པཎ་ཆེན་སྐུ་ཕྲེང་བཅུ་པའི་མ་ཡུམ་བསོད་ནམས་སྒྲོལ་མ་མཆོག་སྐུ་འདས་ནས་ལོ་འཁོར་དྲུག་ལོན་པའི་རྗེས་དྲན།
ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་མ་ཡུམ་བསོད་ནམས་སྒྲོལ་མ་མཆོག་སྐུ་མྱ་ངན་ལས་འདས་ནས་ལོ་འཁོར་དྲུག་ལོན་པའི་རྗེས་དྲན་ཡིད་ཀྱི་གདུང་འབོད།
བིས་མདོ་ཚེ་རིང་སྒྲོལ་མས་བསྒྱུར།
༧པཎ་ཆེན་སྐུ་ཕྲེང་བཅུ་པའི་མ་ཡུམ་མཆོག་ལ་བཅར་འདྲི་ཞུས་པ།
____ང་ནི་མི་དྲང་པོ་རང་ག་བ་ཞིག་ཡིན།
ལོ་ངོ་མང་པོའི་རིང་ལ། ངེད་ཅག་གིས་རྟག་ཏུ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་མཚན་སྙན་ཤིན་ཏུ་ཆེ་བའི་པཎ་ཆེན་སྐུ་ཕྲེང་བཅུ་པའི་མ་ཡུམ་ཡབ་གཞིས་བསོད་ནམས་སྒྲོལ་མ་མཆོག་ལ་བཅར་འདྲི་བྱེད་འདོད་ཀྱི་འདུན་པ་ཧ་ཅང་ཆེ། ཡིན་ན་ཡང་། རེ་འདོད་དེ་ནི་ནམ་མཁའི་དབྱིངས་སུ་ལྷོད་ཀྱིས་རྒྱུ་བའི་སྤྲིན་དཀར་ཞིག་དང་འདྲ་བར་འབབ་སའི་གནས་རྙེད་མ་བྱུང་།
སྤྱི་ལོ1996ལོའི་ཟླ10པའི་ཚེས20ཉིན་གྱི་མཚན་མོར། ལྷོད་ཀྱིས་རྒྱུ་བའི་སྤྲིན་དཀར་དེ་གློག་སྒྲོན་གྱི་གཟི་འོད་འཕྲོ་བའི་པེ་ཅིང་ཁྲང་ཨན་སྲང་ལམ་གྱི་མི་རིགས་ཟ་ཁང་གི་ཡང་སྟེང་དུ་བབས་པ་དང་། ངེད་ཅག་མི་རིགས་མགྲོན་ཁང་གི་ཚོམས་ཆེན་དུ་སླེབས་དུས། གོ་ཐོས་སྐྱེན་པོའི་གསར་འགོད་པ་རྣམས་སྔ་མོ་ནས་དེ་གར་སླེབས་ཏེ། པཎ་ཆེན་སྐུ་ཕྲེང་བཅུ་པའི་མ་ཡུམ་མཆོག་ལ་བཅར་འདྲི་ཞུ་བར་རེ་སྒུག་བྱས་འདུག ངེད་ཅག་ནི་ལས་བསོད་ཆེ་ཞིང་སྐལ་བ་ལྡན་པ་ཞིག་ཡིན་པ་བསྙོན་དུ་མེད།
ངེད་ཅག་གིས་ལྷ་སྒྲུང་ལྟ་བུའི་རེ་འདུན་ཡིད་ལ་བཅངས་ཏེ་མ་ཡུམ་མཆོག་གི་གཟིམ་ཤག་ཏུ་ཕྱིན་ཅིང་། ཐོག་མར་ཁོང་ལ་རབ་དཀར་དྲི་མེད་ཀྱི་ལྷ་རེག་ཕུལ་བ་དང་། ཁོང་ནས་ཀྱང་སླར་ཡང་ཁ་བཏགས་རྣམས་ཉིད་ཀྱིས་ཕྱག་ཟུང་གིས་རེ་རེ་བཞིན་ང་ཚོའི་མགུལ་བར་སྒྲོན། ཁོང་གི་བྱམས་བརྩེས་ཁེངས་པའི་ཞལ་རས་མཐོང་དུས་ངེད་ཅག་གི་ཡིད་སེམས་སྤྲོ་བས་ཁེངས་ཤིང་། མ་ཡུམ་རྒན་མོའི་སྤྲོ་སེམས་ཀྱང་རབ་དཀར་དྲི་མེད་ཀྱི་ཁ་བཏགས་བརྒྱུད་ནས་ང་ཚོའི་ལུས་ཁམས་ཡོངས་སུ་ཁྱབ།
ང་ནི་དངོས་ནས་མི་དྲང་པོ་རང་ག་བ་ཞིག་ཡིན།
པཎ་ཆེན་སྐུ་ཕྲེང་བཅུ་པའི་མ་ཡུམ་མཆོག་ནི་དགུང་ལོ་བརྒྱད་ཅུར་སོན་ཞིང་། ཁོང་གིས་རང་གི་བུ་ཕྲུག་བཞིན་ང་ཚོའི་འདྲི་རུང་མི་རུང་གི་དྲི་བ་རྣམས་ལ་ལན་འདེབས་གསལ་བོ་གནང་སོང་། ཁོང་གིས་གསུངས་དོན། ཁྱོད་ཚོས་ངའི་སྐྱེས་ཁུངས་ཤེས་འདོད་དང་ང་ལ་ཐུགས་ཁུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ང་ནི་དངོས་ནས་མི་དྲང་པོ་རང་ག་བ་ཞིག་ཡིན་ནའང་། པཎ་ཆེན་སྐུ་ཕྲེང་བཅུ་པའི་མ་ཡུམ་ཡང་ཡིན། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི་སྤྱི་ཚོགས་གསར་རྙིང་གཉིས་ཀའི་དཀའ་སྡུག་བརྒྱུད་མྱོང་བ་དང་མི་དམངས་ཀྱི་སེམས་ཁོངས་སུ་རླབས་ཆེ་ཞིང་གཟི་བརྗིད་ལྡན་ལ། ཁོང་གི་སྤྱི་ཚོགས་འཕེལ་རྒྱས་དང་འཛུགས་སྐྲུན་ལ་བཞག་པའི་ཕྱག་རྗེས་ནི་ནམ་ལངས་ལངས་དང་ཉི་མ་ཤར་ཤར་རེད། མ་ཞིག་གིས་ངོས་ནས་བཤད་ན། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་རང་གི་བུ་ཕྲུག་ཏུ་སྐྱེས་པ་ནི་ཧ་ཅང་བསོད་ནམས་ལྡན་པ་ཞིག་རེད་མོད། ཆེས་ཡིད་སེམས་སྐྱོ་བ་ཞིག་ལ་ཁོང་སྔ་མོ་ནས་ང་ཚོ་དང་ཁ་བྲལ་སོང་། ད་དུང་ཆོས་ལུགས་དར་སྤེལ་དང་འགྲོ་བ་ཀུན་ལ་ཕན་བདེ་བསྐྲུན་པའི་རླབས་ཆེན་གྱི་བྱ་བཞག་མུ་མཐུད་དུ་བསྒྲུབ་དགོས་མོད……
པཎ་ཆེན་རིན་པོ་ཆེ་སྐུ་འཁྲུངས་རྗེས། ངའི་འཚོ་བ་ནི་ཧ་ཅང་སྤྱིར་བཏང་བ་ཞིག་ཡིན། གླེང་མོལ་བྱེད་རིན་ཅི་ཡང་མེད། སྔོན་ཆད་ཀྱི་ལྷ་སའི་སྐུ་དྲག་ཁ་ཤས་དང་མི་འདྲ་ལ། རྒྱ་ནག་དང་ཕྱི་གླིང་གི་འབྱོར་ལྡན་དཔོན་རིགས་དང་ཡང་མི་འདྲ་བར། ང་ཚོ་ས་འདིའི་མི་རྣམས་ཀྱིས་ཅི་ཞིག་ཟ་བཞིན་ཡོད་ན་ངས་ཀྱང་དེ་ཟོས་པ་ཡིན་ལ། ཅི་ཞིག་གྱོན་བཞིན་ཡོད་ན་ངས་ཀྱང་དེ་གྱོན་པ་ཡིན། མང་ཚོགས་ཇི་ལྟ་བུ་ཞིག་ཡིན་ན་ང་ཡང་དེ་ལྟ་བུ་ཞིག་ཡིན། འདི་ནི་ངའི་འཚོ་བའི་ལོ་རྒྱུས་ཡིན་ཞེས་བརྗོད་ཀྱང་ཆོག
མཚོ་སྔོན་ཞིང་ཆེན་ཞོན་ཧྭ་བིས་མདོ་ཤང་གཤོང་ཡུལ་བྲེ(རུས་ཡིན)ཚང་ཚོ་བའི་ཁྱིམ་རྒྱུད་ཆེན་མོ་ཞིག་ནས་འཁྲུངས་པའི་བུད་མེད་འདིས་ནམ་ཡང་རང་ཉིད་ནི་མི་དམངས་ཁྲོད་ཀྱི་མི་དཀྱུས་མ་ཞིག་ལ་ངོས་འཛིན་བཞིན་ཡོད། སྤྱི་ལོ1982ལོར་པཎ་ཆེན་རིན་པོ་ཆེའི་ཡབ་ཡུམ་གྱིས་ཕ་ཡུལ་དུ་པཎ་ཆེན་རིན་པོ་ཆེ་ལ་གསེར་འོད་ལམ་ལམ་འཕྲོ་བའི་ཕོ་བྲང་ཞིག་གསར་བཞེངས་བྱས་པ་དང་། ཕོ་བྲང་ནང་དུ་ཡབ་ཡུམ་གཉིས་ཀྱི་གཟིམས་ཤག་ཤིག་ཀྱང་ཇུས་འགོད་བྱས་ཡོད་ན་ཡང་། ཁོང་རྣམ་པ་གཉིས་ནི་ནམ་རྒྱུན་དེའི་ནང་དུ་མི་བཞུགས་ཤིང་། པཎ་ཆེན་རིན་པོ་ཆེའི་པེ་ཅིང་གི་བཞུགས་གནས་སུ་ཡང་ཐེངས་ཉུང་ཤས་ཤིག་ལས་ཕེབས་མ་མྱོང་། ཁོང་རྣམ་པ་གཉིས་ནི་གཟིམས་ཤག་འདི་ལ་མི་དགའ་བའམ་མི་དུངས་པ་མ་ཡིན་ཏེ། ཁང་པ་ཇི་ལྟར་རྙིང་རུང་། རྩིག་ངོས་ཇི་ལྟར་ནག་ཀྱང་བརྩེ་སེམས་ཀྱིས་སྦྲེལ་བའི་བཞུགས་གནས་འདི་རྣམ་པ་གཉིས་ཀྱི་ཁྱིམ་གཞིས་ངོ་མ་ཡིན། པཎ་ཆེན་རིན་པོ་ཆེའི་མ་ཡུམ་ནི་ཁྱིམ་མཚེས་ཕན་ཚུན་བར་ལ་འབྲེལ་འདྲིས་བྱེད་པར་མོས་ཤིང་། ཨ་མ་རྒན་མོ་རྣམས་དང་ལྷན་དུ་ཁྱིམ་ཚང་དང་བུ་རབས་ཚ་རྒྱུད། ཞིང་ཕྱུགས་ཀྱི་དོན་དག་སོགས་གླེང་མི་ཚར་བའི་བརྗོད་གཞི་མང་པོ་མཆིས། མ་ཡུམ་མཆོག་ཡུལ་མི་རྣམས་དང་ཁ་མི་འབྲལ་ལ་ཡུལ་མི་རྣམས་ཀྱང་མ་ཡུམ་མཆོག་ལ་ཁ་མ་བྲལ་བ་རེད། ཁོང་ཚོ་ནི་ཁྱིམ་གཞིས་གཅིག་གི་མི་ལྟར་མཛའ་ཞིང་བརྩེ། མ་ཡུམ་མཆོག་གིས་ཁོང་ཚོར་བྱིས་པ་ལྟ་སྐྱོང་དང་གྱོན་གོས་བཀྲུ་རོགས་བྱེད་པར་མ་ཟད། སྟོན་ཐོག་བསྡུ་བ་དང་ལུག་ཁྱུ་འཚོ་རོགས་ཀྱང་བྱེད། ཁོང་གིས་ཁྱིམ་གྱི་འཁོར་གཡོག་རྣམས་དང་ལྷན་དུ་ཟ་མ་བཟའ་བ་དང་ལས་ཀ་ལས་པ། དོན་དག་ཐག་གཅོད་བྱེད་པ་སོགས་མི་གཞན་དང་ཁྱད་པར་གཏན་ནས་མེད། ནམ་རྒྱུན་ཁོང་ནི་ཧ་ཅང་སྤྲོ་སྣང་ཅན་ཞིག་མིན་ལ་གཟབ་ནན་ཅན་ཞིག་ཀྱང་མ་ཡིན་པར་བཏང་སྙོམས་སུ་སྡོད་མཁན་ཞིག་དང་། ཁོང་གིས་རང་གའི་ཨ་མ་ཞིག་གི་རྣམ་པས་རང་གི་སྲས་པཎ་ཆེན་རིན་པོ་ཆེ་ཡང་རང་གའི་བྱིས་པ་ཇི་བཞིན་སྙོར་སྐྱོང་བྱས།
མ་ཡུམ་གྱི་ཕ་ཡུལ་དུ་གཏམ་དཔེ་འདི་འདྲ་ཡོད་དེ། བུ་ལ་སེམས་བྱིན་ངོ་མ་སྟེར་ཞེས་པ་བཞིན་མ་ཡུམ་མཆོག་ཀྱང་ནི་མི་འདི་འདྲ་ཞིག་རེད། མི་རྣམས་ཀྱིས་ཁོང་ལ“ཨ་མ”ཞེས་འབོད་པ་དང་ཁོ་མོ་ཡང་དེ་ལྟར་འབོད་པར་ཧ་ཅང་མོས། འདིས་ནི་མ་ཡུམ་མཆོག་གི་བླ་ན་མེད་པའི་མི་ཚེའི་རིན་ཐང་ཡང་མཚོན།
ང་ནི་མ་ཡུམ་ཡིན་ལ་ཕུལ་དུ་བྱུང་བའི་ལས་ཀ་པ་ཞིག་ཀྱང་ཡིན།
ང་ཚོས་ཧ་ཅང་ཤེས་འདོད་པ་ནི་པཎ་ཆེན་རིན་པོ་ཆེ་དགུང་ལོ་བདུན་ལ་ཕེབས་སྐབས། པཎ་ཆེན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་བྱས་ཏེ་མ་ཡུམ་དང་ཁ་བྲལ་བ་དང་། སྐབས་དེའི་མ་ཡུམ་གྱི་སེམས་ཁམས་ནི་ཇི་འདྲ་ཞིག་ཡིན་པ་དང་། ལོ་འདི་དག་གི་རིང་ལ་པཎ་ཆེན་རིན་པོ་ཆེ་དང་མ་ཡུམ་གྱི་བརྩེ་སེམས་ནི་ཇི་འདྲ་ཞིག་ཡིན་པ་དེ་རེད།
ང་ཚོས་དྲི་བ་འདི་དག་ཞུ་སྐབས། མ་ཡུམ་མཆོག་གི་ཞལ་ལ་བྱམས་བརྩེའི་མཛུམ་མདངས་མངོན་བཞིན་ཁྱོད་ཚོའི་དྲི་བ་འདི་ལ་དོན་སྙིང་ཆེན་པོ་ལྡན། མ་གཞི་ངས་ཁྱོད་ཚོ་ལ་ལན་མང་པོ་ཞིག་འདེབས་འདོད་ཡོད་མོད། དུས་ཚོད་ཀྱི་དབང་གིས་མདོར་བསྡུས་ནས་བཤད་ན། པཎ་ཆེན་རིན་པོ་ཆེ་དགུང་ལོ་བདུན་ལ་ཕེབས་དུས་སྤྲུལ་སྐུ་ངོས་འཛིན་བྱས་པ་དང་། དོན་ལ་དགུང་ལོ་གསུམ་ལ་ཕེབས་དུས་ངེད་ཅག་དང་ཁ་བྲལ་ཏེ་ཕ་ཡུལ་བིས་མདོ་དགོན་ཆེན་དུ་སློབ་གཉེར་ལ་ཕེབས་པ་རེད། ཁོང་དགུང་ལོ་བདུན་གྱི་དུས་ངས་ཁྲིད་དེ་སྐུ་འབུམ་དགོན་པར་ཕྱིན། དེ་ནི་ལོ་གསར་གནམ་གང་གི་མཚན་མོ་ངེད་མ་བུ་གཉིས་ཁྱིམ་དང་ཁ་བྲལ་ཏེ་མཁན་པོ་གྲོས་ཚོགས་ཁང་གི་རེ་འདུན་ལྟར་སྐུ་འབུམ་དགོན་ཆེན་དུ་ཡང་སྲིད་ངོས་འཛིན་གྱི་མཛད་སྒོ་ལ་ཕྱིན། ཚེས་བཅོ་ལྔའི་མཚན་མོར་ངས་པཎ་ཆེན་རིན་པོ་ཆེ་འཇམ་དབྱངས་ཆོས་རྗེ་དགོན་དུ་སྐྱེལ། རྒྱ་ཡག་རིན་པོ་ཆེ་ལགས་ཀྱིས་སྒོ་འབྱེད་དུས་རྫོགས་ལྡན་ཉ་གང་ཟླ་བའི་འོད་ཟེར་གྱིས་བྱིས་པའི་བཞིན་རས་ཤིན་ཏུ་གསལ་བར་བྱས་ཤིང་། དུས་དེ་ནས་བཟུང་ངེད་མ་བུ་གཉིས་སོ་སོར་གྱེས་སོང་། ཨ་མ་ཞིག་གི་ངོས་ནས་བཤད་ན། རྣམ་རིག་བཀྲ་ཞིང་ལྷད་མེད་ཡིད་དུ་འོང་བའི་བྱིས་པ་ཞིག་བལྟས་བལྟས་རིག་རིག་ལ་གཞན་གྱིས་རང་གི་ལག་ནས་འཁྲིད་འགྲོ་དུས་ཡིད་སེམས་ནི་ཇི་འདྲའི་སྐྱོ་བ་ཞིག་རེད་ཨང་། ཉེ་འཁོར་དུ་ཡོད་པའི་མི་རྣམས་ཀྱིས། ཁྱེད་ཀྱི་བྱིས་པ་འདི་ནི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཡིན་པས་མ་འོངས་པར་བསྟན་འགྲོའི་དོན་བསྒྲུབས་ཏེ་མི་ཡུལ་དུ་ཕན་བདེ་སྩོལ་ངེས་རེད་ཅེས་ཟེར། སྐད་ཆ་འདི་དག་རྣ་ལམ་དུ་སོན་དུས་སེམས་ལ་དགའ་ཚོར་ཡང་སྐྱེས་སོང་། ཡིན་ན་ཡང་། ཨ་མས་བུ་ཕྲུག་ལ་བཅངས་པའི་བརྩེ་བ་ནི་ཇི་འདྲ་ཞིག་ཡིན་པ་ངས་མ་བཤད་ན་ཡང་ཁྱོད་ཚོས་རྟོགས་ངེས་རེད།
པཎ་ཆེན་རིན་པོ་ཆེ་བསྐྱལ་རྗེས། ངས་ནངས་སྔ་མོ་སྐྱ་རེངས་ཤར་བ་ནས་དགོང་མཚན་མོ་མུན་པ་རུབ་པའི་བར་དུ་ལས་ཀ་ལས་དགོས། ནོར་ལུག་འཚོ་སྐྱོང་དང་། ཞིང་ལ་ཡུར་མ་ཡུར་བ། ཁྱིམ་གྱི་ལས་ཀ་ལས་པ་སོགས་ཕྱི་ནང་གི་ལས་ཀ་ཡོད་ཚད་རང་ཉིད་གཅིག་པུས་ལས་པ་ཡིན། དུས་དེར། པཎ་ཆེན་རིན་པོ་ཆེ་དགུང་ལོ་ཆུང་བས་ནམ་རྒྱུན་པཎ་ཆེན་ཚོམས་ཆེན་དུ་ཁོང་ལ་ལྟ་རུ་ཕྱིན། འདི་ལྟར། ང་ནི་མ་ཡུམ་ཡིན་ལ་ཕུལ་དུ་བྱུང་བའི་ལས་ཀ་པ་ཞིག་ཀྱང་ཡིན།
དྲིན་ཆེན་གྱི་མ་ཞེས་པ་ལྟར། པཎ་ཆེན་རིན་པོ་ཆེ་ལ་མཚོན་ནའང་ཚིག་འདི་ལ་ཚོར་ཤེས་ཟབ་མོ་ཞིག་ཡོད་ངེས། ཁོང་དགུང་ལོ་ཉི་ཤུ་ལ་ཕེབས་སྐབས། ང་མཐོང་དུས་བྱིས་པ་ཞིག་དང་འདྲ་བར་ཨ་མ། ཨ་མ་ཞེས་བོས་བྱུང་། ངས་ཁྱོད་རང་ནར་སོན་ན་ཡང་ད་དུང་འདི་ལྟར་འབོད་དོན་ཅི་ཡིན་ཞེས་དྲིས་པ་ན། ཁོང་གིས་ལན་དུ། ངས་ཁྱེད་རང་དྲན་སོང་ཞེས་གསུངས་བྱུང་།
སྐབས་དེར། ཁོང་མ་བུ་གཉིས་ངོ་འཕྲད་རྒྱུ་ནི་ལས་སླ་བོ་ཞིག་མིན། མཚམས་རེར་རྒྱང་རིང་ནས་ལྟ་ཙམ་བྱེད་པ་ཙམ་ལས་བྱ་ཐབས་བྲལ། རྒྱུ་མཚན་ནི། ཁོང་སྤྲུལ་སྐུར་ངོས་འཛིན་མཛད་པ་ནས་བཟུང་ངེས་པར་ཡོངས་འཛིན་གྱི་བཀའ་གསུང་བརྩི་དགོས་ཤིང་ཆོས་ཁྲིམས་བསྲུངས་ཏེ་སློབ་གཉེར་བྱེད་དགོས། མ་ཡུམ་མཆོག་གིས་དྲན་པའི་གདུང་བ་དང་བརྩེ་སེམས་ཁོང་དུ་སྦེད་དེ་རིན་པོ་ཆེ་ནར་སོན་དུ་བཅུག །པཎ་ཆེན་རིན་པོ་ཆེས་བཀྲ་ཤིས་ལྷུན་པོ་དགོན་པར་སློབ་གཉེར་བྱེད་དུས་མ་ཡུམ་མཆོག་གིས་ཁོང་གི་ཡོངས་འཛིན་ལ། ཁྱེད་ཀྱིས་ཁོང་པཎ་ཆེན་རིན་པོ་ཆེ་ཡིན་པའི་ངོ་སོ་ལ་བལྟས་ནས་ཁོང་གི་སློབ་གཉེར་ལ་འཐུས་ཤོར་གཏན་ནས་གཏོང་མི་རུང་། རྡུང་རྡེག་བྱེད་དགོས་དུས་ངེས་པར་རྡུང་རྡེག་བྱེད་དགོས་ཞེས་བརྗོད། སྐད་ཆ་འདི་པཎ་ཆེན་མཁན་པོ་ཚོམས་ཆེན་གྱི་ཚོགས་མི་ཡོངས་ཀྱིས་མོས་མཐུན་མ་བྱས་ན་ཡང་། ཁོང་ནོར་འདུག་ཅེས་སུ་ཡིས་སྨྲ་ནུས་སམ། ཡུམ་གྱི་ཐུགས་དགོངས་ལྟར་ན། པཎ་ཆེན་རིན་པོ་ཆེ་ནི་མཆོད་རྫས་ལྟ་བུ་ཞིག་ཏུ་མི་རུང་བར་ཤེས་རབ་དང་བློ་གྲོས་ཀྱི་ཁོ་ལག་ཡོངས་སུ་རྫོགས་པའི་པཎ་ཆེན་རིན་པོ་ཆེ་ཡིན་དགོས་པ་དེ་རེད། པཎ་ཆེན་རིན་པོ་ཆེས་ཨ་མའི་རེ་བ་སྟོང་ཟད་དུ་བཏང་མེད་ནའང་ཨ་མས་ད་དུང་བུ་ཕྲུག་དང་ཁ་གྱེས་པའི་ན་ཟུག་མྱོང་དགོས་པ་རེད། པཎ་ཆེན་རིན་པོ་ཆེ་ཕྱི་རོལ་ཏུ་ཕེབས་ཐེངས་རེ་རེར། མ་ཡུམ་མཆོག་གིས་བདེ་སྲུང་དམག་མིར་ཡང་དང་བསྐྱར་དུ་ཁོང་གི་བདེ་འཇགས་ལ་དྲན་གསོ་མཛད། འདི་ནི་སེམས་ཁྲལ་འཕར་མ་ཞིག་ཡིན་ན་ཡང་། ཨ་མས་བུ་ཕྲུག་ལ་བཅངས་པའི་འཕྲེང་སེམས་འདིས་མི་སུ་ཞིག་ཡིན་རུང་ཡིད་འགུལ་ཐེབས་ངེས་རེད།
མ་ཡུམ་མཆོག་དགུང་ལོ་བཅོ་བརྒྱད་ལ་ཕེབས་དུས། སྒོ་ཐོད་དུ་དཔལ་དུས་ཀྱི་འཁོར་ལོའི་ལྷ་ཚོགས་ཀྱི་ཞལ་ཐང་ཡོད་པའི་སྟོང་དཔོན་གྱི་ཁྱིམ་རྒྱུད་དུ་མནའ་མར་བསུས་ཤིང་། དུས་དེ་ནས་བཟུང་བོད་རིགས་ཁྱིམ་བདག་མ་ཞིག་གི་མགོ་བཙུགས། ཁོང་ནམ་རྒྱུན་ཞོགས་པའི་དུས་ཚོད་ལྔ་པའི་ཐོག་མལ་ལས་ལངས་ཤིང་ཐོག་མའི་བྱ་བ་ནི་མཆོད་ཁང་དུ་མཆོད་པ་བརྒྱ་ཚར་ཞིག་འབུལ་རྒྱུ་དེ་རེད། ལས་ཀ་དེ་ནི་ཁོང་གིས་མི་སུ་ལའང་སྒྲུབ་ཏུ་མི་འཇུག་ཅིང་། ན་བས་ཇི་ལྟར་མནར་ན་ཡང་ནུས་ཤུགས་ཡོད་རྒུ་རྩལ་དུ་སྤྲུགས་ཏེ་བསྒྲུབ་པ་དང་ལམ་ཐག་ཇི་འདྲའི་རིང་པོ་ཞིག་ནས་མཚན་མོར་ཁྱིམ་དུ་འབྱོར་ནའང་མཆོད་ཁང་གི་མཆོད་པ་ཕྱགས་ཡོད་མེད་ལ་གཟིགས་པ་རེད། འདི་ནི་ཁོང་གི་མི་ཚེའི་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཁོང་གི་དད་སེམས་ཀྱིས་གནམ་ས་ལ་ཡིད་འགུལ་ཐེབས་སོང་།
སྤྱི་ལོ1938ལོའི་ལོ་གསར་ཚེས་གསུམ་གྱི་ཞོགས་པར་སྟོང་དཔོན་ཁྱིམ་རྒྱུད་ར་སྐོར་དབུས་ཀྱི་ལི་སྡོང་དེར་མེ་ཏོག་བཞད་ཅིང་། ཁ་མདོག་བདུན་ལྡན་གྱི་འཇའ་ཚོན་གྱིས་ཁང་ཁྱིམ་ལ་བར་མཚམས་མེད་པར་སྤུད་པར་བྱས་ཤིང་ལོ་ངོ་ཉེར་གཅིག་ལ་སོན་པའི་བུད་མེད་ཡེ་ཤེས་བསོད་ནམས་སྒྲོལ་མས་པཎ་ཆེན་རིན་པོ་ཆེ་སྐུ་བལྟམས་པ་རེད། འདི་ནི་བདེན་དགེ་མཛེས་གསུམ་གྱི་བུད་མེད་ངལ་རྩོལ་པ་དེ་ལ་བསྩལ་བའི་ལེགས་སྐྱེས་རེད།
ངའི་ལུས་ཕུང་བདེ་ཐང་ཡིན།
པཎ་ཆེན་རིན་པོ་ཆེ་སྐུ་མྱ་ངན་ལས་འདས་རྗེས་ཁོང་གི་ཡབ་ཆེན་ལགས་ཀྱང་ཞི་བར་གཤེགས། ཡིན་ན་ཡང་། རྒྱལ་ཡུམ་མཆོག་ང་ཚོ་དང་ལྷན་དུ་འཚོ་གཞེས་གནང་ཡོད་པ་དང་ཧ་ལམ་ཁོང་གིས་བསྒྲུབ་མི་ཚར་བའི་ལས་ཀ་ཞིག་སྒྲུབ་ཀྱིན་ཡོད་ལ། དྲོལ་ཁོལ་ལྡན་པའི་འཛུམ་མདངས་ཕྱི་རུ་མངོན་ཏེ་འཁང་ར་ཅི་ཡང་མེད་པར་རྫོགས་མཐའ་མེད་པའི་འགྲོ་དོན་སྒྲུབ་ཀྱིན་འདུག ཅི་ཞིག་གིས་དགུང་ལོ་བརྒྱད་བཅུར་ལོན་པའི་རྒན་མོ་འདིར་སྐྱོར་འདེགས་བྱས་ཡོད་དམ། འདི་ནི་ཁོང་ཉིད་མ་ཡུམ་ཞིག་དང་ཕུལ་དུ་བྱུང་བའི་ལས་ཀ་པ་ཞིག མི་རང་ག་བ་ཞིག་གམ། ཡང་ན་བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཀྲུའུ་ཞི་གཞོན་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་པས་མ་རེད། ཁོང་ན་རེ། པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་རྗེས་ང་ལ་མཚོན་ན་ཇི་འདྲའི་ཡིད་སེམས་སྐྱོ་བ་ཞིག་རེད་ཨང་། ང་རང་དགུང་ལོ་འདི་འདྲ་ཞིག་ལ་སླེབས་ཟིན་ནའང་། པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་པའི་སྔ་རྗེས་ཀྱི་ལོ་འགའི་ནང་དུ་ང་རང་མཚོ་སྔོན་ནས་མཚོ་ངོས་ལས་མཐོ་ཚད་རྨི5300ཡོད་པའི་རི་བོ་གདང་ལ་བརྒྱུད་དེ་ལྷ་སར་ཐེངས་གསུམ་ལ་ཕྱིན་པ་ཡིན། གནམ་གྲུ་མ་ཡིན་པར་རླངས་འཁོར་ལ་བསྡད་དེ་སོང་བ་ཡིན། ལེ་དབར་སྟོང་ཕྲག་ལྷག་གི་ལམ་ཐག་ནི་རྟག་ཏུ་ཉིན་གཅིག་གི་རིང་ལ་འབྱོར་ཞིང་དེ་ནི་གཞོན་སྐྱེས་རྣམས་ཀྱིས་བཟོད་དཀའ་ནའང་ང་ལ་སྣང་དོགས་ཅི་ཡང་མེད་ཟེར། ང་རང་ལྷ་སར་འགྲོ་དོན་གཙོ་བོ་ནི་པཎ་ཆེན་སྐུ་ཕྲེང་སྐུ་ལྔ་པ་དང་དགུ་པའི་སྐུ་གདུང་མཆོད་རྟེན་གྱི་རབ་གནས་མཛད་སྒོ་ལ་ཞུགས་པ་ཡིན། པཎ་ཆེན་སྐུ་ཕྲེང་བཅུ་པ་སྐུ་མྱ་ངན་ལས་འདས་རྗེས་ཁོང་གི་སྐུ་གདུང་ལ་མཆོད་འབུལ་བདག་གཉེར་བྱ་བར་ངས་རྟག་ཏུ་སེམས་ཁུར་བྱས་པ་ཡིན་ལ། དེའི་སྐོར་གྱི་ཆོས་ལུགས་ཀྱི་བྱེད་སྒོ་ལ་ནམ་ཡིན་ཡང་ཞུགས་པ་ཡིན། ཕྱིས་སུ་ཀྲུང་དབྱང་གིས་མ་དངུལ་འབོར་ཆེན་བཏང་སྟེ་པཎ་ཆེན་རིན་པོ་ཆེའི་སྐུ་གདུང་གསར་བཞེངས་བྱེད་དུས་ང་རང་རབ་གནས་མཛད་སྒོ་ལ་ཞུགས། གཞན་ད་དུང་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་སོགས་ཀྱི་དད་ལྡན་མང་ཚོགས་དང་ང་ཚོས་མ་དངུལ་འབོར་ཆེན་བཏང་སྟེ་འཁྲུངས་གཞིས་མཚོ་སྔོན་ཞོན་ཧྭ་བིས་མདོ་དགོན་ཆེན་དུ་པཎ་ཆེན་རིན་པོ་ཆེ་ཡི་སྐུ་གདུང་མཆོད་རྟེན་བཞེངས་ཤིང་ས་གནས་མང་ཚོགས་ཀྱིས་ཁོང་གི་སྐུ་གདུང་མཆོད་རྟེན་ལ་གནས་སྐོར་ཕྱག་མཆོད་བྱེད་པར་སྟབས་བདེ་དང་དགེ་འདུན་པ་རྣམས་ཀྱི་རེ་བ་བསྐངས། ད་དུང་ང་རང་བོད་སྐྱོར་ཐེབས་རྩ་ཚོགས་པར་འབྲེལ་ལམ་བྱུང་སྟེ། ཐེབས་རྩ་ཚོགས་པས་དམངས་སྒོར་ཁྲི200ལྷག་གི་རོགས་སྐྱོར་བྱས་པ་དེས་པཎ་ཆེན་རིན་པོ་ཆེས་སྐུ་དངོས་སུ་གསར་འཛུགས་བྱས་པའི་ཞོན་ཧྭ་བོད་ཡིག་སློབ་འབྲིང་སོགས་སློབ་གྲྭ་མང་པོ་ཞིག་ལ་རོགས་སྐྱོར་བྱས་ཏེ་དབུལ་ཕོངས་མང་ཚོགས་ཀྱི་དཀའ་སྡུག་སེལ་བར་བྱས། ད་ལྟ་ངའི་ལུས་ཕུང་དང་འཚོ་བ། བྱ་བ་སོགས་ཧ་ཅང་བཟང་ཞིང་ཏང་དང་སྲིད་གཞུང་གིས་ང་ལ་ཐུགས་ཁུར་བླ་མེད་བྱེད་ཀྱིན་འདུག སྤྱི་ཁྱབ་ཧྲུའུ་ཅུ་ཅང་ཙིན་མན་སྔོན་ཆད་ང་ལ་ཐེངས་གཉིས་ལ་ཐུགས་འཕྲད་བྱེད་པར་ཕེབས་ལ། ལིས་རེས་ཧྭན། ཧུའུ་ཅིན་ཐོ་སོགས་ཀྲུང་དབྱང་གི་དབུ་ཁྲིད་རྣམ་པ་ཡང་ང་ལ་ལྟ་རུ་ཕེབས། བོད་ལྗོངས་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུ་དང་སྲིད་གཞུང་གི་དབུ་ཁྲིད་རྣམ་པས་ཕྱོགས་སོ་སོ་ནས་ང་ལ་ཐུགས་ཁུར་མཛད། ངས་སེམས་བསམ་པའི་གཏིང་ནས་ཏང་དང་རྒྱལ་ཁབ། ང་ལ་ཐུགས་ཁུར་གནང་མཁན་གྱི་མི་ཚང་མར་ཐུགས་རྗེ་ཆེ་ཞུ་བ་ཡིན། ཐེངས་འདིར། འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་རིན་པོ་ཆེ་དང་ལྷན་དུ་ཁྲིན་ཏུའུ་ལ་མཇལ་སྐོར་དུ་ཕྱིན་པ་ཡང་ཁྲིན་ཏུའུ་ས་ཁུལ་གྱིས་ཡང་བསྐྱར་གདན་ཞུ་བྱས་པས་སོང་བ་ཡིན། ད་དུང་སྤྱི་ལོ1996ལོའི་ཟླ3པའི་ནང་ང་རང་པེ་ཅིང་དུ་རྒྱལ་ཡོངས་སྲིད་གྲོས་ཚོགས་འདིར་ཞུགས་དུས་སུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཡང་པེ་ཅིང་དུ་ཕེབས་པ་ཐོས། ངས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་མཇལ་འཕྲད་གནང་བར་གོང་རིམ་འབྲེལ་ཡོད་ལས་ཁུངས་ལ་རེ་འདུན་ཞུས་པ་ཡིན། གོང་རིམ་གྱིས་ངའི་རེ་བ་ལ་མོས་མཐུན་བྱས་སོང་། ཀྲུང་གོ་ནང་བསྟན་མཐོ་རིམ་སློབ་གླིང་དུ་ང་དང་གུང་ཐང་རིན་པོ་ཆེ། ད་དུང་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཁག་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ནི་བློ་བཟང་བྱམས་པ་ལྷུན་འགྲུབ་ཆོས་ཀྱི་རྒྱལ་པོ་མཆོག་ལ་མཇལ་འཕྲད་ཞུས་པ་ཡིན། ཁོང་གི་ལྷད་མེད་ཅིང་ཡིད་དུ་འོང་བ། སྤྱང་གྲུང་འཛོམས་པའི་ཞལ་རས་མཐོང་དུས། ངས་ཁོང་ལ་སྐུ་བདེའམ་ཞེས་པ་ཙམ་ལས་མགྲིན་པ་བརྣངས་ཏེ་ཅི་ཡང་བཤད་མ་ནུས་ལ་སེམས་ནི་དགའ་བ་དང་སྐྱོ་བས་ཁེངས།
དགུང་ལོ་བརྒྱད་ཅུ་ལ་ཕེབས་པའི་མ་ཡུམ་མཆོག་གི་གསུང་ལ་ཉན་བཞིན་ནུས་སྟོབས་དྲག་པོ་ཞིག་གིས་སྣེ་དྲངས་ཤིང་སེམས་འགུལ་ཐེབས་པར་བྱས་ཤིང་། ཁོང་གིས་ང་ཚོར་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་རྒྱལ་གཅེས་ཆོས་གཅེས་དམངས་གཅེས་ཀྱི་གསུང་དབྱངས་མཐོན་པོ་དེ་ཐོས་པར་བྱས་པ་དང་འདྲ་ལ། ཡང་གནམ་ས། རི་ཀླུང་། ཉི་ཟླ་མཐོང་བར་བྱས་པ་དང་འདྲ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com