རྩོམ་པ་པོ་གླང་མདུན་དཔལ་འབྱོར་ལ་བཅར་འདྲི་བྱས་པ།

རྩོམ་པ་པོ།:གུ་རུ་རྒྱ་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-29 10:01:00 ཀློག་གྲངས།:

རྩོམ་པ་པོ། གླང་མདུན་དཔལ་འབྱོར།
རྩོམ་པ་པོ། གླང་མདུན་དཔལ་འབྱོར།

བཅར་འདྲི་ཞུ་ཡུལ། རྩོམ་པ་པོ་གླང་མདུན་དཔལ་འབྱོར།
བཅར་འདྲི་ཞུ་མཁན། གུ་རུ་རྒྱ་མཚོ།
ས་གནས། ལྷ་ས།
དུས་ཚོད། 2011ལོའི་ཟླ9བའི་ཚེས4ཉིན།
བཅར་འདྲི་ཞུ་མཁན། ཁྱེད་རང་གིས་ཐོག་མར་སྐུ་ཉིད་ཀྱི་གསར་རྩོམ་གྱི་བརྒྱུད་རིམ་ངོ་སྤྲོད་ཅུང་ཙམ་ཞུས་ན་ག་འདྲ་རེད།
གླང་མདུན་དཔལ་འབྱོར། ཁོ་བོ་གྲོང་ཁྱེར་ལྷ་སའི་དགེ་འོས་སྦྱོང་བརྡར་འཛིན་གྲྭའི་དགེ་རྒན་བྱ་མུས་ལ། སྤྱི་ལོ1966ལོར་རིག་གནས་གསར་བརྗེ་ཚུགས་པ་ནས་བཟུང་ང་ཚོ་ཁྱིམ་ཚང་གི་གཞིས་ཁུངས་ཞན་པའི་དགེ་རྒན་ཁ་ཤས་གྲོང་ཁྱེར་ལྷ་སའི་ཤར་ཕྱོགས་སྟག་རྩེ་རྫོང་ཁོངས་འབྲོམ་ཐོད་གྲོང་ཚོའི་ལྷོ་ངོས་གཙང་ཆུའི་གྲམ་ཐང་དུ་སློབ་གྲྭའི་ཞིང་ར་ཞིག་ཡོད་པ་དེར་རེས་མོས་ཀྱིས་ངལ་རྩོལ་བྱ་རྒྱུ་དང་ཞིང་ར་བསྲུངས་ནས་སྡོད་དགོས་པ་དང་། ལྷག་པར་དུ་དགུན་དུས་སུ་ཞིང་རའི་དྲེལ་གཉིས་གསོ་རྒྱུ་ལས་ཞིང་ལས་བྲེལ་བ་ཆེར་མེད་སྟབས་ཕྱི་རྒྱལ་དང་རྒྱལ་ནང་གི་གྲགས་ཅན་བརྩམས་སྒྲུང་། ལྷག་དོན་དུ《དེབ་ཐེར་དཀར་པོ》དང《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སོགས་བོད་ཀྱི་ལོ་རྒྱུས་དེབ་ཐེར། 《གཞོན་ནུ་དྲུག་གི་རྟོགས་བརྗོད》དང《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》སོགས་གྲགས་ཅན་བརྩམས་སྒྲུང་ཁག་ལན་མང་བཀླགས་ཤིང་གཟབ་ནན་གྱིས་སློབ་  སྦྱོང་བྱས་པའི་རྗེས་སུ། ང་རང་སྔོན་བྱོན་མཁས་པ་རྣམས་ཀྱི་རྒྱ་ཆེ་གཏིང་ཟབ་ཀྱི་མཁྱེན་ཡོན་དང་། སྙན་ངག་གི་ཚིག་རྒྱན་སྡེབ་སྦྱོར་སོགས་གང་ཅིའི་ཐད་ནས་ཡིད་དབང་རབ་ཏུ་འཕྲོག་པས་དྲིན་ཅན་གྱི་མེས་པོ་རྣམས་ཀྱིས་འུ་ཅག་གངས་ཅན་པ་རྣམས་ལ་རིག་གནས་སྒྱུ་རྩལ་གྱི་རྗེས་ཤུལ་འདི་ལྟ་བུ་འཇོག་གནང་མཛད་པ་ལ་སེམས་ཀྱི་གཏིང་ནས་ཡི་རང་གུས་བཀུར་གྱི་སེམས་སྣང་ཤུགས་ཆེན་འཆར་བ་དང་། སྐབས་དེར་མི་བཞི་ཤོག་ཁག་གིས་བོད་ཀྱི་རིག་གནས་མཐའ་དག་དུག་རྩྭ་རེད་  ཟེར་ནས་རྙིང་བ་བཞིའི་ཁོངས་སུ་བཞག་སྟེ་གཏོར་བཤིག་བཏང་བ་ལ་བློ་ཕམ་ཆེན་པོ་བྱུང་ཞིང་། འོད་སྟོང་འཕྲོ་བའི་རིག་གནས་འདི་མི་རབས་རྗེས་མ་རྣམས་ཀྱི་ཆ་རྒྱུས་ཡེ་ནས་མེད་པ་ཞིག་ཏུ་མི་འགྱུར་བར་རྒྱུན་འཛིན་བྱ་རྒྱུ་ནི་ང་ཚོ་མི་རབས་འདི་ཡི་ཐོག་ཏུ་བབས་པ་གསལ་བོར་མཐོང་སྟེ། རང་ཉིད་ནས་ཀྱང་རྩོམ་འབྲི་ཕྲན་བུ་བྱ་ཐུབ་པའི་རེ་བས་གསར་རྩོམ་གྱི་ལས་ལ་སྦྱང་བརྩོན་བྱས་ནས་རྩོམ་ཡིག་ཁ་ཤས་བྲིས་ཀྱང་། སྐབས་དེར་གྲལ་རིམ་འཐབ་འཛིང་ཛ་དྲག་ཆེ་བས་རྙོག་དྲ་མི་ཡོང་ བའི་ཆེད་དུ་མེ་ལ་བསྲེགས། སྤྱི་ལོ1980ལོར་བོད་ཡིག་དུས་དེབ《བོད་ཀྱི་རྩོམ་རིག་སྒྱུ་རྩལ》གསར་འདོན་གནང་གྲབས་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་སྟབས། ཚོད་ལྟ་ཞིག་བྱས་ན་བསམས་ཏེ 《གསར་བཞད་རིག་གནས་དཔྱིད་དཔལ་ལ་བསྟོད་པ》ཞེས་པའི་རྩོམ་ཡིག་ཅིག་རྩོམ་སྒྲིག་ཁང་ལ་ཕུལ་བ་ཡིན། བསམ་བརྗོད་ལས་འདས་པ་ཞིག་ལ་ངའི་རྩོམ་ཡིག་དེ《བོད་ཀྱི་རྩོམ་རིག་སྒྱུ་རྩལ》གསར་འདོན་གྱི་དེབ་དང་པོའི་ནང་དུ་རྩོམ་ཡིག་ཨང་དང་པོར་འགོད་གནང་མཛད་འདུག་པ་མ་ ཟད། རྩོམ་སྒྲིག་ཁང་གི་འགན་བཞེས་དབུ་འཁྲིད་ཚོས་ཁོ་བོར་མུ་མཐུད་ནས་རྩོམ་འབྲི་བྱེད་དགོས་པའི་སྐུལ་མ་ཡང་ཡང་གནང་བྱུང་། རྗེས་སུ་ཞིང་ཆེན་དང་ས་ཁུལ་ལྔའི་རྩོམ་རིག་སྒྱུ་རྩལ་ལ་བྱ་དགའ་སྤྲོད་པའི་ཚོགས་ཆེན་ཐོག་ཏུ་བརྩམས་བྱ་དེ་ལ་བྱ་དགའ་ཨང་དང་པོ་ཡང་ཐོབ་པ་རེད། རང་ཉིད་ནས་བརྩམས་ཤིང་དངོས་སུ་འགྲེམ་སྤེལ་བྱས་པའི་རྩོམ་ཡིག་ཨང་དང་པོ་སྟེ《གསར་བཞད་རིག་གནས་དཔྱིད་དཔལ་ལ་བསྟོད་པ》ཞེས་པའི་བརྩམས་བྱ་ལ་གྲུབ་འབྲས་གང་ལེགས་ཐོན་པ་ནས་བཟུང་ལས་ཞོར་ལ་རྩོམ་འབྲི་བྱ་རྒྱུར་སྤྲོ་བ་འཕེལ་ནས་རྗེས་སུ་བརྩམས་བྱ་མི་ཉུང་བ་ཞིག་འདོན་ཐུབ་པ་བྱུང་།
བཅར་འདྲི་ཞུ་མཁན།
1980ལོར་ཁྱེད་རང་གིས་ཐོག་མར་གསར་རྩོམ་མཛད་པའི་སྒྲུང་རིང《གཙུག་གཡུ》བོད་ཀྱི་རྩོམ་རིག་སྒྱུ་རྩལ་སྟེང་བཀོད་པ་དེས་བོད་ཀྱི་དེང་རབས་སྒྲུང་རིང་བྱུང་བ་མཚོན། དུས་སྐབས་དེར་ཁྱེད་ཀྱིས་སྔར་གྱི་སྲོལ་རྒྱུན་སྒྲུང་རིང《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》སོགས་ཀྱི་བརྗོད་བྱ་ལས་འདའ་འགོངས་མཛད་ནས《གཙུག་གཡུ》ཞེས་པའི་སྒྲུང་རིང་ཞིག་འབྲི་དགོས་པའི་དམིགས་ཡུལ་དང་རྒྱབ་ལྗོངས་རགས་ཙམ་ཞིག་ལྒིང་བར་མཁྱེན།
གླང་མདུན་དཔལ་འབྱོར། གྲོང་ཁྱེར་ལྷ་སའི་དགེ་འོས་སློབ་གྲྭའི་དགེ་རྒན་བྱེད་སྐབས་སློབ་མ་མང་པོ་ཞིག་གིས་བོད་ཡིག་སློབ་ཚན་ལ་དགའ་སྣང་དེ་ཙམ་མེད་པར་ཡིག་ཚད(ཡིག་རྒྱུགས)ཀྱི་སྐར་མ་ལོན་ཐུབ་ཙམ་གྱི་འབད་བརྩོན་ཁོ་ན་ལས་མི་བྱེད་པའི་ཕྱོགས་ལྷུང་ལ་བརྟག་སྐབས། གཙོ་བོ་ནི་དེང་སྐབས་དང་མི་འདྲ་བར་སྐབས་དེའི་བོད་ཡིག་སློབ་དེབ་ཀྱི་སློབ་ཚན་མང་ཆེ་བ་རྒྱ་ཡིག་སློབ་ཚན་གྱི་ནང་དོན་བོད་ཡིག་ལ་ཐད་སྒྱུར་བྱས་པ་ཤ་སྟག་ཡིན་པས་རྩོམ་ཡིག་དེ་རྣམས་ལ་བོད་ཀྱི་རྩོམ་རིག་གི་སྒྱུ་རྩལ་ཁྱད་ ཆོས་མེད་པ་དང་། རྒྱུ་མཚན་གཞན་ཞིག་ནི་རིག་གནས་གསར་བརྗེའི་ཤུགས་རྐྱེན་གྱིས་སྤྱི་ཚོགས་ཐོག་ཏུ་བོད་ཡིག་ལ་དོ་སྣང་དང་སློབ་སྦྱོང་བྱེད་མཁན་ནི་ཀླད་པ་ལྗང་གུ་དང་། བསམ་བློ་རྗེས་ལུས། བཀས་བཀོད་རྒྱུད་འཛིན་ལམ་ལུགས་ལ་ཤི་འཐམ་རོ་འཐམ་བྱེད་མཁན་གྱི་མི་ཞིག་ཡིན་པར་ངོས་འཛིན་པའི་བསམ་བློའི་ཤུགས་རྐྱེན་དེ་ཉིད་སློབ་མར་ཐེབས་པ་རེད། སྤྱི་ཚོགས་རྙིང་པས་བཞག་པའི་འབྲས་བུ་ཡིས་སྐབས་དེར་དམངས་ཡོངས་ཀྱི་རིག་གནས་ཆུ་ཚད་དམའ་བའི་ཐོག་ལ་སྐད་ཡིག་ཙམ་མ་ཡིན་པར་ས་གནས་ཀྱི་གོམས་གཤིས་དང་། ཡུལ་སྲོལ། རྒྱུན་སྲོལ་གྱི་སྒྱུ་རྩལ་སོགས་མང་ཆེ་བར་དགག་པ་རྒྱག་པ་དང་སྒྱུར་བཅོས་བྱེད་པའི་དུས་སྐབས་ཡིན། སྤྱི་ཚོགས་རྙིང་པ་མགོ་རྟིང་སློག་ཟིན་པས་གཞོན་སྐྱེས་རྣམས་ནས་དེ་སྔའི་སྤྱི་ཚོགས་དེ་ཇི་ལྟ་བུ་ཞིག་ཡིན་པ་དང་། གོམས་སྲོལ་དང་འཚོ་བའི་གནས་སྟངས། མཛེས་དཔྱོད་ལྟ་བ་སོགས་ལ་རྒྱུས་མངའ་མེད་པར་གྱུར་བར་བརྟེན། ན་གཞོན་སློབ་མ་རྣམས་དང་ལྷག་དོན་དུ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ལ་གོ་བདེ་ལ་དོན་རྟོགས་སླ་ཞིང་ཡིད་དབང་འགུག་ཐུབ་པའི་བོད་ཡིག་གི་བརྩམས་བྱ་འགའ་རེ་ལེགས་སྐྱེས་སུ་འབུལ་ཐུབ་པ་ཡིན་ན། རིག་གནས་ཀྱི་འཚོ་བ་ཉག་ཕྲ་བའི་མི་རྣམས་ལ་ཕན་འབྲས་གང་ལེགས་ཡོང་རྒྱུ་མ་ཟད། བོད་ཡིག་ལ་མཐོང་སྣང་མི་བྱེད་པའི་གནས་ཚུལ་ལ་འགྱུར་བ་བྱུང་ནས་ཕུན་སུམ་ཚོགས་པའི་རིག་གནས་འདི་རྒྱུད་འཛིན་བྱ་རྒྱུར་ཕན་ཐོགས་ཡོང་གི་རེད།
      སྤྱི་ཚོགས་ཤིག་གི་གནས་ལུགས་སམ་མི་རིགས་ཤིག་གི་སེམས་ཁམས་དང་། གཤིས་ལུགས། སྒྱུ་རྩལ་བཅས་མཚོན་པར་བྱེད་པའི་རིག་གནས་ཀྱི་ཁྱབ་ཁོངས་ནི་ཤིན་ཏུ་རྒྱ་ཆེ་བ་ཞིག་སྟེ། དཔེར་ན་རྒྱན་གོས་ཀྱི་རིག་གནས་དང་། གོམས་སྲོལ་གྱི་རིག་གནས། བཟའ་བཏུང་གི་རིག་གནས།  སེམས་ཁམས་ཀྱི་རིག་གནས། གུས་ལུགས་ཀྱི་རིག་གནས། མཛེས་དཔྱོད་ཀྱི་རིག་གནས། འཛེམས་སྤངས་ཀྱི་རིག་གནས་སོགས་ཁྱབ་ཆེ་བས། སྤྱི་ཚོགས་ཤིག་ངོ་སྤྲོད་བྱ་ཐུབ་པ་བྱེད་པ་ལ་ཚིག་སྦྱོར་སྙན་པའི་རྩོམ་ཡིག་ཐུང་གྲས་ཤིག་གིས་མཚོན་པར་བྱེད་མི་ཐུབ་པར་བརྟེན། ཁོ་བོས་བརྩམས་སྒྲུང་རིང་གྲས《གཙུག་གཡུ》འབྲི་འགོ་བཙུགས་པ་ཡིན།
བཅར་འདྲི་ཞུ་མཁན། ཀློག་པ་པོ་མང་ཤོས་ཀྱིས་སྒྲུང་རིང《གཙུག་གཡུ》ཡི་ནང་དུ་མི་སྣ་གཙོ་བོ་དཔལ་ལྡན་གྱི་སྣང་བརྙན་བཞེངས་བསྐྲུན་བྱས་པ་བརྒྱུད་ནས་རྩོམ་གྱི་མགོ་མཇུག་བར་གསུམ་དུ་འཁོན་འཛིན་གྱིས་ཁེངས་བར་བྱས་ཡོད། དཔལ་ལྡན་གྱི་སྣང་བརྙན་བཞེངས་བསྐྲུན་ཆ་ལ་ཀློག་པོ་པོ་མང་ཤོས་ཞིག་གིས་དཔལ་ལྡན་ནི་སྐྱོན་ཡོན་གཉིས་ལྡན་གྱི་སྣང་བརྙན་བཞེངས་བསྐྲུན་བྱས་ནས་མིའི་རིན་ཐང་ལེགས་པོ་འཁྱོངས་འདུག་ཟེར། ཡང་ལ་ལས་ཞིག་གིས་དཔལ་ལྡན་གྱི་སྣང་བརྙན་གྱིས་འཁོན་འཛིན་ལས་མི་རིགས་ཀྱི་ལོ་རྒྱུས། མི་གཤིས་ཀྱི་འཚོལ་སྙེག རིག་གནས་ཀྱི་མཐའ་དཔྱོད་ལྟ་བུའི་ནང་གི་ལྟེ་གནས་ལ་ཕྱོགས་མེད་པས་མི་སྣ་ཆིག་རྐྱང་བ་ཞིག་རེད་ཟེར། ཁྱེད་ལ་དཔལ་ལྡན་གྱི་མི་སྣ་འབྲི་བཞེངས་ཐད་དང་ཡང་ན་བརྩམས་སྒྲུང་གི་མི་སྣ་འབྲི་བཞེངས་ཐད་ནས་ལྟ་ཚུལ་ག་རེ་ཡོད།
གླང་མདུན་དཔལ་འབྱོར། བརྩམས་སྒྲུང་རིང་གྲས《གཙུག་གཡུ》ནི་དཔལ་ལྡན་དང་། བུ་མོ་བདེ་སྐྱིད། ཨ་ཅག་གསལ་སྒྲོན་ལགས། ས་དབང་ཆེན་མོ། མདའ་དཔོན། མི་དཔོན་སོགས་གཤིས་ཀ་དང་གནས་བབ་མི་འདྲ་བའི་དཔེ་མཚོན་གྱི་མི་སྣའི་སྣང་བརྙན་ཁ་ཤས་ཤིག་བཞེངས་སྐྲུན་བྱས་པ་བརྒྱུད་ཅུང་རྒྱ་ཆེ་ཙམ་གྱི་སྤྱི་ཆོགས་ཀྱི་ཁྱབ་ཁོངས་དང་རྫོང་རྒྱབ་ཞར་འཕེན། སྐུ་དྲག་གི་གསོལ་སྟོན། ཡེ་ཤེས་མཁའ་འགྲོས་མདའ་དཔོན་དགེ་རྒན་ལ་བསྟེན་པའི་མཛད་སྒོ་སྟབས་བདེ་སོགས་ཡུལ་སྲོལ་གོམས་གཤིས་འབྲི་འགོད་བྱ་རྒྱུར་དོ་འཁུར་བྱས་པ་དང་། དེ་ལྟའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཞིབ་འབྲི་ བྱས་པ་བརྒྱུད་གོམ་གང་མདུན་སྤོས་ཀྱིས་མི་སྣའི་གཟུགས་བརྙན་འབུར་ཐོན་དུ་བཞེངས་སྐྲུན་བྱས་པའི་ཐོག་ནས་སྐབས་དེའི་སྤྱི་ཚོགས་ཀྱི་རིམ་གྲས་མི་འདྲ་བའི་གནས་སྟངས་རགས་ཙམ་མཚོན་པ་བྱས་པ་ཡིན།
བཅར་འདྲི་ཞུ་མཁན། ཁྱེད་རང་ལ་བརྩམས་ཆོས་ཀྱི་ཆ་ནས་སྒྲུང་རིང《གཙུག་གཡུ》དང་སྒྲུང་ཐུང《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ》ལས་གཞན་མཐོང་མ་བྱུང་། དེ་གཉིས་ལ་ཀུན་གྱིས་གདེང་འཇོག་ཚད་མེད་གནང་གི་ཡོད། ཁྱེད་ཀྱིས་བརྩམས་ཆོས་དེ་གཉིས་ལ་དེ་འདྲའི་གདེང་འཇོག་མཐོན་པོ་ཐོབ་པའི་རྒྱུ་མཚན་ག་རེ་རེད་བསམ་གྱིན་ཡོད།
གླང་མདུན་དཔལ་འབྱོར། 《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ》དང《གཙུག་གཡུ》དཔར་འགྲེམ་བྱས་པའི་རྗེས་སུ་བོད་རིགས་ས་ཁུལ་གྱི་ཀློག་པ་པོའི་ཁྲོད་དུ་ཤུགས་རྐྱེན་ཆེ་ཙམ་བྱུང་སྟེ་བོད་ཀྱི་རིག་གནས་ལ་དོ་ཁུར་གནང་མཁན་གཞོན་སྐྱེས་ཚོའི་ཁྲོད་དུ་རེ་ཞིག་བརྩམས་བྱ་དེ་གཉིས་སྐོར་ལ་ལྒིང་བརྗོད་ཡང་ཡང་བྱེད་ཅིང་། བརྩམས་བྱའི་ནང་གི་ཚིག་དུམ་འགའ་རེ་བློ་འཛིན་བྱས་ནས་ངག་སྐྱོར་བྱེད་པ་དང་རང་གི་རྩོམ་ཡིག་ནང་དུ་བེད་སྤྱོད་བྱེད་པ་སོགས་སློབ་སྦྱོང་བྱ་ཡུལ་གྱི་བལྟ་དེབ་ཞིག་ཏུ་བརྩིས་ནས་དགའ་སྣང་ཆེན་པོ་བྱེད་པ་རེད། སློབ་འབྲིང་དགེ་རྒན་གྱིས“བརྩམས་སྒྲུང་དེ་གཉིས་ཐོན་པ་ནས་བཟུང་སློབ་ཕྲུག་ཚོ་བོད་ཡིག་སློབ་ཚན་ལ་དགའ་སྣང་ཆེ་རུ་སོང་ཞིང་། སློབ་མ་ཚོའི་རྩོམ་ཡིག་གི་སྤུས་ཚད་ཀྱང་མཐོ་རུ་ཕྱིན་སོང”ཞེས་གསུངས་པ་ཐོས་ནས་སེམས་ཀྱི་པད་འདབ་རབ་ཏུ་རྒྱས་པ་བཞིན་དགའ་ཚོར་ཆེན་པོ་བྱུང་། གང་ལགས་ཅེ་ན་དེ་ནི་ཁོ་བོའི་རེ་འདུན་ཞིག་ཀྱང་ཡིན་པས་སོ།ལྷ་ས་སློབ་འབྲིང་གི་དགེ་རྒན་དམ་པ་བཀྲ་ཤིས་དབང་འདུས་ལགས་མཆོག་ནས《བོད་ཡིག་དཔྱད་གཏམ་གྱི་དཀར་ཆག》ཞེས་པའི་དེབ་ཀྱི་ནང་དུ“བློ་མཐུན་དཔལ་འབྱོར་ལགས་ཀྱིས་བརྩམས་པའི《གཙུག་གཡུ》ནི་ངས་བལྟས་ན་རྩོམ་འབྲིའི་སྒྱུ་རྩལ་དང་རྩོམ་བྱའི་ནང་དོན་སོགས་གང་ཅིའི་ཐད་ནས་ལོ་ཤས་རིང་གི་བོད་ཡིག་གསར་རྩོམ་ཡོངས་ཀྱི་གཙུག་ཕུད་རེད་འདུག་ལ། བརྩམས་བྱ་འདིས་གློག་བརྙན་ཞིག་བཟོས་ན་ལྟད་མོ་ཆེན་པོ་ཞིག་ཡོང་རྒྱུ་མ་ཟད།  དེ་སྔའི་བོད་ཀྱི་རིམ་གྲས་ཁག་ལ་ཞིབ་འཇུག་གནང་མཁན་དང་། རྩོམ་རིག་སྒྱུ་རྩལ་ལས་རིགས་པ། སྙན་ངག་པ། རྩོམ་པ་པོ་སོགས་ཀྱིས་གཟིགས་རིན་ཡོད་པའི་བརྩམས་བྱ་ཡག་པོ་ཞིག་ཡོང་རྒྱུ་ངེས་གཏན་རེད”ཅེས་གསུངས། དེ་མིན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་བདུད་ལྷ་རྒྱལ་ལགས་ཀྱིས་རྩོམ་གནང་མཛད་པའི《འཚོལ་རྟོག་སྙིང་སྟོབས》ཞེས་པའི་དེབ་ཀྱི་ནང་དུ《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ》ལ་དཔྱད་ལྒིང་གནང་སྐབས“བརྩམས་བྱ་འདི་ཡིས་རྒྱུན་སྲོལ་བརྩམས་སྒྲུང་གི་རྩོམ་འབྲིའི་སྒྱུ་རྩལ་གྱི་ཁྱད་ཆོས་རྒྱུན་འཛིན་བྱས་པ་དང་། དེ་ལས་བརྒལ་ཏེ་བརྩམས་སྒྲུང་གསར་བ་རྩོམ་འབྲིའི་སྲོལ་གཏོད་བྱ་རྒྱུར་འབད་བརྩོན་བྱས་པར་བརྟེན། རྩོམ་ཚུལ་གསར་རྙིང་མི་འདྲ་བ་གཉིས་གསལ་པོར་མངོན་པས། བརྩམས་སྒྲུང་འདི་ལ་རྩོམ་ཚུལ་གསར་རྙིང་གཉིས་འཕོ་འགྱུར་གྱི་བརྒྱུད་རིམ་རྟོགས་པར་བྱེད་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་འདུག”ཅེས་གདེང་འཇོག་ཆེན་པོ་གནང་ཞིང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་ཚན་ཁག་གི་སློབ་དཔོན་རྣམ་སྲས་ལགས་ཀྱིས་རྩོམ་གནང་མཛད་པའི《དུས་རབས་གསར་བའི་བོད་ཀྱི་བརྩམས་སྒྲུང་ལ་དཔྱད་པ》ཞེས་པའི་དེབ་ཀྱི་ནང་དུ《གཙུག་གཡུ》ལ་དཔྱད་ལྒིང་གནང་བའི་སྐབས་སུ“དམངས་གཙོའི་བཅོས་སྒྱུར་བྱས་པ་ནས་བཟུང་རང་མི་རིགས་ཀྱི་སྐད་ཡིག་ཐོག་ནས་གསར་རྩོམ་བྱས་པའི་བརྩམས་སྒྲུང་རིང་བ་དང་པོ་འདི་ནི་བོད་ལྗོངས་ཀྱི་དུས་རབས་གསར་བའི་རྩོམ་རིག་གསར་རྩོམ་གྱི་ལྡུམ་རའི་ནང་དུ་བཀྲག་མདངས་ཆེ་ལ་དྲི་ཞིམ་འཐུལ་བའི་མེ་ཏོག་གསར་བ་ཞིག་བཞད་པ་རེད”ཅེས་བསྔགས་བརྗོད་གནང་བའི་རྗེས་སུ། “བརྩམས་སྒྲུང་ནང་དུ་སྐུ་དྲག་དང་དཔོན་རིགས་ཀྱི་སྡུག་རྩུབ་སྙིང་རྗེ་མེད་པའི་མནར་གཅོད་དང་། ངལ་རྩོལ་མི་དམངས་ཀྱི་ཡ་ང་བའི་སྤྱི་ཚོགས་འཚོ་བ་བཅས་རྩོམ་པ་པོས་མངོན་སུམ་གསོན་རྗེན་ཞིག་བཀོད་པ་དེས། ཀློག་པ་པོ་ནི་སྐབས་རེར་རང་དབང་མེད་པར་ཁོང་ཁྲོའི་མེ་ལྕེ་འབར་ནས་མིག་འབྲས་ཟུང་དམར་པོར་གྱུར་བ་དང་། ཡང་སྐབས་འགར་གདུང་སེམས་ཆེན་པོ་སྐྱེས་ཏེ་དབང་མེད་དུ་མིག་ནས་མཆི་མ་ཤོར་བ་སོགས་བྱེད་པ་ན། ཚུལ་འདི་ཡིས་རྩོམ་པ་པོའི་རྩོམ་འབྲིའི་ཁྱད་རྩལ་མཚོན་པ་རེད”ཆེས་པ་དང་། “དེས་བོད་ཀྱི་དེང་རབས་རྩོམ་རིག་གསར་རྩོམ་ལ་སྐུལ་འདེད་ཆེན་པོ་ཐེབས་ཤིང་། ང་ཚོ་ཐུན་མོང་གིས་ལོ་རྒྱུས་ཐོག་གི་ཕུལ་བྱུང་རྩོམ་ཡིག་ཏུ་ངོས་འཛིན་པའི་བརྩམས་བྱ་གཞན་དང་འདྲ་བར་སྤྱི་ཚོགས་ཀྱི་ཕན་འབྲས་ཆེན་པོ་ཐོན་པ་རེད”ཅེས་སོགས་གསུངས་ནས་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་སོགས་གང་ཅིའི་ཐད་ལ་གདེངས་འཇོག་མཐོན་པོ་གནང་འདུག

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།