ངོས་དང་པོ > ཆེད་དོན། > མི་སྣ་བཅར་འདྲི། > བོད་ལྗོངས་རྒྱང་སྒྲོག་ལས་ཁུངས་གླིང་གེ་སར་རྒྱང་སྒྲོག་ཁང་གི་དྲི་བར་ལན་དུ་ཕུལ་བ།
བོད་ལྗོངས་རྒྱང་སྒྲོག་ལས་ཁུངས་གླིང་གེ་སར་རྒྱང་སྒྲོག་ཁང་གི་དྲི་བར་ལན་དུ་ཕུལ་བ།
རྩོམ་པ་པོ།:སྨིན་དབུས་པོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-09-11 11:02:00
ཀློག་གྲངས།:
བོད་ལྗོངས་རྒྱང་སྒྲོག་ལས་ཁུངས་གླིང་གེ་སར་རྒྱང་སྒྲོག་ཁང་གི་དྲི་བར་ལན་དུ་ཕུལ་བ།
ཀརྨ་བདེ་ལེགས།
དྲི་བ་དང་པོ། གླིང་གེ་སར་རྒྱལ་པོའི་རྣམ་ཐར་དེ་དེང་སང་མཁས་པ་འགའ་རེས་ལྷ་སྒྲུང་གི་རྣམ་པ་ཞིག་ལས་དངོས་སུ་སྟོབས་ཆེན་གྱི་རྒྱལ་པོ་དེ་འདྲ་ཞིག་མ་བྱུང་བར་འདོད་པ་དང༌། ཡང་འགའ་རེས་བོད་རྒྱལ་བཙན་པོ་རྣམས་ཀྱི་མཛད་རྗེས་ལ་བསྔགས་བརྗོད་ཀྱི་སྒོ་ནས་གླིང་གེ་སར་ཞེས་པའི་རྟོགས་བརྗོད་རིང་མོ་ཞིག་བྲིས་པར་འདོད་པ་དང༌། ཡང་འགའ་རེས་དངོས་སུ་བྱུང་བར་འདོད་པ་བཅས་ལ་ཁྱོད་ཀྱི་ལྟ་ཚུལ་གང་འདྲ་ཡོད་ཞེས་པ་ལ།ལན་དུ། ཕྲན་ལ་ཁྱེད་མངག་གིས་གེ་སར་ཞིབ་འཇུག་བྱ་རྒྱུའི་གོ་སྐབས་མ་ཐོབ་རུང༌། ཆུང་དུས་སུ་གླིང་གེ་སར་གྱི་རྣམ་ཐར་མང་པོ་ཀློག་མྱོང་བ་དང༌། རྗེས་སུ་བོད་ཡིག་དཔེ་རྙིང་ཞིབ་འཇུག་གི་ཞོར་དུ་གེ་སར་རྣམ་ཐར་སྐོར་ལ་དོ་སྣང་ཅུང་ཟད་བྱས་པའི་མཐོང་ཐོས་ཀྱི་ལྟ་ཚུལ་ནི། གླིང་རྗེ་གེ་སར་རྒྱལ་པོ་དེ་བོད་སིལ་བུའི་སྐབས་ཁམས་དང་ཨམ་མདོའི་ཁུལ་ལ་དབང་བསྒྱུར་བྱེད་པའི་རྒྱལ་ཕྲན་ཞིག་དངོས་སུ་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད།དེ་ཡང་སྤྱིར་བོད་ཀྱི་ལོ་རྒྱུས་རྒྱལ་རབས་ཡོངས་སུ་གྲགས་པ་རྣམས་སུ་གསལ་བ་ལྟར། སྤྱི་ལོ༨༤༡ལྕགས་བྱ་ལོ་ལ་རྒྱལ་པོ་ཁྲི་དར་མ་འུ་དུམ་བཙན་སྐུ་བཀྲོང་པ་ནས་བཟུང་བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པར་སིལ་བུར་འཐོར་ཏེ། ས་ཁུལ་རེ་ལ་སྡེ་དཔོན་རེའི་རྒྱལ་པོའི་མིང་ཐོག་ནས་དབང་བསྒྱུར་བྱས་ཏེ་རྒྱལ་ཕྲན་དུ་མརགྱུར་སྐབས། གླིང་གེ་སར་རྒྱལ་པོ་ཡང་དང་པོ་ཁམས་དང་ཨ་མདོའི་ས་ཁུལ་ཆུང་ངུ་ཞིག་ལ་དབང་བསྒྱུར་བྱེད་པའི་རྒྱལ་ཕྲན་ཞིག་རིམ་གྱིས་འཕེལ་རྒྱས་ཕྱིན་པ་ཞིག་ཏུ་འདོད། དེ་ཡང་གླིང་གེ་སར་གྱི་འཁྲུངས་འདས་སྐོར་ལ་འདོད་པ་མི་འདྲ་བ་ཁ་ཤས་ཡོད་རུང༌། རྩ་བའི་ཆ་ནས་འགལ་བ་ཆེན་པོ་མེད་པར་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་དུ་འདུས་པ་སྟེ། མདོ་སྨད་ཆོས་འབྱུང་ལས། ཆུ་སྦྲུལ་དང་ལྕགས་བྱི་ལ་འདོད་མཁན་གཉིས་སྣང་ཡང་གང་ལྟར་རབ་བྱུང་དང་པོ་ཚུགས་ཁ་མའི་དྲུག་ཅུའི་སྐོར་དེར་གཏོགས་ཞེས་གསུངས་པ་ལྟར་ན།བྱུང་དང་པོའི་ཆུ་སྦྲུལ་ནི་སྤྱི་ལོ༡༠༥༣དང༌། ལྕགས་བྱི་ནི་སྤྱི་ལོ༡༠༦༠ཡིན་པ་དང༌། ཡང་ཕྱིས་ཀྱི་མཁས་དབང་དམུ་དགེ་བསམ་གཏན་མཆོག་གིས་རབ་བྱུང་དང་པོའི་མེ་ཡོས་སྤྱི་ལོ༡༠༢༧ལ་བཞེད་པ་དང༌། བདུད་འཇོམས་ཆོས་འབྱུང་ལས་རབ་བྱུང་དང་པོའི་ས་སྟག་སྤྱི་ལོ༡༠༣༨ལ་བཞེད་པ་རྣམས་ཚང་མ་བོད་རབ་བྱུང་པོའི་ནང་དང༌། སྤྱི་ལོའི་དུས་རབས་བཅུ་གཅིག་པའི་སྟོད་ཙམ་དུ་བྱོན་པར་བཞེད་པ་ཀུན་གཅིག་མཚུངས་ཡིན། ཡང་ལྡོང་གི་མ་ཡིག་ལུང་བསྟན་ལས། སྟག་གི་ལོ་ལ་སྦྲུལ་གི་མཇུག་མ་ཅན་ཞེས་གསུངས་པ་དེ་དང༌། བདུད་འཇོམས་རིན་པོ་ཆེས་ས་སྟག་ལ་བཞེད་པ་གཉིས་གཅིག་ཏུ་ཁེལ་བ་དང༌། གླིང་ཨ་མེས་བྱང་ཆུབ་འདྲེ་ཁོལ་གྱིས་གེ་སར་ལ་ལོ༨༨ཐུབ་པའི་ལུང་བསྟན་གནང་བ་དེ་དང༌། ལྡོང་གི་མ་ཡིག་ལུང་བསྟན་ལས་སྟག་ལ་འཁྲུངས་ནས་སྦྲུལ་ལ་གཤེགས་པར་བཞེད་པ་གཉིས་ཀྱང་ཕལ་ཆེར་གཅིག་ཏུ་ཁེལ་བ་བཅས་ཀྱིས། གླིང་གེ་སར་ནི་བོད་རབ་བྱུང་དང་པོའི་ས་སྟག་སྤྱི་ལོ༡༠༣༨ལ་སྐུ་འཁྲུངས་ནས། རབ་བྱུང་གཉིས་པའི་ཤིང་སྦྲུལ་སྤྱི་ལོ༡༡༢༥ལ་ཞི་བར་གཤེགས་ཏེ་དགུང་ལོ་ཧྲིལ་པོ་བརྒྱད་ཅུ་གྱ་བདུན་དང༌། བོད་རྩིས་ཀྱི་ཟླ་ལྷག་རྩིས་པའི་དབང་དུ་བྱས་ན་དགུང་ལོ་གྱ་བརྒྱད་ཀྱང་མི་འགལ་བ་བཅས་ཀྱིས། གླིང་གེ་སར་རྒྱལ་པོའིའཁྲུངས་འདས་དང་ཚེ་ཚད་ནི་ལྡོང་གི་མ་ཡིག་ལུང་བསྟན་དང༌། བདུད་འཇོམས་ཆོས་འབྱུང༌། རླང་གི་པོ་ཏི་བསེ་རུ་བཅས་ཀྱིས་གསལ་གསལ་ཐེང་ཐེང་གིས་བསྟན་ཡོད།
དྲི་བ་གཉིས་པ། གླིང་གེ་སར་ཞེས་པའི་སྟོབས་ཆེན་གྱི་རྒྱལ་པོ་དེ་འདྲ་ཞིག་བྱུང་བ་ཡིན་ན་བོད་ཀྱི་ལོ་རྒྱུས་རྒྱལ་རབས་རྣམས་སུ་གེ་སར་གྱི་ལོ་རྒྱུས་ཁ་གསལ་ཞིག་འཁོད་འོས་པ་ལ་མ་འཁོད་པའི་རྒྱུ་མཚན་ཅི་ཡིན་ནམ།
ལན་དུ། འོ་རེད། བོད་ཀྱི་ལོ་རྒྱུས་རྣམས་སུ་རྩ་བ་ནས་མ་འཁོད་བ་ཡང་མ་རེད། ལོ་རྒྱུས་རྙིང་ཤོས་ཀྱིས་གྲས་རླང་གི་པོ་ཏི་བསེ་རུ་དང༌། མྱང་ཆོས་འབྱུང༌། མདོ་སྨད་ཆོས་འབྱུང༌། འཛམ་གླིང་རྒྱས་བཤད་རྣམས་སུ་གེ་སར་གྱི་སྐོར་ཟུར་ཙམ་མཐོང་རྒྱུ་ཡོད་པ་དང༌། ཀཿདམ་པ་བདེ་གཤེགས་ཀྱི་རྣམ་ཐར་དུ་གླིང་རྒྱལ་དགྲ་བླ་རྩེ་རྒྱལ་གྲོང་པའི་བསྔོ་རྟེན་ལ་དཔའ་རྒྱ་ཚའི་གོ་ཁྲབ་ཕུལ་ཚུལ་གསལ་བ་སོགས་ཡོད། འོན་ཀྱང་གེ་སར་གྱི་ལོ་རྒྱུས་ཞིབ་རྒྱས་ནི་གླིང་སྒྲུང་རང་ལས་བོད་ཀྱི་ལོ་རྒྱུས་ཁག་དུ་མི་གསལ་བ་ཡང༌། གེ་སར་གྱི་ལོ་རྒྱུས་ཁོ་ན་ཙམ་མ་ཡིན་པར་སྐབས་དེའི་ཡས་མས་ཙམ་ལ་མཚན་སྙན་ཤིན་ཏུ་ཆེ་བ་ཁམས་སྟོད་བེ་རུ་རྒྱལ་པོ་ལྟ་བུ་རྒྱལ་ཕྲན་ཁག་དང༌། ཁམས་འདན་ཁོག་གི་ཆོས་གྲྭའི་སློབ་དཔོན་ཆེན་པོ་སེ་བཙུན་དང༌། སྨྲི་ཏི་ཛྙཱ་ན། ཨ་རོ་ཡེ་ཤེས་འབྱུང་གནས་གསུམ་གྱིས་འཆད་ཉན་གྱིས་བསྟན་པ་སྤེལ་ཏེ་སློབ་མ། ཁུ་རྔོག་འབྲོམ་གསུམ་དང༌། འབྲེ་ཤེས་རབ་འབར་སོགས་མདོ་དབུས་ཁམས་གསུམ་གྱི་སློབ་མང་པོ་བསྐྱང་ཚུལ་སོགས་གལ་གནད་ཆེ་བའི་ལོ་རྒྱུས་མང་པོ་ཞིག་ཟུར་ཙམ་མཐོང་རྒྱུ་མེད་པ་ཡང༌། སྐབས་དེ་དུས་ཀྱི་མི་རབས་རྣམས་ཀྱི་མིའི་རིགས་ཀྱི་འགན་མ་ཁུར་བ་ཙམ་ལས་ལོ་རྒྱུས་དེ་ཚོ་མ་བྱུང་བའི་སྒྲུབ་བྱེད་དུ་མི་འགྲོ་བ་ལྟ་བུ་རེད། ད་ཡོད་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་ཕལ་ཆེ་བ་ནི་དབུས་གཙང་གཙོ་ཁོ་ནའི་ལོ་རྒྱུས་ལས་མདོ་ཁམས་ཀྱི་ལོ་རྒྱུས་ཆེན་པོ་མི་གསལ་ཞིང༌། དེ་ཡང་ཆོས་ལུགས་ཕྱོགས་རེ་བའི་ལྟ་བས་ལྷད་ནས་དྲང་བདེན་རླབས་ཆེན་གྱི་ལོ་རྒྱུས་བྲིས་པ་ནི་ཧ་ཅང་ཉུང་ཉུང་ཞིག་རེད། ལྷག་པར་དུ་མདོ་ཁམས་གཉིས་ལས་མདོ་སྨད་ཆོས་འབྱུང་ངམ་ལོ་རྒྱུས་ཞིག་ནི་ས་བཅད་མ་སྟོང་ཙམ་ཞིག་མོད། ཁམས་ཕྱོགས་ཀྱི་ཡུལ་གྲུ་རྣམས་སུ་བོད་སིལ་བུའི་སྐབས་ལ་ཆོས་དང་རིག་གནས་གང་སྤྱིའི་ཐད་ནས་རླབས་ཆེན་རིན་ཐང་ལྡན་པའི་ལོ་རྒྱུས་མང་པོ་ཞིག་ཡོད་རུང༌། གླིང་གེ་སར་གྱི་རྣམ་ཐར་ལས་ཉག་ཕྲ་རུ་གྱུར་པ་འདི་ལ་ང་ཚོས་སེམས་ཁུར་གྱིས་བསམ་བློ་གཏོང་དགོས་པ་ཞིག་ཏུ་གྱུར་ཡོད། འོན་ཀྱང་ཁོང་དང་དུས་མཉམ་པའི་བོད་ཀྱི་མཁས་དབང་རྣམས་ཀྱི་ལོ་རྒྱུས་ཀྱིས་ཟུར་བརྒྱན་ནས། དཔྱད་པ་བྱས་ན་གླིང་གེ་སར་གྱི་ལོ་རྒྱུས་སྤྱི་ཁོག་ཤེས་ནུས་པ་ཞིག་སྟེ། དེ་ཡང་གླིང་གེ་སར་གྱིས་ཇོ་བོ་སྨྲི་ཏི་ཛྙཱ་ན་གདན་དྲངས་སྟེ་ཆོས་ཞུས་པ་དང་གཙུག་ལག་ཁང་བཞེངས་ཚུལ་གསལ་བ་ཡང༌། སྐབས་དེ་དུས་བོད་ཀྱི་ལོ་རྒྱུས་སྤྱི་དང་ཤིན་ཏུ་འབྲེལ་ཆགས་པ་ཞིག་སྟེ། བོད་སིལ་བུར་འཐོར་ཏེ་དབུས་གཙང་གཉིས་སུ་འདུལ་བསྟན་གཙོ་བོར་གྱུར་པའི་འཆད་ཉན་གྱི་རྒྱུན་མེད་པར་གྱུར་སྐབས། དབུས་ནས་དམར་གཡོ་གཙང་གསུམ་དང༌། ལྷ་ལུང་རབ་འབྱོར་དབྱངས༌། རོང་སྟོན་སེང་གེ་གྲགས་པ། ཀ་འོད་མཆོག་གྲགས་དང་རོང་པོ་དཔལ་ལྷུན་དཔོན་སློབ་གཉིས། དབས་རྒྱལ་བ་ཡེ་ཤེས། ཞལ་མངའ་འཇམ་དཔལ། ཡང་གོང་ཤེས་རབ་འབྱུང་གནས་སོགས་རིམ་གྱིས་མདོ་ཁམས་ཕྱོགས་སུ་ཕེབས་ཏེ་ཉན་བཤད་ཀྱི་རྒྱུན་བཙུགས་པས་ཤེས་རིགས་ཀྱི་དར་སྲོལ་ཆེན་པོ་བྱུང་ཞིང༌། ལྷག་པར་དུ་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་ལ་ཁམས་འདན་ཁོག་ཏུ། ཇོ་བོ་སེ་བཙུན་དང་སྨྲི་ཏི་གཉིས་ཀྱིས་བཤད་གྲྭ་བཙུགས་པའི་སྙན་པ་དབུས་ཕྱོགས་སུ་ཁྱབ་སྟེ་དབུས་ནས། ཁུ་རྔོག་འབྲོམ་གསུམ་དང༌། འབྲེ་ཤེས་རབ་འབར། བང་སྟོན་བྱང་ཆུབ་རྒྱལ་མཚན་སོགས་ཕེབས་ཏེ་ལོ་ཉི་ཤུ་ཙམ་དུ་བཞུགས་ཏེ་སློབ་གཉེར་གནང་ཚུལ་གསལ་ཞིང༌།ལྷག་པར་དུ་སྤྱི་ལོ༡༠༠༤ལ་སྐུ་འཁྲུངས་པ་འབྲོམ་སྟོན་རྒྱལ་བའི་འབྱུང་ནས་ནི་གླིང་གེ་སར་ལས་ལོ༣༤ཆེ་ཞིང༌། ཁོང་དགུང་ལོ་བཅོ་བརྒྱད་ནས་བཞི་བཅུའི་བར་ལོ་ངོ་ཉི་ཤུ་ཙམ་ལ་ཁམས་འདན་ཁོགས་སུ་སློབ་གཉེར་གནང་སྐབས་གླིང་གེ་སར་སྐུ་འཁྲུངས་ནས་དགུང་ལོ་བརྒྱད་ཙམ་ལོན་ཞིང༌། དེ་སྐབས་འདན་ཁོག་ནི་གླིང་གི་མངའ་ཁོང་ཡིན་ཞིང་དེར་མཁས་པ་ཆེན་པོ་སེ་བཙུན་དང༌། སྨྲི་ཏི་ཛྙཱ་ན།ཨ་རོ་ཡེ་ཤེས་འབྱུང་གནས། ཁུ་རྔོག་འབྲོམ་གསུམ་དང༌། འབྲེ་ཤེས་རབ་འབར། བང་སྟོན་བྱང་ཆུབ་རྒྱལ་མཚན་སོགས་མང་པོ་བཞུགས་ཏེ་འཆད་ཉན་གྱིས་དར་སྲོལ་རྒྱ་ཆེན་པོ་ཡོད་པ་མ་ཟད། ལོ་རྒྱུས་སྤྱི་ཁོག་བལྟས་ན་ཁོང་རྣམས་དང་གླིང་གེ་སར་ལ་བར་ལ་འབྲེལ་བ་ཆེན་པོ་ཞིག་ཡོད་པ་དཔོགས་ནུས་ཀྱང༌།དེའི་སྐོར་གྱི་ལོ་རྒྱུས་ཁ་གསལ་ཞིག་མཐོང་རྒྱུ་ཡོད་པ་ཕར་ཞོག མཁས་པ་ཆེན་པོ་སེ་བཙུན་གཞོན་ནུ་དབང་ཕྱུག་གི་འཁྲུངས་འདས་ཙམ་ཡང་མཐོང་རྒྱུ་མེད་པའི་ཐབས་སྐྱོ་བོ་འདི་ནི་དུས་རབས་དེའི་མི་རྣམས་ཀྱིས་འགན་མ་ཁུར་བའི་སྐྱོན་ཙམ་ཙམ་ལས། ལོ་རྒྱུས་དེ་རྣམས་དངོས་སུ་མ་བྱུང་བར་སུས་ཀྱང་བཤད་མི་ཐུབ་པ་བཞིན་གླིང་གེ་སར་གྱི་ལོ་རྒྱུས་ཡང་དེ་དང་གཅིག་མཚུངས་རེད།
དྲི་བ་གསུམ་པ། དེས་ན་ད་ཡོད་ས་ཆ་དངོས་ཀྱི་ཐོག་ནས་གླིང་གེ་སར་གྱི་ལོ་རྒྱུས་གསལ་བཤད་དང༌། ངོས་འཛིན་ཏིང་ཚུགས་པ་ཞིག་བྱེད་ཐུབ་བམ།
ལན་དུ། འོ་རེད་སྤྱིར་གླིང་གི་སྒྲུང་རྣམ་གྲངས་ཤིན་ཏུ་མང་བ་དང༌། ཚིག་སྦྱོར་ཡང་ར་རྟོག་གི་བརྗོད་པ་ཧ་ཅང་མང་བའི་རྐྱེན་གྱིས་གླིང་སྒྲུང་ནས་བཤད་པའི་ཚིག་འབྲུ་གཅིག་ཀྱང་མ་ལུས་པར། ས་ཆ་དངོས་དང་སྦྱར་ནས་ངོས་འཛིན་དང་གསལ་བཤད་བྱ་དཀའ་རུང༌། སྤྱི་ཁོག་ནས་གླིང་སྒྲུང་དང་ད་ཡོད་ས་ཆ་དངོས་ཀྱི་ཐོག་ནས་དཔྱད་བསྡུར་བྱས་ན་ཡང་གསལ་པོ་ངེས་ཤེས་རྙེད་ཐུབ་སྟེ། དང་པོ་གླིང་རྣམས་ད་ལྟའི་ཁམས་སྡེ་དགེའི་མངའ་ཁོང་དཀྱིལ་དུ་བྱས་པའི་ཉེར་སྐོར་གྱི་ཡུལ་ཤུལ་དང་གོ་འགྱོ། དཀར་མཛེས་སོགས་ས་ཁུལ་ཆུང་ངུ་ཞིག་ལས་མེད་ཚོད་སྟེ། གེ་སར་ནི་ད་ལྟ་སྡེ་རྫོང་ཚྭ་ཚྭ་ཆུས་ཀྱི་ཁོངས་ས་སྐྱིད་སོས་ཡག་གི་ཁ་མདོ་ཞེས་པར་སྐུ་འཁྲུངས། དེ་ནས་གེ་སར་སྐུ་ན་ཕྲ་མོའི་དུས་སུ་མ་བུ་གཉིས་ཆར་རྨ་ཁོགས་དུ་རྒྱང་བུད་བཏང་སྟེ་དེར་གནས་གཞིས་ཆགས་པ་ནས་བཟུང༌། རིམ་གྱིས་གླིང་གི་གནས་གཞི་གཙོ་བོ་རྨ་ཆུ་བརྒྱུད་གྱུར་པ་ཞིག་སྟེ། དེ་ཡང་རྨ་ས་བཟུང་དར་གྱི་མདུད་པ་ཞེས་གླིང་སྒྲུང་རྣམས་སུ་གསལ་བ་ལྟར། གེ་སར་གྱི་ཕོ་བྲང་སེང་འཕྲུག་སྟག་རྩེ་དེ་རྨ་ཆུ་དང་དར་ཆུ་གཉིས་འཛོམས་མཚམས་དེར་ཆག་ཡོད་ཅིང༌། དེའི་མདུན་དུ་རྨ་དེལ་ཡག་སྟག་ཐང་ཁྲ་མོ་ཞེས་པའི་སྐད་གྲགས་ཅན་གྱི་ཐང་ཆེན་དེ་ཡང་གླིང་སྒྲུང་རྣམས་སུ་གསལ་བ་ནང་བཞིན་ངོ་མཚར་ལྡན་པར་མཐོང་ཐུབ། དེ་ནས་སྤྱི་ལེ་བདུན་ཙམ་གྱི་མཚམས་སུ་གླིང་བློན་འདན་མ་བྱང་ཁྲའི་ཕོ་བྲང་གི་མཁར་ཤུལ་མཐོང་རྒྱུ་ཡོད་པ་དང༌། ད་ལྟ་ཟི་ཁྲོན་གསེར་རྟ་རྫོང་ཁོངས་སུ་གླིང་གསེར་པའི་ཉི་འབུམ་དར་ཡག་གི་མཁར་ཤུལ་ཡོད་པ་དང༌། སྡེ་དགེ་ཅང་ར་ཤང་དུ་འབུམ་པའི་རྒྱ་ཚ་ཞལ་དཀར་གྱི་མཁར་ཤུལ་གསལ་པོ་མཐོང་རྒྱུ་ཡོད་པ་དང༌། ད་ལྟའི་ཆབ་མདོ་གོ་འགྱོ་རྫོང་ཁོངས་སུ་དཔའ་ལ་སེང་སྟག་ཨ་དོམ་གྱི་མཁར་ཤུལ་མཐོང་རྒྱུ་ཡོད་པ་རྣམས་ཀྱང༌། གླིང་སྒྲུང་ནང་གསལ་བ་དང་གུང་བསྒྲིགས་ཐུབ་ཅིང་རྒྱུ་མཚན་ལྡན་པ་ཞིག་ཏུ་ཆགས་ཡོད། གཞན་ཡང་གྲུ་གུ་གོ་རྫོངས་ཕབ་སྐབས་རྨ་ཁམས་གླིང་གི་རྒྱལ་ཁབ་དང༌། སྐུ་རྒྱལ་བོད་ཀྱི་རྒྱལ་ཁབ་གཉིས་མཉམ་འབྲེལ་གྱིས་དམག་རྒྱབ་སྟེ་དམག་གྲྭ་བསྒྲིགས་སྐབས་སུ། ད་ལྟའི་ཆབ་མདོ་ས་ཁུལ་གྱི་གོ་འགྱོ་ཨ་དཀར་ནག་གཉིས་གླིང་གི་ཁོངས་སུ་གཏོགས་པ་དང༌། ད་ལྟའི་སྟེང་ཆེན་རྫོང་ཁོངས་ཀྱི་ཁྱུང་པོ་ཀ་རུ་ནག་རུ་དང༌། ཆབ་བདོ་རྫོངས་ཁོངས་ངོམ་ཆུ་རྒྱུད་ཀྱི་སྡེ་དམག་རྣམས་སྐུ་རྒྱལ་བོད་ཀྱི་མངའ་ཁོངས་སུ་ཡོད་པར་གསལ་བ་ལྟར་ན། རྨ་ཁམས་གླིང་དང་སྐུ་རྒྱལ་བོད་ཀྱི་རྒྱལ་ཁབ་གཉིས་ཀྱི་ས་མཚམས་དང༌། ཆོས་དང་རིག་གནས་ཀྱི་ཀྱི་འབྲེལ་ལམ་སོགས་མང་པོ་ཞིག་མཐོང་རྒྱུ་ཡོད་པས། གླིང་གེ་སར་ནི་དུས་རབས་བཅུ་གཅིག་པའི་ནང་བོད་སིལ་བུའི་སྐབས་སུ་བྱུང་བའི་ཁམས་ཀྱི་རྒྱལ་ཕྲན་ཞིག་ཡིན་པ་ཤེས་ནུས།
དྲི་བ་བཞི་པ། གླིང་གེ་སར་རྒྱལ་པོ་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་དུ་བྱུང་བ་ཞིག་ཡིན་ན། ད་ཡོད་ཁོང་གི་རྣམ་ཐར་དང་སྒྲུང་ཡིག་ལ་དབྱེ་བ་མི་འདྲ་བ་ག་ཚོད་ཡོད། དེའི་ནང་གི་སྔ་ཤོས་དེ་ག་དུས་ཙམ་ལ་བྱུང་བ་རེད།
ལན་དུ། འོ་རེད་ལགས། ངས་ད་སྔོན་མཐོང་ཐོས་ལྟར་ན། གླིང་གེ་སར་གྱི་རྣམ་ཐར་ལ་བསྟོད་པ་དང༌། མངའ་གསོལ། གསོལ་འདེབས། གཡང་སྒྲུབ་སོགས་གེ་སར་དགྲ་ལྷ་རུ་རྩིས་ཏེ་རྣམ་ཐར་གྱི་ཆེ་བརྗོད་བྱས་པ་དང༌། ཡང་གླིང་སྨུག་པོ་དགོང་གི་ཆེ་བ་དང་རིགས་རུས་བྱུང་བརྗོད་དང་འབྲེལ་བའི་རྣམ་ཐར་ལོ་རྒྱུས་བརྗོད་པ་དང༌། ཡང་གེ་སར་དཔའ་བོ་རུ་རྩིས་ཏེ་དགྲ་བོ་ཆམ་ལ་ཕབ་ནས་ཁྲ་མོ་གླིང་གི་མངའ་ཐང་རྒྱས་པར་བྱས་ཏེ་རྫོང་ཁག་རྣམས་ཕབ་པའི་ལོས་རྒྱུས་བཅས་དབྱེ་བ་གསུམ་དུ་ཡོད་པ་ལས།གུས་པས་ད་སྔོན་མཐོང་ཐོས་ལྟར་ན་སྤྱིར་གླིང་གེ་སར་གྱི་ལོ་རྒྱུས་ཟར་ཟུར་ཙམ་ནི་གོང་ཞུས་ལྟར་རླངས་ཀྱི་པོ་ཏི་བསེ་རུ་དང༌། སྤྱི་ལོ༡༡༢༢སྐུ་འཁྲུངས་པ་ཀཿཐོག་པ་དམ་པ་བདེ་གཤེགས་ཀྱི་ལོ་རྒྱུས་དང༌། སྤྱི་ལོ༡༣༣༧ལ་སྐུ་འཁྲུངས་པ་གཏེར་སྟོན་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱི་རྣམ་ཐར་དང༌། སྤྱི་ལོའི་དུས་རབས་བཅུ་བདུན་པའི་ནང་དུ་བྱོན་པ་སྟག་ཤམ་བསམ་གཏན་གླིང་པའི་རྣམ་ཐར་སོགས་མང་པོ་ཞིག་ལས་གསལ་བ་དང༌། རྣམ་ཐར་རྟོགས་བརྗོད་ཀྱི་ཚུལ་དུ་བྲིས་པའི་ཡིག་ཆ་ད་ཡོད་གུས་པས་མཐོང་བ་སྔ་ཤོས་ནི། སྤྱི་ལོ༡༢༠༤ལ་སྐུ་འཁྲུངས་པ་ཀརྨ་སྐུ་ཕྲེང་གཉིས་པ་ཆོས་ཀྱི་བླ་མས་མཛད་པ་དེ་ཡིན་ཞིང༌། དེ་ནི་གླིང་གེ་སར་ཞིང་དུ་གཤེགས་ནས་ལོ་བདུན་ཅུ་དོན་དགུ་སོང་རྗེས་བྱོན་པའི་མཁས་དབང་དེས་བྲིས་པ་ཞིག་ཡིན། དེ་ནས་རིམ་གྱིས་ཁམས་ཀྱི་མཁས་དབང་འཇུ་མི་ཕམ་སོགས་ཀྱིས་བྲིས་པ་བཅས་མང༌། གླིང་སྒྲུང་སྔ་ཤོས་འདི་རེད་ཅེས་ཞིབ་ཕྲའི་གསལ་བཤད་མ་ཤེས་རུང་སྤྱིར་གླིང་སྒྲུང་ལ་ཁ་སྒྲུང་དང༌། བབ་སྒྲུང༌། བརྩམས་སྒྲུང༌། གཏེར་སྒྲུང་སོགས་དབྱེ་བ་མང་ཡང༌། དང་པོ་ཐོག་མར་ཁ་སྒྲུང་བྱུང་སྟེ་དམངས་ཁྲོད་ཀྱི་མི་རྣམས་ཀྱིས་རིམ་གྱིས་གཅིག་ལ་གཅིག་བརྒྱུད་ཀྱིས་སྤེལ་བ་ཞིག་སྟེ། གུས་པ་ཆུང་ངུའི་དུས་སུ་ད་ལྟ་ནང་བཞིན་སྒྲུང་དཔེའི་ཆ་རྐྱེན་མི་ལྡན་ཡང༌། དམངས་ཁྲོད་ཀྱི་རྒན་པོ་རྣམས་ཀྱི་ངག་ནས་གེ་སར་གྱི་རྣམས་ཐར་གླུ་ངག་དང་བཅས་པ་མང་པོ་བཤད་རྒྱུ་ཡོད་པ་མཐོང་ཐོས་བྱུང༌།དེའི་རྗེས་སྒྲུང་དཔེ་མྱུར་རྣམས་སྐྱོབས་ཀྱིས་དཔེ་རྒྱུན་ཁྱབ་བརྡལ་དུ་བྱུང་སྐབས་སུ། རྒན་པོ་འགའ་རེས་ང་ཚོའི་ཁ་སྒྲུང་དང་མི་མཐུན་པས་སྒྲུང་འདི་ཚོ་ཁ་ཤས་རྫུན་མ་རེད་ཅེས་བཤད་པའང་མཐོང་ཐོས་བྱུང་བ་དང༌། ཕྲན་མི་ལོ་བཅུ་གཉིས་རིང་མདོ་དབུས་ཁམས་གསུམ་གྱི་ས་ཆ་གང་སར་དངོས་སུ་སོང་ནས། བོད་ཡིག་དཔེ་རྙིང་མྱུར་སྐྱོབས་དང་ཞིབ་འཇུག་གི་ལས་བྱས་པའི་བརྒྱུད་རིམ་ནང་དུ། གླིང་གེ་སར་གྱི་སྒྲུང་དཔེ་བྲིས་པར་ཅི་རིགས་མཇལ་རྒྱུ་བྱུང་རུང༌། སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་སྟོད་ཙམ་ལ་བྱུང་བ་ལས་སྔ་བའི་དཔེ་ནི་གཅིག་ཀྱང་མཐོང་ཐོས་མ་བྱུང༌། དེང་སང་མཇལ་རྒྱུ་ཡོད་པའི་གླིང་སྒྲུང་རྩོམ་པ་པོ་འམ་སྒྲུང་བབ་པ་པོ་རྣམས་ཀྱང་དུས་རབས་འདི་ཡས་མས་ཙམ་དུ་བྱུང་བ་ཤ་སྟག་ཡིན་བཅས་ལ་གཞིག་ན། དང་པོ་ཁ་སྒྲུང་ནི་དམངས་ཁྲོད་ནས་རིམ་བརྒྱུད་ཀྱིས་དར་ཞིང༌། དེ་ནས་འགའ་རེའི་ཡིག་ཐོག་བཀོད་ཏེ་བརྩམས་སྒྲུང་དར་བ་དང༌། དེ་ནས་མི་ཡི་སེམས་ཁམས་ཀྱི་བག་ཆག་མི་འདྲ་བའི་རྐྱེན་གྱིས་བབ་སྒྲུང་རྣམས་རིམ་པར་བྱུང་བ་ཡིན་ནམ་སྙམས།
དྲི་བ་ལྔ་པ། གླིང་གེ་སར་རྒྱལ་པོའི་རྣམས་ཐར་དུ་མི་ལས་འདས་པའི་རྫུ་འཕྲུལ་དང་གྲུབ་རྟགས་མངའ་བ་དང༌། ཕྱི་མ་འདྲེན་པའི་བླ་མ་དང་ད་གང་སྐྱོབས་པའི་དཔོན་པོ། ནགས་པོ་བདུད་ཀྱི་ཁ་གནོན། སངས་རྒྱས་བསྟན་པའི་སྲོག་ཤིང་སོགས་སུ་འབོད་པའི་མིང་ཚིག་དེ་རྣམ་དངོས་དོན་དེ་འདྲ་ཞིག་ཡིན་པར་ཁྱེད་རང་འདོད་དམ།
ལན་དུ། སྤྱིར་གླིང་གེ་སར་གྱི་སྒྲུང་ནི་སྙན་ངག་གི་ལམ་ནས་རྩོམ་རིག་རྒྱུ་རྩལ་གྱི་ནུས་པ་མངོན་པར་བྱས་ཏེ། ལོ་རྒྱུས་རྟོགས་བརྗོད་ཀྱི་ཚུལ་དུ་བྲིས་པ་ཞིག་ཡིན་པ་ངེས་པར་དུ་ཤེས་དགོས་ཞིང༌། དེ་ཡང་དེང་སང་འཁྲབ་སྟོན་བྱས་ཏེ་འཁྲབ་པའི་ལྟས་མོ་རྣམས་ལ་ཡང༌། འཁྲབ་གཞུང་རྩོམ་པ་པོའི་ལྟ་བ་པོ་སྤྲོ་བ་བསྐྱེད་པའི་ཕྱིར་རྒྱུ་རྩལ་གྱི་ཉམས་ཅི་ཐོན་བྱ་དགོས་པ་ནང་བཞིན། སྒྲུང་མཁན་མཁས་མི་མཁས་ཀྱི་ཁྱད་པར་ལས་སྒྲུང་རྣམས་ལའང་འབྲེལ་ཆག་མི་ཆག་མང་པོ་ཡོད་རུང༌། སྒྲུང་མཁན་རྣམས་ཀྱིས་ཀྱང་ཉན་པ་པོའི་སྤྲོ་བ་བསྐྱེད་ནུས་པ་ཞིག་འབྲི་དགོས་པ་ནི་འོས་འགན་ཡིན་པས། མི་ལས་འདས་པའི་རྫུ་འཕྲུལ་གྱི་རྣམ་པ་མང་པོ་བྲིས་པ་སོགས་ནི་རྒྱུ་རྩལ་གྱི་ཉམས་འགྱུར་ཞིག་ཡིན་པ་ལས་རྫུན་དུ་མི་འགྱུར་ཏེ།འདི་ནི་རྟོགས་བརྗོད་རྒྱུ་རྩ་གྱི་ལམ་ནས་བྲིས་པ་ཞིག་ལས་ལོ་རྒྱུས་ནག་འགྲོས་སུ་བཀོད་པ་ཞིག་མ་ཡིན་པས་རྐྱོན་དུ་མི་འགྱུར།འོན་ཀྱང་གླིང་གེ་སར་རྒྱལ་པོ་ལ་སྐྱེ་བོ་སྤྱིར་བཏང་བ་དང་མི་འདྲ་བའི་དམིགས་གསལ་གྱི་ཡོན་ཏན་དང་ནུས་པ་མང་པོ་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། ཡང་ཕྱི་མའི་ལམ་སྟོན་ཞེས་པའི་མིང་ཚིག་དེའང་ཆོས་ལུགས་པའི་འདོད་ཞེན་གྱིས་རྒྱུ་མཚན་མེད་པར་བསྔགས་པ་ཞིག་ཀྱང་མ་ཡིན་ཏེ། གླིང་གེ་སར་གྱིས་དྲང་བདེན་གྱིས་གཞུང་བཟུང་ནས་ལས་འབྲས་དང་དཀར་ནག་གོ་མ་ལྡོག་པར་སྐྱེ་བོ་མང་པོ་ལ་བདེན་པའི་ལམ་སྟོན་བྱས་པས་ན་སྐྱེ་བ་གཞན་པ་རྣམས་སུའང་ལམ་ཡང་དག་པ་ཞིག་ཐོབ་པ་ནི་ལུགས་དང་མཐུན་པ་ཞིག་རེད། ཡང་ནག་ཕྱོགས་བདུད་ཀྱི་ཁ་གནོན་ཞེས་པའི་མིང་ཐོས་པ་ཙམ་གྱིས་རྨོང་དད་ཀྱི་ཐ་སྙད་ཞིག་ཏུ་ངོས་འཛིན་བྱས་ཏེ་མི་བདེན་པར་རྩི་མི་རུང་སྟེ། སྐབས་དེ་དུས་ཀྱི་ནག་པོ་བདུད་ཞེས་པའི་ཐ་སྙད་དེ་ཡང་ད་ལྟའི་འཇིགས་སྒུལ་བའི་མིང་དང་ཆ་མཚུངས་པ་ཞིག་སྟེ། སྤྱི་ཚོགས་ཡོངས་ཀྱི་ཁེ་ཕན་དང་དྲང་བདེན་གྱི་ལམ་ལ་གནོད་པ་བྱ་ཞིང༌། ཇག་ཚོགས་འཇིགས་སྒུལ་བའི་ཚོགས་པ་ཁ་ཤས་ཀྱིས་རང་དགེར་གྱི་ཁེ་ཕན་ཆུང་ངུའི་ཁྱེད་དུ། མི་དམངས་ཡོངས་ལ་གནོད་ཅིང་འཚེ་བར་བྱེད་མི་རྣམས་ལ་ནག་པོ་བདུད་ཅེས་འབོད་པ་ནི། དུས་རབས་མི་འདྲ་བའི་དབང་གིས་མིང་ཚིག་མི་འདྲ་བ་ལས་ཁྱད་པར་ཅུང་ཟད་ཙམ་ཡང་མེད། སངས་རྒྱས་བསྟན་པའི་སྲོག་ཤིང་ཞེས་འབོད་པ་དེ་ ཡང་དོན་ལ་གནས་པ་ཞིག་ཏུ་སེམས་ཏེ། སངས་རྒྱས་ཀྱི་བསྟན་པ་དངོས་ནི་སེམས་ཅན་ནམ་མི་དམངས་མང་ཚོགས་ལ། གནས་སྐབས་མཐར་ཐུག་ཀུན་ཏུ་བདེ་སྐྱིད་སྐྲུན་རྒྱུ་ཁོ་ན་ལས་གཞན་ཞིག་མེད་པས། གླིང་གེ་སར་རྒྱལ་པོས་ཀྱང་དྲང་བདེན་གྱི་གཞུང་བཟུང་ནས་ཁ་ལ་མི་ཉན་པའི་འཇིགས་སྒུལ་བའམ། ནག་པོ་བདུན་རྣམས་དྲག་པོས་ཚར་བཅད་དེ་ཉམ་ཐག་མི་དམངས་ཀྱི་ཕྱོགས་སུ་ལང་ནས། དེ་རྣམས་གནས་སྐབས་མཐར་ཐུག་ཀུན་དུ་ཕན་བདེའི་ལམ་ལ་འཁྲིད་པའི་བྱ་བཞགས་རླབས་པོ་ཆེའི་སྲོག་བཟུང་བས་ན། མིང་ཚིག་དེ་ལྟ་བུ་རྗོད་ནའང་འོས་ཤིང་མཚམས་པ་ཉིད་དུ་འདོད་དོ།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།