སྙན་ངག་ནི་རང་གི་མྱོང་ཚོར་དངོས་དང་བརྩེ་སེམས་ངོ་མས་འབྲི་རྒྱུ་ཞིག་རེད།

རྩོམ་པ་པོ།:ཁྲི་སེམས་དཔའ་། ཡོང་ཁུངས།:《གངས་རྒྱན་མེ་ཏོག》 དུས་ཚོད།:2011-10-25 15:01:00 ཀློག་གྲངས།:


བོད་ཀྱི་ན་གཞོན་སྙན་ངག་པ་གེ་སར།

 ཁྲི་སེམས་དཔའ་། སྐུ་ཞབས་གེ་སར་ལགས། བདེ་མོ་ཡིན་ནམ།
 གེ་སར། བདེ་མོ་ཡིན་ལགས།
 ཁྲི་སེམས་དཔའ་། ཁྱེད་ཀྱིས་སྙན་ངག་འབྲི་དོན་ཅི་ཞིག་ཡིན།
 གེ་སར། འདི་ནི་དྲི་བ་ཅུང་ཆེན་པོ་ཞིག་མ་ཡིན་ནམ། ཡིན་ནའང་ང་ཚོ་འགྲོ་བ་མི་ནི་དགའ་སྐྱོ་ཆགས་སྡང་གི་བདག་ཉིད་ཅན་ཞིག་ཡིན་ལ། དགའ་དུས་གླུ་ལེན་ཞིང་བྲོ་འཁྲབ་ལ། སྡུག་དུས་མིག་ཆུ་འདོན་ཞིང་སྐད་ཅོར་རྒྱག་པ་ནི་ཆོས་ཉིད་ཡིན་པས། ངས་ཀྱང་དེ་དག་གི་མཚོན་བྱེད་དུ་སྙན་ངག་བྲིས་པ་ཡིན།
 ཁྲི་སེམས་དཔའ་། ཁྱེད་ཀྱིས་སྙན་ངག་ཅེས་པ་ཇི་ལྟ་བུ་ཞིག་ལ་ངོས་འཛིན་པ་ཡིན།
 གེ་སར། ཅུང་འུད་སྒྲོག་སྒོས་བཤད་ན། ང་ལ་མཚོན་ན་སྙན་ངག་ཅེས་པ་དེ་ནི་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཆེས་མེད་དུ་མི་རུང་བའི་ཚྭ་སྒོག་གཡེར་གསུམ་སོགས་དང་འདྲ་ལ། ཡང་ན་དེ་དག་ལས་རིང་དུ་འགོངས་ཤིང་རང་གི་བླ་སྲོག་གི་ངོ་བོ་དངོས་དེའི་རྒྱུད་སྐུད་རྣམ་པར་བརྡུངས་བྱེད་ཀྱི་དབྱངས་ཀྱི་བདག་ཉིད་ཅན་ཞིག་ལ་ངོས་བཟུང་གིན་ཡོད་ལ། དེ་བས་སྙན་ངག་མེད་པའི་ཉིན་མཚན་རེ་རེ་ནི་འཚོ་བའི་བཟའ་བཏུང་གི་ཁྲོད་དུ་ཚྭ་སྒོག་གཡེར་གསུམ་སོགས་མེད་པ་ལྟར་བྲོ་བས་ཀུན་ནས་སྟོང་བ་ཞིག་ཏུ་སྣང་ངོ་།།
 ཁྲི་སེམས་དཔའ་། སྙན་ངག་པ་ཞེས་པའི་ཆོ་ལོ་དེ་ནི་ཁུར་བོ་ཞིག་རེད་དམ་གཟི་བརྗིད་ཅིག་རེད།
 གེ་སར། དེ་གཉིས་ཀ་རང་རེད། དྲང་མོར་བཤད་ན། ངས་ལོ་གང་མང་ཞིག་གི་རིང་ལ་སྙན་ངག་དུས་དེབ་ཀྱི་རྩོམ་སྒྲིག་པའི་བྱ་བ་གཉེར་བའི་ཞོར་དུ་རང་གིས་ཀྱང་སྙན་ངག་ཡིན་པར་རློམ་པའི་རྩོམ་རིག་གསར་རྩོམ་གྱི་ལས་དོན་རླབས་པོ་ཆེ་དེའི་ཕྱོགས་སུ་གཞོལ་ཅི་ཐུབ་གང་ཐུབ་བྱས་པ་ཡིན་ལ། དགའ་སྐྱོ་གཉིས་ལྡན་གྱི་བྱ་བ་དང་སྙན་ངག་གསར་རྩོམ་གྱི་གོ་རིམ་རིང་མོ་འདིའི་ཁྲོད་དུ་སྙན་ངག་པ་ཞེས་པའི་ཆོ་ལོ་དེ་ནི་སྐབས་ལ་ལར་ཁུར་བོ་ཞིག་དང་སྐབས་ལ་ལར་གཟི་བརྗིད་ཅིག་རེད། དེ་ཁུར་བོ་ཞིག་རེད་ཟེར་དོན་ནི“སྙན་ངག་པ”ཞེས་པའི་མིང་བྱང་འདིའི་ལྗིད་ཤུགས་ཐེག་དཀའ་བས་ཡིན། མ་གཞི་ནས་སྙན་ངག་པ་ནི་མིའི་རིགས་དང་མི་རིགས་ཀྱི་མགྲིན་ཚབ་པ་ཡིན་པས་ཆ་ནས། རང་གིས་སྙན་ངག་པ་ཞིག་གི་འགན་འཁྲིའི་ཆ་ཤས་ཀྱི་ཆ་ཤས་གང་རུང་ཞིག་ཀྱང་འཇོན་གྱིན་མེད་པ་དང་། ད་དུང་ཀློག་པ་པོ་གང་མང་མང་ཞིག་གིས་ང་ལ་སྙན་ངག་ལེགས་པོ་རེ་རྩོམ་པར་རེ་བ་ཆེན་པོ་བཅངས་བཞིན་ནའང་།  སྙན་ངག་ལེགས་པོ་ཞིག་རྩོམ་རྒྱུ་དེ་ནི་ནམ་མཁའི་སྐར་མ་འཛིན་རྒྱུ་བཞིན་དུ་ཆེས་དཀའ་ཞིང་། ལྷག་པར་དུ་ཚོར་སྣང་གསར་བ་ཞིག་ལ་སྒུག་རྒྱུ་དང་མཚོན་ཐབས་ལེགས་པོ་ཞིག་ལ་འཐམས་པའི་གོ་རིམ་དེ་ནི་ཧ་ཅང་སྡུག་ལས་ཀྱི་ངལ་རྩོལ་ཐེངས་ཤིག་ཡིན་པ་རེད། དེ་ལས་ལྡོག་སྟེ་སྙན་ངག་པའི་ཆོ་ལོ་དེ་གཟི་བརྗིད་ཅིག་རེད་ཟེར་དོན་ནི་ངས་སྙན་ངག་བྲིས་པ་བརྒྱུད་ནས་རང་ལ་ཁ་སེམས་མཐུན་པའི་བློས་ཐུབ་ཀྱི་གྲོགས་པོ་སྐོར་ཞིག་ཡོད་པར་གྱུར་ལ། སྙན་ངག་བྲིས་པ་བརྒྱུད་ནས་ཕྱོགས་ཡར་མར་གྱི་མི་གང་མང་ཞིག་གིས་ང་རང་ལྟ་བུ་ཡང་ངོ་ཤེས་པས་མི་ཚད། ད་དུང་སྤྱི་ཚོགས་ཞེས་པའི་གར་སྟེགས་ཆེན་པོ་འདིའི་སྟེང་དུ་རང་ལ“ཐོབ”དང“གོ་ས”ཡང་ངེས་ཅན་ཞིག་དབང་ཡོད་པ་རེད། དེའི་དབང་གིས་བལྟས་ས་ལྟོས་འཇོག་སྒོས་བཤད་ན། སྙན་ངག་པ་ཞེས་པའི་ཆོ་ལོ་དེ་ནི་སྐབས་ལ་ལར་གཟི་བརྗིད་ཅིག་ཀྱང་རེད།
 ཁྲི་སེམས་དཔའ་། ཁྱེད་ཀྱིས་སྙན་ངག་གི་བཟང་ངན་དེ་ཇི་ལྟར་དབྱེ་བ་ཡིན།
 གེ་སར། སྙན་ངག་ལ་མ་གཞི་ནས་ཚང་དགོས་པའི་དམིགས་བསལ་གྱི་ཆ་རྐྱེན་དག་ཚང་དགོས་པ་གཞིར་བཞག་གི་སྟེང་ནས། རང་གི་ནང་སེམས་རྒྱུད་ཀྱིས་ཀུན་ནས་བརླམས་ཤིང་། རང་ཉིད་དངོས་ཀྱི་འཚོ་བའི་དྲི་བསུང་གིས་ཡོངས་སུ་ཕྱུག་པ་ནི་སྙན་ངག་བཟང་པོ་དང་། ཚོར་སྣང་རབ་རིབ་ཅིག་དང་། བརྩེ་བ་རྫུན་མ་ཞིག་ལ་ཚིག་སྦྱོར་གྱི་ཕྱི་ཤུན་འཕྱོར་པོ་ཞིག་གིས་སྒྲིབ་འདུག་པ་དེ་ནི་སྙན་ངག་ངན་པའོ། །
 ཁྲི་སེམས་དཔའ་། ཕྱིར་ལྟ་ཞིག་བྱས་ཚེ། སྙན་ངག་གསར་རྩོམ་གྱི་གོ་རིམ་ཁྲོད་དུ་ཆེས་དགའ་བ་དེ་ཅི་ཞིག་དང་། ཆེས་སྐྱོ་བ་དེའང་ཅི་ཞིག་རེད།
 གེ་སར། མི་ལོ་བཅུ་ཕྲག་གཉིས་རིང་གི་སྙན་ངག་གསར་རྩོམ་གྱི་གོ་རིམ་རིང་མོར་ཕྱིར་ལྟ་ཞིག་བྱས་ཚེ། ཆེས་དགའ་བ་དེ་ནི་སྙན་ངག་གཅིག་བརྩམས་གྲུབ་ཚར་བའི་རྗེས་སུ་རང་གིས་སྙན་ངག་ལེགས་པོ་ཞིག་འཁྱོངས་སོང་སྙམ་པའི་སེམས་འགྱུ་ཡ་མ་བརླ་དེས་ལུས་སེམས་གཉིས་ཡུན་རིང་པོ་ཞིག་ལ་ར་བཟི་བ་ལྟར་སྦྲིད་འཐོམ་དུ་སོང་བའི་སྣང་བ་ཟ་ཟི་དེ་ཡིན་ལ། ཆེས་སྐྱོ་བ་དེ་ནི་རང་གི་རྣམ་ཤེས་ཀྱི་སྦུབས་ན་འཚང་ཞིང་བླ་སྲོག་གི་ངོས་སུ་འབྱར་བའི་སྣང་བ་ཁྲལ་ཁྲུལ་ཞིག  བསམ་ཡན་རང་དགར་བ་ཞིག་མིག་སྔའི་བར་དུ་ད་དུང་ཡང་སྙན་ངག་གི་ལམ་ནས་མཚོན་ཐུབ་མེད་པ་དེ་ཡིན།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།