སྨྲེང་བུ་ལ་མི་རབས་གསུམ་པའི་སྐོར་ནས་བཅར་འདྲི་ཞུས་པ།

རྩོམ་པ་པོ།:འབའ་སྨད་རྒྱལ་ལོ་ཚེ་རིང༌། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-07 10:51:00 ཀློག་གྲངས།:
འབའ་སྨད་རྒྱལ་ལོ་ཚེ་རིང༌། ཁྱེད་ཀྱིས་སྙན་ངག་གི་མི་རབས་གསུམ་པར་བཟུང་བའི་ལྟ་ཚུལ་དང༌། དེ་དག་གི་སྙན་ངག་གི་ བཟང་དང་སྐྱོན་བཅས་ཀྱི་ཐད་དུ་རང་གི་ལྟ་ཚུལ་འཆད་ཅིག
སྨྲེང་བུ། 2005ལོ་ནས་བཟུང་རང་རེའི་ད་རབས་རྩོམ་སྟེགས་སུ་དྲི་བཞོན་གསར་པ་ཞིག་ལྡང་འགོ་བརྩམས་པ་དེ་ནི་སྙན་ངག་གི་མི་རབས་གསུམ་པ་རེད། ཁོ་ཚོ་མང་ཆེ་བ་ཞིག་དུས་རབས་གོང་མའི་ལོ་རབས་བདུན་ཅུའི་སྨད་ཙམ་དང་ལོ་རབས་བརྒྱད་ཅུའི་སྟོད་ཙམ་ལ་འཇིག་རྟེན་དཀར་ངོགས་སུ་མི་ལུས་བླངས་པའི་གསར་བུ་ཚོ་ཡིན་ལ། མདོ་སྨད་ཕྱོགས་ཀྱི་མཚོ་སྔོན་པོའི་གཡས་གཡོན་དང་རྨ་ཀླུང་རིང་མོའི་ལྷོ་བྱང་ཁུལ་དུ་ཆགས་པའི་རོང་འབྲོག་གི་ཡུལ་གྲུ་ནི་ཁོ་ཚོ་འཚོ་ཞིང་གཞེས་པའི་ཞིང་ས་ཡིན ཇི་སྐད་དུ། ཕུགས་བསམ་ནི་རང་དབང་གི་གསར་གཏོད་ལ་རག་ལས་ཞེས་གསུངས་པ་ནང་བཞིན། ཁོ་ཚོས་རང་གཤིས་དང་འཕྲོད་པའི་རྩོམ་རིག་གི་ལམ་བུ་འདི་འདྲ་ཞིག་བདམས་ཏེ་ལང་ཚོའི་འབོད་པ་གསང་མཐོར་སྒྲོག་བཞིན་ལམ་དུ་ཆས་ཚུལ་འདི་ནི། འཚོ་སྟངས་གསར་པའི་ཕུགས་བསམ་དང་རྩོམ་རིག་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པ་ཞིག་ཡིན། འདི་ནི་སྙན་ངག་གི་མི་རབས་གསུམ་པས་བདག་ལ་བཞག་པའི་སྤྱིའི་ཚོར་སྣང་ཙམ་ཡིན། ཁོ་ཚོས་བརྩམས་པའི་སྙན་ངག་གི་གྲངས་ཀ་དང་མཚོན་དོན་དང་མཚོན་ཐབས་སོགས་ཧ་ཅང་མང་བས་དུས་ཚོད་ཐུང་ཐུང་ཞིག་གི་ནང་ཁོ་ཚོའི་སྙན་ངག་གི་བཟང་ངན་ལ་བརྡར་ཤ་གཅོད་རྒྱུ་དེ་ལས་སླ་མོ་ཞིག་མིན། ང་རང་གིས་དང་པོ་ཉིད་ནས་དེ་ནི་རྩོམ་རིག་འཕེལ་འགྱུར་ཁྲོད་ཀྱི་སྣང་ཚུལ་ཁྱད་པར་བ་ཞིག་ཡིན་པར་རློམ་ཡོད། གོ་སྐབས་རེ་བཙལ་ཏེ་དེ་ལ་ཆེད་དུ་ཞིབ་འཇུག་རེ་བྱེད་ན་མ་གཏོགས་གློ་བུར་དུ་སྡོམ་ཚིག་ཅིག་འཇོག་རྒྱུ་ནི་ཤིན་ཏུ་དཀའ།
འབའ་སྨད་རྒྱལ་ལོ་ཚེ་རིང༌། མི་རབས་གསུམ་པས་བོད་ཀྱི་རྩོམ་རིག་བཤུལ་ལམ་ཁྲོད་དུ་གོ་གནས་ག་ཙམ་བཟུང་ཡོད་པ་དང༌། དེའི་ཤུགས་རྐྱེན་གྱིས་བོད་ཀྱི་རྩོམ་རིག་ལ་སྣང་ཚུལ་ཡན་གར་བ་ཅི་ཞིག་བསྐྲུན་ཡོད།
སྨྲེང་བུ། འདི་ལ2011ལོའི་སྤྱི་ཟླ12པའི་ཚེས5ཉིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པ་ཞིབ་འཇུག་གླིང་གི་ཞིབ་འཇུག་སློབ་མའི་མཐུན་ཚོགས་ཀྱི་གདན་ཞུས་ལྟར། ཕྲན་གྱིསབོད་ཀྱི་རྩོམ་རིག་གསར་པའི་རྩོམ་སྟེགས་ཀྱི་བརྒལ་བརྟག་སྣང་ཚུལཞེས་པ་ཞིག་འཆད་ཁྲིད་ཞུས་པའི་ནང་དུ་མི་རབས་གསུམ་པའི་སྐོར་གྱི་ཚན་པ་གཅིག་ཡོད་པ་དེ་སོར་བཞག་སྒོས་ལན་ཐེབས་ཁུལ་བྱས་ན། 2006ལོར་མདོ་སྨད་ཟི་ལིང་དུ་སྙན་ངག་པའི་མི་རབས་གསུམ་པ་དངོས་སུ་རྐང་ཚུགས་པ་ཁྱབ་བསྒྲགས་བྱས་པ་ནས་ད་ལྟའི་བར་མུ་མཐུད་རྒྱུན་བསྐྱངས་པ་དང༌། མི་རབས་གསུམ་པཞེས་པའི་རྩོམ་དེབ་གཉིས་ཀྱང་དངོས་སུ་འགྲེམ་སྤེལ་བྱས་པ་མ་ཟད། རྩོམ་རིག་བགྲོ་གླེང་གི་ཚོགས་འདུའང་ལོ་རེ་བཞིན་འཚོགས་ཀྱིན་ཡོད། ཟིན་བྲིས་སྣ་ཚོགས་དང་དྲ་བ་རྩོམ་དེབ་བརྒྱུད་དེ་ཁོ་ཚོའི་སྙན་ངག་གི་བརྩམས་ཆོས་རིང་ཐུང་ཅི་རིགས་དུས་ལྟར་སྤེལ་བ་ལས་གཞན།སྒྲིག་འཛུགས་འདིའི་སྙན་ངག་གི་ལངས་ཕྱོགས་གཙོ་བོ་དང་མི་སྒེར་གྱི་རྩོམ་གཤིས་ཀྱང་མཚམས་སྦྱོར་བའི་དུས་མཉམ་དུ།ཁམས་དང་མོས་པའི་དབང་གིས་ནང་ཁུལ་གྱི་གཞི་ཁྱོན་ལའང་འགྱུར་བ་འགྲོ་བཞིན་ཡོད་ཀྱང༌། འདི་ནི་སྐད་ཀྱི་གདངས་ཆེས་མཐོ་ཞིང་བྲག་ཅའི་རྒྱུན་ཆེས་རིང་བའི་འཇམ་རྩུབ་མངོན་ལྐོག་འགལ་མཐུན་སྣོལ་མར་བསྡེབས་པའི་རྩོམ་རིག་གསར་པའི་རྩོམ་སྟེགས་ཀྱི་འཁྲུག་ཆ་དོད་པོའི་སྣང་ཚུལ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད།
      རྒྱུན་ལྡན་གྱི་རྩོམ་རིག་གི་སྒྲིག་འཛུགས་ཤིག་ཡིན་པའི་ཆ་ནས། ནང་ཁུལ་གྱི་གཞི་ཁྱོན་ལ་འགྱུར་བ་འགྲོ་བ་ནི་འཇིག་རྟེན་གྱི་བྱུང་འཕེལ་རྒུད་གསུམ་གྱི་ཆོས་ཉིད་དང་མཐུན་པ་ཞིག་ཡིན། ཐོག་མར་དར་བ་ལ་ངོ་མཚར་ཞིང་མཐའ་མར་རྒུད་པ་ལ་ཧ་ལས་དགོས་དོན་མེད། མི་རབས་གསུམ་པབྱུང་ནས་ལོ་བདུན་ལས་འགོར་མེད་ནའང་ཁོ་ཚོ་ཕོ་བའི་འཇུ་སྟོབས་ལ་བརྟེན་ནས་རང་གི་འཇིག་རྟེན་དུ་འཚར་ལོངས་བྱུང་ཞིང་ཁོ་ཚོས་རང་གི་སྐད་ངག་ལ་བརྟེན་ནས་སྲིད་པའི་ཁྲོམ་ར་འདིར་གླུ་བླངས་པ་རེད། རྩོམ་རིག་གི་འཕྲིན་ལས་འཕེལ་བ་ལ་ཕྱོགས་མང་པོའི་མཐུན་རྐྱེན་ཚང་དགོས་ནའང༌། རྩོམ་རིག་གི་སྒྲིག་འཛུགས་སྣ་ཚོགས་བྱུང་ཞིང་ཀུན་སློང་གཙང་མའི་ཐོག་ནས་འདྲ་མཉམ་བགྲོ་གླེང་གི་ཁོར་ཡུག་ཅིག་ཆགས་ཐུབ་པ་ནི་མཐུན་རྐྱེན་གཙོ་བོ་ཞིག་ཡིན། འདྲ་མཉམ་བགྲོ་གླེང་གི་མཚམས་དང་མཚམས་སུ་ལུང་རིགས་དཔེ་གསུམ་གྱི་དགག་སྒྲུབ་དང་དཔྱད་འཇོག་རེ་ཡོད་ན་དེ་ལས་ཀྱང་ཕྱར་བ་གྲུ་འདེགས་ལྟ་བུའི་ཕན་ནུས་འབྱུང་སྲིད།
འབའ་སྨད་རྒྱལ་ལོ་ཚེ་རིང༌། མི་རབས་གསུམ་པས་གང་ཞིག་གཟབ་དགོས་ཤིང༌། ཅི་ཞིག་རྒྱུན་འཛིན་བྱེད་དགོས་པ།ཕྱོགས་གང་ཞིག་ལ་བརྩོན་ལེན་བྱེད་དགོས་པའི་སྐོར་ཡོད་དམ།
སྨྲེང་བུ། གོང་དུ་བཤད་པ་བཞིན། ལུང་རིགས་དཔེ་གསུམ་གྱི་དགག་སྒྲུབ་དང་དཔྱད་འཇོག་དེའང་མཐར་གཏུགས་ན་རང་མྱོང་རིག་པའི་རྩལ་དང་འགྲོགས་པའི་ཐོས་པ་གསོག་རྒྱུ་དེ་རེད། ཐོས་པ་གསོག་ཅེས་པ་དེ་དེང་གི་སྐད་ཆའི་འགྲོས་སུ་བཤད་ན་སློབ་གཉེར་དང་དཔེ་ཀློག་གི་དོན་རེད། མི་རབས་གསུམ་པའི་ཁོངས་མི་ཕལ་མོ་ཆེ་ཞིག་ང་ལ་མཚོན་ན་རྒྱུས་ཡོད་པ་ཏག་ཏག་ཡིན། ཁོ་ཚོའི་ཁྲོད་ཀྱི་མི་ལ་ལ་ཞིག་གསར་བྱུང་གི་གཏམ་དང་ཕྱི་གླིང་རྩོམ་རིག་ཁོ་ནར་དང་དོད་བྱ་རྒྱུར་དགའ་བ་ལས།རང་གི་དམངས་ཁྲོད་དང་སྲོལ་རྒྱུན་ཁྲོད་ཀྱི་འོད་སྣང་འཚེར་བའི་རྩོམ་རིག་གི་ཤུལ་བཞག་སྣ་ཚོགས་ཡལ་བར་འདོར་བའམ།སྔོག་འདོན་བྱེད་པར་མི་མཁས་པ་འདི་ཞན་ཆ་ཞིག་རེད། ངའི་བསམ་ཚུལ་ལྟར་ན། འོ་སྐོལ་ཚོས་རང་རེའི་སྔོན་བྱོན་ལོ་པཎ་དང་མཁས་གྲུབ་ཀྱི་སྐྱེ་བོ་ཚོས་ཤུལ་དུ་བསྐྱུར་བའི་བསྟན་བཅོས་དག་གི་གསེབ་ཏུ་མངོན་པའི་མཁྱེན་བརྩེ་དང་རིགས་ལམ་གྱི་སྒྲོན་མེ། སྒམ་དཀྱེལ་གྱི་སྟོབས་ཤུགས་སྣ་ཚོགས་ལ་ཁྱོན་ཡོངས་དང་ཕྱོགས་སྒོར་མོ་ནས་རྟོག་འཇུག་བྱེད་མི་ཐུབ་ཀྱང༌། ཟ་ཟུར་དང་ཞ་ཞོར་དུ་ལན་ཅིག་གོ་བ་རེ་བཙལ་ཏེ་བག་ཆགས་ཕྲ་མོ་རེ་འཇོག་རྒྱུ་དེ་གལ་ཆེ་སྙམ། དམིགས་གཏད་ཡོད་པའི་སྒོ་ནས་ལ་ལུང་རྒྱལ་ཁམས་འགྲིམ་པ་དེའང་གསར་རྩོམ་པ་ཞིག་ལ་མཚོན་ན་སྣང་མེད་དུ་བསྐྱུར་མི་རུང་བའི་བྱ་བ་ཞིག་རེད།
འབའ་སྨད་རྒྱལ་ལོ་ཚེ་རིང༌། ལ་ལས་ཚོགས་པ་འདི་ལ་ལྟ་སྟངས་ངན་པ་འཛིན་པ་དང༌། དགག་རྒྱག་བྱེད་མཁན་ཡོད་པས་ཁྱེད་ལ་ལྟ་ཚུལ་ཅི་ཞིག་ཡོད།
སྨྲེང་བུ། རྗེ་མི་ལ་རས་པས། བླ་མའི་གདམས་ངག་མི་ཟབ་ན། བདུད་ཀྱི་བར་ཆད་ཅི་ལ་ཡོང༌ཞེས་གསུངས་པ་ལ་གོ་རྒྱུ་ཆེན་པོ་ཞིག་ཡོད། དེ་བཞིན་དུ་སེམས་གཞུང་དུ། རྙེད་བཀུར་ལ་ཆགས་པའི་དབང་གིས་གཞན་གྱི་ཕུན་ཚོགས་ལ་མི་བཟོད་པར་སེམས་ཁོང་ནས་འཁྲུག་པ་ནི་ཕྲག་དོག་གོ་ཞེས་པ་ལྟར་རང་ལ་ཕུན་ཚོགས་ཀྱི་ཆ་ཞིག་མེད་ན་གཞན་སེམས་ཁོང་ནས་འཁྲུག་དོན་མེད། ཡིན་ནའང༌། རང་སྐྱོན་འཚོལ་བ་དང་རང་སྐྱོན་འཆོས་པ་ནི་ཐོག་མའི་རང་བབས་ཀྱི་འགན་འཁུར་ཡིན། རང་ལ་སྐྱོན་ཡོད་ན་གཞན་གྱིས་སྨོད་པ་ནི་སྤྱི་ཆོས་སུ་གྲུབ་ཡོད་པས་དེ་ལ་ངེས་པར་དུ་གཟབ་དགོས། གལ་སྲིད་རང་ལ་བདེན་པའི་གདེང་དང་ཡིད་རྟོན་ཡོད་ན་གཞན་གྱིས་སྨད་པའི་ཚེ་དཔའ་ཞུམ་དགོས་པ་དང་གཞན་གྱིས་བསྟོད་པའི་ཚེ་སེམས་ཀྱི་དཔང་མཐོ་རུ་འགྲོ་དགོས་དོན་མེད། སྨོད་ཚུལ་ལའང་རྨོངས་བཞིན་དུ་སྨོད་པ་དང་ཤེས་ནས་སྨོད་པ་སྟེ་རིགས་གཉིས་ཡོད་པ་དེ་ཤེས་དགོས། རྨོངས་བཞིན་དུ་སྨོད་པ་དེ་རྒྱང་དུ་དོར། ཤེས་ནས་སྨོད་པ་དེ་སེམས་ལ་ཞོག
      ཡང་མི་སྒེར་གྱི་ཞེ་འཁོན་རྐྱེན་བྱས་ཏེ་སྤྱི་མཐུན་གྱི་ལས་ལ་གནོད་ཚུལ་ཞིག་ཡོད་པའང་ཤེས་དགོས། མདོར་ན་གཞན་ཁྱད་གསོད་ཀྱི་རློམ་སེམས་དོར་ཏེ། སེམས་པ་བཟང་ན་ས་དང་ལམ་ཡང་བཟང་ཞེས་པ་ལྟར་རང་གཤིས་མ་ཆག་པར་བཟུང་སྟེ་རྒྱུན་རིང་དུ་བསྲིང་རྒྱུ་དེ་གལ་ཆེན་པོ་རེད་སྙམ།
འབའ་སྨད་རྒྱལ་ལོ་ཚེ་རིང༌། མཐར་ཁྱེད་ཀྱིས་མི་རབས་གསུམ་པར་བཤད་འདོད་པའི་སེམས་གཏམ་ནི།
སྨྲེང་བུ། དོན་ལ་གནད་དུ་ཁེལ་ཡོད་མེད་མ་ངེས་ཀྱང་སེམས་གཏམ་མང་པོ་ཞིག་གོང་དུ་བཤད་ཟིན། སུས་བཤད་པ་བརྗེད་སོང་ཡང་མི་རབས་གསུམ་པའི་ཁོངས་མི་ཞིག་གིས། མི་རབས་གསུམ་པ་ལྕགས་ཡིན། ལྕགས་ལ་བསྒོས་པའི་རྩི་མིན།ཞེས་བརྗོད་པ་བཞིན་ང་ཚོ་ལ་དགོས་པ་དེ་རྩི་མིན། དྲང་མོར་བཤད་ན་ང་ཚོ་ལ་དགོས་པ་དེ་ལྕགས་ཀྱང་མིན། དགོས་ཤ་སྟག་ནི་ ལྕགས་ཀྱི་ཁམས་སུ་འཐིམས་པའི་རྣོ་ཡིན།
                                            ཁ་བྲོ།  བཀྲ་ཤིས།

ཞེས2013ལོའི་ཟླ7ཚེས5ཉིན་སྨྲེང་བུས་ལན་བཏབ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།