» «དབྱང་སིན་གྱི་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་ཕྱོགས་བསྒྲིགས།» «ལི་ཀྲེན་ལོན་གྱི་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་ཕྱོགས་བསྒྲིགས།» «སྐྲ་དཀར་གྱི་ཟིལ་བ།» «གསེར་གྱི་ཁ་ཞག» «འཁོར་བའི་རྟ་ཕོ།» «ས་མཐའི་རྒྱང་འབོད།» «སྦྲ་ནག་གི་ལེའུ།» «བླ་མཚོའི་བྱང་རྒྱུད།» «རྩྭ་ཐང་གི་རླུང་།» «ཉི་འོད་ལྟ་བུའི་སྐད་ཆ་ཐར་ཐོར།»བཅས་ཁྱོན་སྡོམ་དེབ་གསར13འགྲེམས་སྤེལ་བྱས།
རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་སྟག་ལྷས་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀར་གདེང་འཇོག་གནང་བར་མ་ཟད། ཉེ་བའི་ལོ་འགའི་རིང་རྐང་ཚ་རྫོང་གིས་ནུས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པ་དང“བོད་མཁར་རྐང་ཚ”སྤུས་རྟགས་ཀྱི་ཤུགས་རྐྱེན་ཇེ་ཆེར་བཏང་ནས་རྒྱ་ཆེའི་ཡུལ་སྐོར་བའི་ཁས་ལེན་དང་གདེང་འཇོག་ཐོབ་ཡོད། དེ་མིན་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་ཆེན་དུ་གཏམ་རྒྱུད་གསར་བ་དང་མི་སེམས་འགུལ་བའི་བྱས་རྗེས་གསར་པ་མང་པོ་ཐོན་ངེས་ཡིན་པས། རྒྱ་ཆེའི་རྩོམ་པ་པོ་དང་རྩོམ་རིག་ལ་དགའ་མཁན་རྣམས་དུས་རབས་དར་སྲོལ་གྱི་སྔོན་བྱོན་པ་དང་། སྔོན་སྐྱོད་པ། སྔོན་སྤེལ་པ་བཅས་སུ་འགྱུར་བར་འབད་ཏེ་གཞི་རིམ་གྱི་འཚོ་བ་དང་དམངས་སྲོལ་གོམས་གཤིས། རང་བྱུང་ཡུལ་ལྗོངས། མཁར་གྲོང་འཛུགས་སྐྲུན་སོགས་ལ་དམིགས་བཙུགས་ནས་རྐང་ཚའི་མཛེས་སྡུག་དང་དུས་རབས་ཀྱི་འགྱུར་ལྡོག་མཚོན་པ། བསམ་བློ་དང་སྟོབས་ཤུགས་ཀྱིས་ཕྱུག་པའི་རྩོམ་རིག་བརྩམས་ཆོས་མང་པོ་གསར་རྩོམ་བྱ་དགོས་ཞེས་བསྟན།
མཇུག་མཐར་སྟག་ལྷས་རྩོམ་རིག་གསར་རྩོམ་དང་རྩོམ་རིག་གསར་རྩོམ་མཁན་རྣམས་ལ་རེ་བ་འགའ་བཏོན་པ་ནི། གཅིག་ནས་དུས་རབས་ཀྱི་གོམ་སྟབས་བསྙེགས་ནས་རིག་རྩལ་ལས་དོན་གྱི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་བྱ་དགོས་པ་དང་། གཉིས་ནས་གསར་གཏོད་ཀྱི་ལམ་བུའི་ནང་དུས་རབས་ལ་ངོ་གནོང་མི་དགོས་པའི་བརྩམས་ཆོས་སྤུས་དག་གསར་རྩོམ་བྱ་དགོས་པ། གསུམ་ནས་རང་ཉིད་འཛུགས་སྐྱོང་ལ་ཤུགས་བསྣན་ནས་རིག་རྩལ་ལས་དོན་གྱི་ཐོག་མའི་བསམ་འདུན་དང་ལས་འགན་ལེགས་པར་བསྒྲུབ་དགོས་པ་བཅས་སོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།