བོད་རིགས་བུད་མེད་ཀྱི་སྒྲུང་རིང་ཐོག་མ《ཕྱུར་བ》འི་སྐོར་གྱི་བཅར་འདྲི།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-06-15 09:09:00 ཀློག་གྲངས།:


བོད་རིགས་བུད་མེད་རྩོམ་པ་པོ་མཁའ་མོ་རྒྱལ།

བོད་རིགས་བུད་མེད་ཀྱི་སྒྲུང་རིང་ཐོག་མ《ཕྱུར་བ》འི་སྐོར་གྱི་བཅར་འདྲི།

དུས་ཚོད།  2016ལོའི་སྤྱི་ཟླ4བའི་ཚེས3ཉིན།
གསལ་བཤད།  ད་ལོ་རང་གི་མཐར་ཕྱིན་དཔྱད་རྩོམ་བོད་རིགས་བུད་མེད་ཀྱི་སྒྲུང་རིང་ཐོག་མ《ཕྱུར་བ》འི་སྐོར་ནས་ཡིན་ལ།  དཔྱད་རྩོམ་དེ་གྲུབ་རྗེས་རྩོམ་པ་པོ་དེ་ཉིད་ལ་བརྩམས་ཆོས་དེའི་སྐོར་གྱི་དྲི་བ་འགའ་འདྲི་འདོད་བྱུང་ཞིང་། རྩོམ་པ་པོས་ཀྱང་ཁོམ་སྐབས་དང་བསྟུན་ནས་ཡིག་ལན་གནང་སོང་བས། འདིར་རྩོམ་པ་པོ་གང་ཉིད་ལ་བཀའ་དྲིན་ཆེ་ཞུ་བ་ཡིན།
དུར་སྲི། སྒྲུང་རིང《ཕྱུར་བ》ནི་བོད་རིགས་བུད་མེད་ཀྱི་སྒྲུང་རིང་ཐོག་མ་དེ་ཆགས་ཡོད་པ་རེད། ཉིད་ཀྱིས་སྒྲུང་རིང་འདི་བྲི་རྒྱུའི་བློ་ཅི་ལྟར་སྐྱེས་པ་དང་རྒྱུན་ཅི་ལྟར་བསྐྱངས་བ་ཡིན། 
མཁའ་མོ་རྒྱལ། སྒྲུང་རིང་ཞིག་འབྲི་བའི་བློ་སྔར་ནས་སྐྱེས་མྱོང་། ཡིན་ཡང་། ངེད་ལས་ཁུངས་ཀྱི་ལས་ཀ་ཧ་ཅང་ལྕི་བས་ཁོམ་སྐབས་ཉུང་། དེར་མ་ཟད། ང་ནི་བུ་མོ་ཞིག་གི་ཨ་མ་ཡིན་པས་ཁྱིམ་གྱི་ལས་ཀ་རྩག་རྩིག་གིས་ཀྱང་དུས་ཚོད་ལྷག་མ་ཤིན་ཏུ་ནས་ཉུང་། དེ་ལྟར་ཡང་རང་ཉིད་རྩོམ་རིག་ལ་དགའ་བས། ནམ་རྒྱུན་སྨྱུག་གུ་དལ་བར་མ་བསྡད་པར་སྙན་ངག་ཐུང་ངུ་དང་ལྷུག་རྩོམ་ཕྲན་བུ་རེ་གཉིས་འབྲི་བཞིན་ཡོད། སྟབས་ལེགས་པ་ཞིག་ལ། 2012ལོར་ལོ་གཅིག་ལ་སློབ་སྦྱོང་གི་གོ་སྐབས་བྱུང་བས། དེའི་རིང་སྒྲུང་རིང་ཞིག་འབྲི་བའི་བློ་ཐག་རྦད་ཆོད་བྱས་པ་ཡིན།
དུར་སྲི། བོད་ལ་མཚོན་ན1980ལོར་གླང་མདུན་དཔལ་འབྱོར་གྱི《གཙུག་གཡུ》(བོད་ཀྱི་སྒྲུང་རིང་ཐོག་མ)བྲིས་པ་ནས་བཟུང་། དུས་ཀྱི་བར་ཁྱད་ཆེན་པོ་ཞིག་ཡོད་ན་ཡང་། ལོ་རབས་དགུ་བཅུ་བ་ནས་ད་བར་དུ་ལྟོས་འཇོག་གིས་བཤད་ན་བོད་ལ་སྒྲུང་རིང་འབོལ་ཆེན་བྱུང་ཡོད། འོན་ཀྱང་བོད་རིགས་བུད་མེད་ཀྱིས་བརྩམས་པའི་སྒྲུང་རིང་ད་ལོ(2014ལ་གོ)མ་གཏོགས་བྱུང་མེད། དེ་གཉིས་བར་ལ་དུས་ཚོད་ཀྱི་བར་སྟོང་ཆེན་པོ་ཞིག་འདུག  ཉིད་ཀྱིས་བལྟས་ན་ལོ་ངོ་འདི་འདྲ་མང་པོ་ཞིག་གི་རིང་ལ་བུད་མེད་རྩོམ་འབྲི་བ་ཚོས་སྒྲུང་རིང་བྲི་མ་ནུས་པའི་གནད་དོན་གཙོ་བོ་གང་ལ་ཐུག་ཡོད་འདོད།
མཁའ་མོ་རྒྱལ། སྒྲུང་རིང་འབྲི་བ་ནི་ཧ་ཅང་དཀའ་མོ་ཞིག་རེད། ངས《ཕྱུར་བ》བྲིས་པའི་གོ་རིམ་ཁྲོད་ནས་ད་གཟོད་ཤེས་པ་ཡིན། སྔོན་ཆད་སྒྲུང་ཐུང་བྲིས་ཀྱང་སྒྲུང་རིང་ལྟར་མི་སྣ་མང་པོ་དང་དོན་དག་གི་བྱུང་འཕེལ། དུས་ཚོད་ཀྱི་བར་བརྒལ་སོགས་བདེ་བླག་གིས་བློ་ཁོག་ལ་ཆུད་པ་འདུག་ཀྱང་། སྒྲུང་རིང་ནི་དེ་ལྟ་མ་ཡིན་པར་རྩོམ་མཁན་རང་ངོས་ལ་བསམ་བློའི་གོ་རྟོགས་ངེས་ཅན་ཞིག་མེད་ཚེ་འབྲི་རྒྱུར་དཀའ་ཁག་ཆེ་བ་རྟོགས། ངས་འདི་སྐད་བརྗོད་པ་ནི་བོད་རིགས་བུད་མེད་ཚོའི་བསམ་བློའི་གོ་རྟོགས་མི་མཐོ་ཟེར་བ་མ་ཡིན་པར། སྒྲུང་རིང་འབྲི་རྒྱུ་ནི་མ་གཞི་ནས་དཀའ་ངལ་ཅན་ཞིག་རེད། 《གཙུག་གཡུ》བྲིས་པའི་དུས་སྐབས་དེ་ནི་རྩོམ་རིག་གི་རླབས་རྒྱུན་ཧ་ཅང་ཆེ་བའི་སྐབས་ཤིག་རེད། ཡིན་ཡང་། དཔལ་འབྱོར་གྱི་རླབས་ཤུགས་རིམ་གྱིས་ཇེ་དྲག་ཏུ་སོང་བ་དང་བསྟུན་ནས། རྩོམ་རིག་རིམ་གྱིས་ཉམས་རྒུད་དུ་འགྲོ་བའང་དོན་དངོས་ཤིག་རེད། དེ་བས《གཙུག་གཡུ》བྱུང་ནས་ད་བར་དུ་བུད་མེད་ཀྱི་སྒྲུང་རིང་མ་བྱུང་བའང་ཁོར་ཡུག་གིས་བསྐྲུན་པ་ཞིག་མིན་ནམ་སྙམ།
དུར་སྲི། ཉིད་ཀྱིས་དུས་ནམ་ཞིག་ནས་བཟུང་བརྩམས་སྒྲུང་བྲིས་པ་ཡིན། རྒྱུ་མཚན་ཅིའི་ཕྱིར་བརྩམས་སྒྲུང་འབྲི་བ་ཡིན།
མཁའ་མོ་རྒྱལ། ངའི་ཐོག་མའི་སྒྲུང་རྩོམ་གྱི་མིང་ལ《ཡུགས་མོ》ཟེར། ངས་སློབ་ཆེན་སྐབས་ནས་བཟུང་སྒྲུང་གཏམ་འབྲི་བར་འབད་མྱོང་། སྒྲུང་གཏམ་འབྲི་མཁན་ཞིག་ཡིན་ན་སྒྲུང་རིང་འབྲི་ཨེ་ཐུབ་བལྟ་རྒྱུ་ནི་ཕུགས་བསམ་ཞིག་ཡིན། ང་ལ་མཚོན་ན་དེ་ལྟར་རེད། དེ་བས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་མཚོ་སྔོན་མི་རིགས་སློབ་གཞི་རྩོམ་བསྒྱུར་ལྟེ་གནས་སུ་བྱ་བ་ལས་པའི་རིང་ལའང་འབྲི་རྩོམ་ནི་རང་ཉིད་ཀྱི་ལས་འགན་ཞིག་དུ་བསམ་ནས་ནམ་རྒྱུན་འབད་པ་བྱས་པ་ཡིན། ཅིའི་ཕྱིར་སྒྲུང་གཏམ་བྲིས་པ་ཡིན་ཞེ་ན། དེ་ནི་ངའི་དགའ་ཕྱོགས་ཤིག་ལས་མ་འདས།
དུར་སྲི། སྒྲུང་རིང་འདི་འབྲི་བར་དུས་ཡུན་ཅི་ཙམ་འགོར་སོང་། དེར་གཞན་གྱིས་བར་ཆད་འདྲ་བྱུང་སོང་ངམ།
མཁའ་མོ་རྒྱལ།  ལོ་གཅིག་ལྷག་ལ་བྲིས་པ་ཡིན། བར་ཆད་གང་ཡང་མ་བྱུང་མོད། ལེའུ་དྲུག་པ་འབྲི་བའི་དུས་སུ་སེམས་གཏིང་ནས་ཨ་ཐང་ཆད་པ་ཞིག་རེད། དེ་ཡང་སྒྲོམ་གཞི་སྔར་ནས་བཀོད་སྒྲིག་བྱས་ཟིན་ཀྱང་། མི་སྣ་གཙོ་བའི་སེམས་ཁམས་ཀྱི་འགྱུར་བའི་རྗེས་སུ་འབྲངས་ཏེ་སྤྱི་ཚོགས་ཀྱི་འཁོར་རྒྱུགས་ལ་རབ་ཏུ་དོ་སྣང་བྱེད་རྒྱུ་ནི་རང་ཉིད་ཀྱིས་དངོས་སུ་མྱོང་བཞིན་པ་དང་འདྲ་བས། ད་ཐེངས་དངོས་གནས་སྒྲུང་རིང་གི་མཇུག་བསྡུ་བའི་དཀའ་ཁག་ཚོར་བྱུང་།
དུར་སྲི། ཉིད་ཀྱིས་སྒྲུང་རིང་འདི་གྲུབ་རྗེས་སེམས་ཚོར་ག་འདྲ་འདུག རྗེས་ནས་སྒྲུང་རིང་བྲི་རྒྱུའི་འཆར་གཞི་འདྲ་ཡོད་དམ།
མཁའ་མོ་རྒྱལ། ངས་སྒྲུང་རིང་འདི་མཇུག་བསྡུ་བའི་དུས་ནི་ཉིན་གོང་མ་ལོན་པའི་སྐབས་ཏག་ཏག་ཅིག་ཡིན། སྒྲུང་འདི་མཇུག་ཇི་ལྟར་བསྡུ་རྒྱུར་བསམ་བློ་གང་མང་བཏང་མྱོང་། སྔོན་ཆད《བུ་མོ་ཇ་ལོ་མེ་ཏོག》ཟེར་བའི་སྒྲུང་རིང་དེའི་མཇུག་བསྡུས་པ་ཧ་ཅང་ལེགས་སྙམ་པའི་དྲན་སྣང་ཞིག་ཡོད་པས། དེ་ལའང་བལྟས་པ་ཡིན། དེ་ལ་བལྟས་ཀྱང་སྔོན་ཆད་བལྟས་པ་ཇི་བཞིན་གྱི་ཚོར་བ་རྣོན་པོ་གང་ཡང་མི་འདུག་པས། ཡིད་མི་ཆེས་པ་ཞིག་བྱུང་། སྒྲུང་རིང་འདི་མཇུག་བསྡུས་མ་ཐག་སྲང་ལམ་དུ་ཉུལ་འདོད་ཅིག་སྐྱེས། ཁོར་ཡུག་འདི་ཧ་ཅང་ཡངས་ཤིང་གཙང་བའི་ཚོར་བ་བྱུང་། གཞུག་གི་འཆར་གཞི་ད་དུང་བཤད་འདོད་མེད། དགོངས་དག
དུར་སྲི། སྒྲུང་རིང་འདིར་རི་མོའི་སྐོར་གྱི་ཤེས་བྱ་མང་པོ་ཞིག་འདུག དཔེར་ན་ནུབ་གླིང་གི་རི་མོའི་འབྱུང་ཁུངས་དང་དང་དེའི་ལོ་རྒྱུས་གྲུབ་མཐའ་སོ་སོའི་མི་སྣ་ངོ་སྤྲོད་ལྟ་བུ། འོ་ན། ཉིད་ཀྱིས་རི་མོའི་སྐོར་ལ་ཆེད་དུ་སློབ་སྦྱོང་འདྲ་བྱེད་མྱོང་ངམ།
མཁའ་མོ་རྒྱལ། ངས་ཆེད་དུ་རི་མོ་སྦྱོང་མ་མྱོང་ཡང་། ངའི་ཁོར་ཡུག་ཏུ་རི་མོ་འབྲི་མཁན་གྱི་ཁྱིམ་རྒྱུད་ཅིག་ཡོད། གེ་སར་རི་མོ་བ་རིན་ཆེན་རྒྱ་མཚོ་ནི་ངའི་ཁྱོ་གའི་ཕ་ཡིན། ཁོའི་ས་ནས་རི་མོའི་སྐོར་གྱི་ཁ་བརྡ་གང་མང་བྱེད་མྱོང་། དེར་མ་ཟད། ངའི་བུ་མོས་ཀྱང་རི་མོ་སྦྱོང་གིན་ཡོད་པས། ངས་ཀྱང་བུ་མོར་སྐུལ་ལྕག་གཏོང་ཕྱིར་རི་མོའི་ཤེས་བྱར་མ་བལྟས་རང་བལྟས་ཡིན། ད་དུང་རི་མོ་བ་མང་པོར་ཁ་བརྡ་དང་བཅར་འདྲི་བྱས་མྱོང་།
དུར་སྲི། ངས་བསམ་ན་སྒྲུང་རིང་འདིའི་གཏམ་རྒྱུད་གཙོ་བོ་བརྩེ་དུང་གིས་བཟུང་འདུག འདི་ཁྱོད་ཀྱི་འཚོ་བ་དང་མི་སྒེར་གྱི་བརྩེ་དུང་སོགས་ལ་འབྲེལ་བ་ཡོད་དམ། ཡང་ན། རྟོག་བཟོ་རྐྱང་རྐྱང་བྱས་པ་ཡིན།
མཁའ་མོ་རྒྱལ། ང་ནི་བརྩེ་དུང་ལ་བརྩི་མཐོང་བྱེད་མཁན་ཞིག་ཡིན། ངས་བཤད་པའི་བརྩེ་དུང་ནི་ཕོ་མོའི་བར་གྱི་བརྩེ་དུང་ཁོ་ན་བརྗོད་པ་མིན། ཤ་ཉེ་རིང་དང་ཕ་མ་བུ་ཕྲུག ད་དུང་བོད་རིགས་བུད་མེད་ཚོའི་སེམས་ཀྱི་གསང་བའི་བརྩེ་དུང་ལ་ནམ་རྒྱུན་རྒྱུས་ལོན་བྱས་མྱོང་། ངས་རྒྱུས་ལོན་བྱས་པ་ལྟར་ན། བོད་རིགས་བུད་མེད་ཕལ་མོ་ཆེས་བརྩེ་དུང་ནི་དམར་རྗེན་དུ་སྟོན་སྲོལ་མེད་པར་ནམ་ཡང་སེམས་གཏིང་ལ་བཅུག་ཡོད། མ་མཐའ་ཡང་ངས་ཆུང་དུས་རང་གི་ཨ་ཅེའི་བརྩེ་དུང་དེ་འདྲ་ཡིན་པ་རྟོགས། བདག་གིས་བརྩེ་དུང་དེ་དག་སྟོན་ཆེད་སྒྱུ་རྩལ་པ་ཞིག་གི་མིག་དབང་དང་བསམ་བློ་བེད་སྤྱད་དེ། བོད་རིགས་བུད་མེད་ཀྱི་རླབས་ཆེ་བའི་གསང་བ་འདི་ཉིད་རྩོམ་རིག་གི་སྟེགས་བུ་བརྒྱུད་དེ་འཛམ་གླིང་ལ་སྟོན་ཆེད་ཀྱང་ཡིན། འདི་ནི་ངའི་ཕུགས་འདུན་གལ་ཆེན་ཞིག་ཡིན། སྒྲུང་གཏམ་ནི་རྟོག་བཟོ་དང་འབྲེལ་ནས་ཡོད་ལ། རྟོག་བཟོ་མེད་ཚེ་སྒྲུང་གཏམ་ཡོད་མི་སྲིད། རྟོག་བཟོ་མེད་པར་བྲིས་པ་ནི་དངོས་བྲིས་ཡིན། དེ་བས་བདག་གི་སྒྲུང་རིང་འདི་ནི་རྟོག་བཟོས་བྲིས་པ་སྨོས་མ་དགོས་མོད། དངོས་ཡོད་ཀྱི་ཆ་གཙོ་བོར་བཟུང་ཡོད་པས་དུས་སྐབས་ངེས་ཅན་ཞིག་ལ་བྱུང་བའི་བོད་རིགས་ས་ཁུལ་ངེས་ཅན་ཞིག་གི་སྣང་ཚུལ་ཡང་ཡིན་བསམ་ཡོད།
དུར་སྲི། ཉིད་རང་བུད་མེད་རྩོམ་འབྲི་བ་ཞིག་ཡིན་པའི་ཆ་ནས་བུད་མེད་རྩོམ་འབྲི་བ་ཞིག་གི་དཀའ་ཁག་གཙོ་བོ་དེ་གང་ན་ཡོད་པར་འདོད།
མཁའ་མོ་རྒྱལ། སུས་ཀྱང་ཤེས་ཐུབ་པ་ནི། བོད་ཅེས་པའི་མིང་འདི་ཐོས་མ་ཐག་སྲོལ་རྒྱུན་གྱི་དྲི་མ་སྟུག་པོ་ཞིག་ཚོར་ཡོང་། སྲོལ་རྒྱུན་ཧ་ཅང་བཟང་ཡང་དེའི་ཁྲོད་དུ་བཀག་རྒྱ་ཞིག་ཏན་ཏན་ཡོད་སྲིད། བོད་རིགས་བུད་མེད་ཀྱིས་རྩོམ་བྲིས་ནའང་བཀག་རྒྱ་གང་མང་ཡོད་སྲིད་པ་སྨོས་མ་དགོས། དེ་ལས་བཀག་རྒྱ་ཆེས་ཆེ་བ་ནི་ཁྱིམ་ཚང་ནང་ཁུལ་གྱི་བཀག་རྒྱ་རེད། དེ་ལྟར་ཟེར་དོན་ནི་བོད་རིགས་བུད་མེད་ཅིག་ཡིན་ན་ཁྱིམ་ལས་དང་བུ་ཕྲུག་གཉོར་སྐྱོང་གི་འགན་མ་གཞི་ནས་ཡོད་པས། དེའི་ཞོར་དུ་རྩོམ་འབྲི་རྒྱུ་ནི་ཧ་ཅང་ཁག་པོ་རེད། རྒྱུ་མཚན་ནི་རྩོམ་རིག་འཆར་ཡན་དང་ཁ་འབྲལ་ཐབས་མེད་པས། ཁྱིམ་ཚང་ནང་གི་དོན་རྩག་རྩིག་ཇི་ལྟར་མང་ན་འཆར་ཡན་ལ་དེ་ལྟར་གེགས་སུ་འགྱུར། བོད་རིགས་བུད་མེད་ཁྲོད་རྩོམ་པ་པོ་ཉུང་བའང་དེའི་རྐྱེན་མིན་ནམ་སྙམ་ལ། ཡང་གཅིག་བསམ་ན། འཛམ་གླིང་མི་རིགས་གཞན་དག་གི་སྲོལ་ལུགས་ཀྱང་རང་རེ་ལྟར་ལོས་ཡིན་སྙམ།
དུར་སྲི། ཉིད་ཀྱིས་བལྟས་ན་བུད་མེད་རྩོམ་པ་པོ་དང་སྐྱེས་པ་རྩོམ་འབྲི་བ་གཉིས་ཀྱི་མི་འདྲ་སའི་ཆ་དེ་གང་ན་ཡོད་པར་འདོད།
མཁའ་མོ་རྒྱལ། ངས་བལྟས་ན། བུད་མེད་ཚོ་མིག་ཕྲ་བས་ཞིབ་ཚགས་ཆེ་སྙམ།
དུར་སྲི། ཉིད་ལ་རྩོམ་རིག་གསར་རྩོམ་ཁྲོད་ཤུགས་རྐྱེན་ཆེན་པོ་ཐེབས་མྱོང་བའི་རྩོམ་པ་པོ་ཡོད་དམ། 
མཁའ་མོ་རྒྱལ། གནའ་སྲོལ་རྩོམ་རིག་ལས《མི་ལ་རས་པའི་རྣམ་མགུར》གྱིས་ང་ལ་བག་ཆགས་ཟབ་མོ་བཞག་མྱོང་། དེང་རབས་རྩོམ་རིག་ཁྲོད་རྩོམ་པ་པོ་དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་གྱི་བག་ཆགས་ཟབ་པ་སྨྲོས་མ་དགོས་ལ། དེ་ལས་གཞན་རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ཡིན།
དུར་སྲི། མཇུག་ཏུ་ཉིད་ཀྱིས་བོད་རིགས་བུད་མེད་ཚོའི་རྩོམ་རིག་གསར་རྩོམ་ཁྲོད་ཀྱི་མ་འདང་སའི་ཆ་ནས་ཅུང་ཙམ་བཤད་ན་ཆོག་གམ།
མཁའ་མོ་རྒྱལ། མ་འདང་ས་ངས་མི་ཤེས། རྩོམ་རིག་བརྩམས་ཆོས་ཤིག་འབྲི་རྒྱུ་དཀའ་ཁག་ཆེ་བས། དེ་ལ་ལེགས་ཉེས་ཀྱི་ཆ་ཡོད་པ་ལས་སོ་སོའི་སྟེང་ནའང་གཞན་ལ་མེད་པའི་ཁྱད་ཆོས་རེ་ཡོད་སྲིད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།