འཁྲབ་སྟོན་པ་དབང་སྒྲོན་མཚོ་ལ་བཅར་འདྲི།
1 ཁྱེད་རང་གློག་བརྙན་འཁྲབ་སྟོན་ལ་ཇི་ལྟར་སྤྲོ་སྣང་བྱུང་བ་ཡིན།
དབང་སྒྲོན་མཚོ། གློག་བརྙན་འཁྲབ་སྟོན་གྱིས་ང་ལ་མི་སྣའི་གཤིས་ཀ་སྣ་ཚོགས་ཚོགས་ཤིག་བཞེངས་སྐྲུན་བྱ་བའི་གོ་སྐབས་སྟེར་བ་མ་ཟད། མི་ཚེའི་མྱོང་བ་མི་འདྲ་བ་མང་པོ་དང་།དེ་དག་གི་གོ་རིམ་ཁྲོད་བྱུང་བའི་དགའ་སྐྱོ་ཆགས་སྡང་སོགས་ཀྱི་འཚོ་བའི་སྐྱིད་སྡུག་གང་མང་ཉམས་སུ་མྱོང་བའི་གོ་སྐབས་རག་གི་འདུག
2 གློག་བརྙན་འདིའི་ནང་ཁྱེད་ཀྱིས་འཁྲབ་གཟུགས་ག་འདྲ་ཞིག་འཁྲབ་སྟོན་བྱས་ཡོད།
དབང་སྒྲོན་མཚོ། བསོད་ལྷ་ཞེས་པའི་བུད་མེད་ཅིག་འཁྲབ་པ་ཡིན།
3 གློག་བརྙན་འདི་འཁྲབ་པའི་གོ་རིམ་ཁྲོད་ཁྱེད་ལ་དཀའ་ཁག་གང་དག་འདུག
དབང་སྒྲོན་མཚོ། ང་རང་ཉིད་ནི་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཏུ་སྐྱེ་འཚར་བྱུང་བ་ཡིན། འོན་ཀྱང་འཁྲབ་བྱའི་བསོད་ལྷ་ནི་ལྡོག་སྟེ་ཕ་མེད་མ་མེད་ཀྱི་དྭ་ཕྲུག་ཞིག་དང་ཆུང་ངུའི་དུས་ནས་ཨ་ཞིང་གིས་སྙོར་ཏེ་ནར་སོན་པ་ཞིག་ཡིན། མ་ཟད་ཁོ་མོ་སྡེ་བའི་ནང་དུ་བཤད་ཡམས་སྣ་ཚོགས་ཀྱིས་མཐའ་འདེད་བཏང་ཡོད་ལ། ཐ་ན་བརྩེ་དུང་སླད་མེད་པ་དེ་ལའང་སྤྱི་ཚོགས་ཀྱི་གནོན་ཤུགས་འོག་ཆག་གྲིམ་ཤོར་ཡོད། དེའི་ཕྱིར་ངས་ནམ་རྒྱུན་འདི་ལྟ་བུའི་སྡུག་བསྔལ་འོག་ཏུ་བུ་མོ་བསོད་ལྷ་སྔར་བཞིན་སེམས་ཤུགས་མ་ཆག་པར་གསོན་ཐུབ་དོན་ག་རེ་ཡིན་ནམ་སྙམ་གྱི་ཡོད་ལ།མོ་ལྟ་བུའི་འཚོ་བའི་ཉམས་མྱོང་ཅི་ཡང་མེད་པའི་གནས་ཚུལ་འོག་ཏུ། ཁོ་མོའི་ནང་སེམས་ཀྱི་འགྱུར་བ་སྣ་ཚོགས་པ་ལ་སྟངས་འཛིན་བྱ་རྒྱུ་ནི་རང་ངོས་ཀྱི་དཀའ་ཁག་ཆེ་ཙམ་དུ་མཐོང་།
4 གློག་བརྙན་འདི་བརྒྱུད་ནས་ཁྱེད་ལ་ཉམས་མྱོང་གང་འདྲ་ཐོབ་སོང་།
དབང་སྒྲོན་མཚོ། བོད་མི་རང་ཉིད་ཀྱི་འཁྲབ་གཟུགས་ཤིག་འཁྲབ་སྐབས་ངས་རང་ནུས་ཅི་ལྕོགས་ཀྱིས། མི་རིགས་རང་གི་རིག་གནས་དང་གོམས་སྲོལ།འཚོ་བའི་རྒྱུན་ཤེས་སོགས་ལ་སྣང་འཇོག་མཐོན་པོ་བྱས་པ་ཡིན་ལ། དེ་དག་ཡན་ལག་གི་བརྡ་ཐབས་ཀྱིས་མངོན་པར་མཚོན་ཨེ་ཐུབ་བལྟས་པ་ཡིན། རང་དང་རང་ལྟ་བུའི་བོད་ཀྱི་འཁྲབ་སྟོན་པ་དག་གིས་མི་རིགས་རང་གི་རིག་གནས་དང་སྲོལ་རྒྱུན་མཚོན་ཐུབ་པའི་གློག་བརྙན་འཁྲབ་རྒྱུ་དང་དེ་དག་བརྒྱུད་ནས་འཛམ་གླིང་མི་དམངས་ལ་རང་ཅག་གི་རིག་གནས་ལོ་རྒྱུས་ངོ་ཤེས་སུ་འཇུག་རྒྱུ་འདི་གལ་ཆེན་པོ་རེད།
5 ཁྱེད་ཀྱིས་བོད་ཀྱི་གློག་བརྙན་ལས་རིགས་ལ་སྐད་ཆ་གང་འདྲ་བཤད་འདོད།
དབང་སྒྲོན་མཚོ། ད་ཆ་བོད་རང་གིས་བཟོས་པའི་གློག་བརྙན་མང་དུ་འབྱུང་གི་འདུག་ལ།མི་རིགས་རང་གི་རིག་གནས་གོམས་སྲོལ་མཚོན་པའི་གློག་བརྙན་ཀྱང་ཟམ་མི་ཆད་པར་ཐོན་གྱིན་འདུག དེས་ཕྱིར་ང་ཚོ་བོད་ཀྱི་ན་གཞོན་དག་གིས་མུ་ནས་མི་རིགས་གློག་བརྙན་དར་སྤེལ་དུ་བཏང་སྟེ། བོད་ཀྱི་ཡ་རབས་ཚུལ་མཐུན་དང་རང་བྱུང་དང་མཉམ་དུ་ཞི་བར་གནས་པའི་རྣམ་པ་འདི་དག་འཁྲབ་གཞུང་ལ་འགོད་རྒྱུ་ཡང་གལ་ཆེ་འདུག་སྙམ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com