བོད་རིགས་རྩོམ་པ་པོ་པདྨ་ལྷ་སྒྲོན་ལ་བཅར་འདྲི་བྱས་པ།
བོད་རིགས་རྩོམ་པ་པོ་པདྨ་ལྷ་སྒྲོན།
ཞུའུ་ཆིང་﹙ཞན་དབྱང་རྩོམ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ﹚། དགེ་རྒན་པདྨ་ལྷ་སྒྲོན་ལགས། ཁྱེད་བདེ་མོ། ཁྱེད་རང་རྩོམ་རིག་གསར་རྩོམ་གྱི་ལམ་དུ་ཞུགས་པའི་དུས་ཧ་ཅང་སྔ་སྟེ། དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བ་ནས་བཟུང་ཁྱེད་ཀྱིས་སྙན་རྩོམ་གཅེས་བསྡུས《སེམས་ཀྱི་མཁའ་མཐའ་རུ》ཞེས་པ་དང་ལྷུག་རྩོམ་གཅེས་བསྡུས་《ཚེ་སྲོག་གི་ཁ་དོག》ཅེས་པ་གཉིས་པར་འགྲེམས་བྱས་མྱོང་བ་ཞིང་། ཡང་དུས་རབས་གསར་བའི་ཚུན་ལ། ཁྱེད་ཀྱིས་ཡང་བསྐྱར་བརྩམས་སྒྲུང་རིང་གྲས་《ལྷ་སའི་འཁོར་བ》དང་《ཤི་ལོག་སྒྲོལ་མ》སོགས་བརྩམས་མྱོང་། ད་ལྟ་ཁྱེད་ཀྱི་གསར་དུ་བརྩམས་པའི་《བོད་ལྗོངས་ཀྱི་ཟླ་འོད》ཞེས་པ་ཡང་མི་འགྱང་བར་པར་འགྲེམ་བྱ་རྩིས་ཡོད་པ་རེད། ལོ་ངོ་འདི་དག་གི་རིང་ལ། ཁྱེད་ཀྱིས་རྩོམ་རིག་གསར་རྩོམ་གྱི་ལ་འབད་པ་ལྷུར་ལེན་གྱིས་གཞོལ་བར་བལྟས་ན། ཁྱེད་ལ་རང་གི་བླ་སྲོག་ལྟ་བུའི་དངོས་པོ་ཞིག་གིས་གཞོགས་འདེགས་བྱས་ཡོད་པ་ཁོ་ཐག་རེད། འདིར་ཁྱེད་ཀྱིས་རང་གི་རྩོམ་རིག་གི་ལྟ་ཚུལ་དང་བརྩམས་ཆོས་ཐད་ཀྱི་དྲན་ཚུལ་རེ་བརྗོད་ན་ག་འདྲ་འདུག
པདྨ་ལྷ་སྒྲོན། དགེ་རྒན་ཞུའུ་ཆིང་ལགས་ཁྱེད་བདེ་མོ། ཁྱེད་ཀྱིས་ང་ལ་བཅར་འདྲི་བྱས་པར་དངོས་འདྲའི་དགའ་པོ་བྱུང་། ང་ལ་མཚོན་ན་རྩོམ་རིག་གསར་རྩོམ་ནི་མི་ཚེ་འདིའི་འཚོ་བ་སྐྱེལ་སྟངས་ཤིག་དང་དད་པ་ཞིག་ཏུ་གྱུར་ཡོད། རྩོམ་ཡིག་གསར་རྩོམ་གྱིས་ང་རང་ཉིད་ཀྱི་མི་ཚེའི་བཤུལ་ལམ་རིང་མོ་ཇེ་ཐུང་དུ་བཏང་ཞིང་། ཚེ་འདིར་འགན་འཁྲིའི་འདུ་ཤེས་ཤིག་དང་། འོས་འགན་གྱི་འདུ་ཤེས་ཤིག་གནང་བྱུང་པས། ངའི་བསམ་པའི་འཇིག་རྟེན་ལ་ཆོག་ཤེས་དང་། དོན་ལྡན། བདེ་སྐྱིད་ཀྱིས་ཁྱབ་ནས་ཡོད། ང་རྩོམ་རིག་ལ་དགོས་མཁོ་ཡོད་ཀྱང་ང་ལ་མཚོན་ན་དེ་ལས་ཀྱང་གལ་ཆེ་ཞིང་མེད་དུ་མི་རུང་བ་ནི་རྩོམ་རིག་ཡིན། དེ་བས་རྩོམ་རིག་ལ་ཁ་ཕྱོགས་དུས་ངའི་སེམས་པ་ནི་ནམ་ཡང་ཁེངས་སྐྱུང་དང་གུས་ཞབས་དང་། བག་ཕེབས་པར་གྱུར་འགྲོ་ཞིང་། གཡའ་དག་པའི་ནམ་མཁའ་ཇི་བཞིན་བསམ་པའི་དྲི་ངན་ཐམས་ཅད་ཤེས་རབ་ཀྱི་ཆར་རྡུལ་གྱིས་བཀྲི་ནུས་པ་བཞིན་དུ་ངའི་བསམ་པའི་བློ་སྦྱོང་ཞིག་ཏུའང་འཁུམས་ཡོད།
ངའི་གསར་རྩོམ་ནི་ང་ཡི་ལོ་ཟླ་བཞིན་དལ་བར་རྒྱུ་བའི་གོ་རིམ་ཞིག་ཏེ། ལྗང་ནེམ་ནེམ་གྱི་ལོ་འདབ་ཅིག་ནས་དབང་རྩའི་ཁོ་ལག་ཡོངས་སུ་རྫོགས་པའི་ཡལ་ག་རུ་འགྱུར་བའི་གོ་རིམ་ཆ་མི་འཚལ་བ་དེ་ལྟ་ཞིག་ཡིན། དེ་ནི་བདག་གི་ཁྱད་ཆོས་ཡིན། དེ་བཞིན་དུ་ངའི་བརྩམས་ཆོས་ལ་ལྷད་མེད་བརྩེ་དུང་གི་ཀློང་དུ་མི་རྟག་པའི་འཇིག་རྟེན་ལྟ་བ་ཞིག་བག་ལ་ཉལ་ཡོད་ཅིང་། མི་ཚེའི་དྭངས་སྙིགས་ཀྱི་ཁྲོད་དུ་ལང་ཚོ་ཡི་གཟི་མདངས་མ་ཉམས་པར་སྔར་བཞིན་མཛེས་ཤིང་ཡིད་དུ་འོང་བས། དེ་ནི་ང་རང་དགའ་བའི་གསར་རྩོམ་བྱེད་སྟངས་དང་མི་ཚེའི་འཚོ་སྟངས་ཤིག་ཡིན། 《བོད་ལྗོངས་ཀྱི་ཟླ་འོད》ཅེས་པ་ནི་དེ་ལྟ་བུའི་རྩོམ་དེབ་ཅིག་ཡིན། རྩོམ་འདི་གསར་རྩོམ་ཀྱི་བར་དུ་སྙན་ངག་ཀྱང་མི་ཉུང་ཞིག་བྲིས་པ་ཡིན་ལ། འབྲི་དོན་ཡང་སྙན་ངག་གིས་ངའི་རྩོམ་འབྲི་ལ་ཆར་རྗེས་ཀྱི་ཆུ་བོ་བཞིན་ངར་ཤུགས་དྲག་པོ་ཤིག་བསྐྱེད་ཐུབ་པས་ཡིན།
ད་ལྟ་ངས་གསར་རྩོམ་བྱེད་བཞིན་པའི་བརྩམས་སྒྲུང་རིང་གྲས་ལ་ཧ་ལམ་ལོ་བཞི་ནས་ལྔ་ཡི་དུས་ཚོད་དམ་དེ་ལས་ཀྱང་རིང་བོ་དགོས། རྒྱུ་མཚན་ནི་མཚམས་རེར་རྩོམ་འབྲི་བའི་ཁོམ་ལོང་ཡེ་ནས་མེད། རྩོམ་འབྲི་བ་ལ་མཚོན་ན་བསམ་གཞིགས་དང་མི་སྣ་བཞེངས་བསྐྲུན་བྱེད་པར་དུས་ཚོད་མང་པོ་ཞིག་སྤྱོད་དགོས། ལྷག་པར་དུ་རང་ཉིད་འཚོ་བ་དངོས་ཀྱི་སྟེང་ཞུགས་ནས་མྱོང་ཚོར་ཅི་རིགས་ཤིག་ཉམས་ལེན་བྱེད་དགོས། ཉམས་ལེན་དེ་ནི་མཁས་མིན་མཁས་མདོག་སྟོན་པའི་རྫོབ་ཉམས་སམ་འཚོ་བ་མྱོང་རོལ་ཙམ་བྱེད་པ་ལྟ་བུ་ཞིག་མ་ཡིན་པར་དོན་དམ་དུ་འཚོ་བ་དངོས་ལ་ཞུགས་ནས་ཉམས་སུ་མྱོང་དགོས།
ཞུའུ་ཆིན། ཁྱེད་ཀྱི་བརྩམས་ཆོས་ཚང་མའི་རྩོམ་སྟངས་ནི་འཚོ་བའི་ཉམས་མྱོང་ཕྲན་བུ་དང་། འཇིག་རྟེན་མི་ཡི་བརྩེ་སེམས། ཕོ་མོའི་རྙོག་འཛིང་གི་སེམས་འགྱུ། ཆོས་ལུགས་ཀྱི་ལྟ་བའི་དགོངས་ཚུལ་སོགས་ལས་མ་འདས་ན་ཡང་། སྣང་ཚུལ་དེ་དག་ལས་བསམ་པའི་འཚོལ་སྙེག་ཅིག་གི་མྱོང་ཚོར་དང་འགྱུར་མེད་རྟག་བརྟན་གྱི་དཀའ་བའི་གནས་ལ་ཉམས་ཞིབ་བྱེད་པ་མཐོང་ཐུབ། གཞན་ཡང་ཁྱེད་ཀྱི་བརྩམས་ཆོས་ལ་བུད་མེད་ཀྱི་འདུ་ཤེས་ཁྱད་པར་བ་ཞིག་ཡོད་དེ། བུད་མེད་ལ་དོ་ཁུར་དང་། བུད་མེད་ཀྱི་མདུན་ལམ་ལ་དཔྱད་བསྡུར་བྱས་ཡོད། དེ་ལྟ་བུའི་བུད་མེད་ལ་ཐུགས་ཁུར་བྱེད་པའི་འདུ་ཤེས་ནི་ཁྱེད་རང་བུད་མེད་ཡིན་པའི་རྒྱུ་དེ་ལས་མ་བཅོས་རང་བྱུང་དུ་ཐོན་པའི་མངོན་ཚུལ་ཞིག་ཡིན་ནམ་རང་ཉིད་ཀྱིས་དམིགས་སུ་བཟོས་པ་ཡིན། ཁྱེད་ཀྱི་བརྩམས་ཆོས་ཁྲོད་དུ་ཁྱེད་རང་ཉིད་ཀྱི་བརྩེ་སེམས་འཕྲོས་ཡོད་དམ།
པདྨ་ལྷ་སྒྲོན། སྐྱེས་པ་གང་མང་ཞིག་གིས་བརྩམས་སྒྲུང་ཁྲོད་དུ་བུད་མེད་ཀྱི་སྣང་བརྙན་བཞེངས་སྐྲུན་བྱས་པར་ཧ་ཅང་ཕྲ་ཞིང་ཞིབ་ལ་གསོན་ཉམས་ལྡན་པས་དེར་ང་རང་ཧ་ལས་སུ་བཅུག་བྱུང་། ཡིན་ན་ཡང་ང་རང་ཉིད་ཀྱིས་སྐྱེས་པ་ཞིག་དེ་ལྟའི་ཞིབ་འབྲི་བྱེད་ཐུབ་ཞེ་ན་དངོས་གནས་བསམ་ཡུལ་ལ་འཆར་དཀའ་བ་ཞིག་རེད།
ཐོག་མར་སྐྱེས་པའི་སེམས་ཁམས་དང་ཁྱད་གཤིས་ལ་ངས་ཁ་ལོ་བསྒྱུར་ཐབས་མེད། ཡིན་ཡང་ང་དང་འདྲ་བའི་ངའི་ཨ་མ་དང་ལྕམ་སྲིང་ལ་སོགས་པའི་ཕྱོགས་ནས་ངས་ཅི་བསམ་ཅི་བཞིན་དུ་འབྲི་ཐུབ་པར་ཡིད་ཆེས་ཡོད། དེས་སྟབས་ཀྱིས་བརྩམས་སྒྲུང་ཁྲོད་ཀྱི་བུད་མེད་ལ་ང་རང་ཉིད་ཀྱི་གྲིབ་གཟུགས་དང་། ལྕམ་སྲིང་གི་གྲིབ་གཟུགས་གང་རུང་འཕྲོས་ཡོད། ཡིན་ན་ཡང་ང་ཆེས་མི་དགའ་པའི་རང་ཉིད་ཀྱི་རྩོམ་རིག་བརྩམས་ཆོས་ཞིག་ནི་རི་མོ་འབྲི་བཞེངས་ལས་པར་ལེན་དང་ཆ་མཐུན་པའི་རིགས་དེ་ཡིན། སྤྱིར་རྩོམ་པ་པོ་ཞིག་གི་འཇོན་ཐང་ནི་བསམ་བློ་དང་གསར་གཏོད་ཀྱི་ནུས་པ་ལྡན་མིན་དང་། འཚོ་བ་དངོས་ལས་བརྒལ་ཐུབ་མིན་བཅས་ཀྱི་རྩལ་ལ་རགས་ལས། གལ་ཏེ་ངའི་བརྩམས་ཆོས་གང་ཞིག“འཚོ་བ་དངོས་དང་དུས་རབས་མཐིལ་ཕྱིན་པ་ཞིག་མཚོན་པར་བྱེད་པའི་”རིམ་པ་དེ་ནས་བརྒལ་ཐུབ་མེད་ཚེ། ངའི་གསར་རྩོམ་གྱིས་ང་རང་ཉིད་ཀྱི་ཡིད་ཀྱང་ཚིམ་དཀའ་བར་འགྱུར། སྒྱུ་རྩལ་ནི་བསམ་པ་མཁའ་དབྱིངས་སུ་རྩེན་པར་བྱེད་པའི་སེམས་པའི་རང་དབང་ཞིག་ཡིན་པས། ངའི་རང་གི་གསར་རྩོམ་ཡང་དེ་ལྟ་བུའི་ཚད་རིམ་ངེས་ཅན་ཞིག་དང་མཐོ་ཚད་ངེས་ཅན་ཞིག་ལ་ཐོན་ཐུབ་པར་རེ་སྨོན་བཅངས་པ་ཡིན།
ཞུའུ་ཆིང་། བོད་ཀྱི་རིག་གནས་དང་རྒྱའི་རིག་གནས། འཛམ་གླིང་གི་རིག་གནས་སྣ་མང་ཅན་དུ་འགྱུར་བའི་སྐབས་སུ་འཚར་ལོངས་བྱུང་བའི་ཁྱེད་ལ་མཚོན་ན། ཁྱེད་ཀྱིས་རྩོམ་རིག་གསར་རྩོམ་བྱེད་པའི་ཁྲོད་དུ་ཕྱོགས་གང་གི་ཤུགས་རྐྱེན་ཐེབས་ཆེ་བའམ། ཡང་ན་གང་ཞིག་གིས་ཁྱེད་ཀྱི་གསར་རྩོམ་ལ་སྤྲོ་བ་ཆེ་ཆེར་བསྐྱེད་ཐུབ་པ་ཡིན།
པདྨ་ལྷ་སྒྲོན། དེ་ནི་ལྷན་སྐྱེས་སུ་གྲུབ་པའི་རང་གི་རིག་གནས་ཡིན། དུས་དང་རྣམ་པ་ཀུན་ཏུ་ང་ལ་བདེ་སྐྱིད་ཀྱི་ཚོར་སྣང་སྐྱེན་པོ་ཞིག་སྟེར་བ་ནི། བོད་ཀྱི་རིག་གནས་ཁྲོད་འཚར་ལོངས་བྱུང་བའི་མི་གང་ཞིག ཁོ་ཚོས་ང་ལ་གནང་བའི་འཛུམ་མདངས་དང་བྱང་སེམས་ལས་འཕྲོས་པའི་བློ་གྲོས་དང་། དགོད་གཏམ། དད་སེམས། དཔལ་ཡོན་བཅས་ཀྱི་བག་ཆགས་ཟབ་མོ་དེ་ཡིན།
བོད་སྤྱི་ཚོགས་ཀྱི་དངོས་པོའི་དཔལ་འབྱོར་ལ་གཞིགས་ན་དེ་འབྱོར་ལྡན་གྱི་སྤྱི་ཚོགས་གཞན་དང་བསྡུར་ན་ཅུང་རྗེས་སུ་ལུས་ཡིན་ན་ཡང་། བསམ་པའི་གོ་རྟོགས་དེ་ཚད་མཐོན་པོ་ཞིག་ལ་སླེབས་ཡོད། ང་ཚོའི་དམངས་ཁྲོད་དུ་གཏན་ཚིག་རིག་པའི་ས་བོན་གྱི་རྫོང་མཐུག་པོ་ཞིག་ཡོད་པས་བོད་མིའི་འཚོ་བའི་ཟུར་གང་རུང་དུ་སྙིང་རྗེ་ལས་འཁྲུངས་པའི་གཞན་ཕན་གཉེར་བྱ་ནི་ཧ་ཅང་རྒྱུན་ལྡན་དུ་གྱུར་བའི་སྤྱོད་ལམ་ཞིག་ཡིན་ཕྱིར། འབྱོར་ལྡན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་བསམ་པའི་དཔལ་ཡོན་དང་བསྡུར་ན་ཚད་རིམ་ངེས་ཅན་ཞིག་ལ་ཐོན་ཡོད། ང་ལ་མཚོན་ན་མི་རིགས་ཀྱི་རིག་གནས་འདི་འདྲ་ཞིག་ལ་ཉམས་སུ་མྱོང་ཚེ་ནམ་ཡིན་ཡང་དགའ་མགུ་ཡི་རངས་དང་། གསར་རྩོམ་དང་དེར་ཞིབ་དཔྱད་བྱེད་པ་ལའང་དུས་དང་རྣམ་པ་ཀུན་ཏུ་སྐུལ་ལྕག་བཏང་བྱུང་པས། ངའི་རྩོམ་འབྲིའི་སྨྱུག་རྩེ་ལ་ཡང་སྟོབས་ཤུགས་ཤིག་བསྩལ་བྱུང་། ང་འདི་ལྟ་བུའི་མི་རིགས་ལ་དགའ་ཞིང་ཞེན་པ་མ་ཟད། རང་ཉིད་དེ་གྲས་ཀྱི་གཅིག་ཡིན་པར་ཡིད་ཀྱི་གཏིང་རིམ་ནས་སྨོན་པ་ཡང་འཆོར་ཡོང་བས། མི་རིགས་འདིའི་བླ་ན་མེད་པའི་རྣམ་ཐར་སྨྱུག་རྩེར་འདྲེན་ཐུབ་པའི་རེ་བ་མཐོན་པོ་ཞིག་བཟུང་ཡོད། དོན་ངོ་མར་དེ་ནི་ངའི་གསར་རྩོམ་གྱི་སྒུལ་ཤུགས་ཤིག་ཡིན་ཞེ་ན་ཆོག།
ཞུའུ་ཆིང་། གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་ཁྱེད་ཀྱིས་བསམ་ན། གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོས་རང་མི་རིགས་ཀྱི་སེམས་པའི་གཏིང་རིམ་ན་བགས་སུ་ཉིལ་བའི་སེམས་ཀྱི་འཇིག་རྟེན་དེ་མཚོན་ཐབས་གང་འདྲ་ཞིག་སྤྱད་ན་ད་གཟོད་དམར་རྗེན་དུ་སྟོན་ཐུབ། ཁྱེད་ཀྱི་བརྩམས་ཆོས་ཁྲོད་དུ་རང་མི་རིགས་ཀྱི་འདུ་ཤེས་ཅི་ལྟར་མཚོན་པར་བྱས་པ་ཡིན། ནམ་རྒྱུན་དུ་ཡང་བུད་མེད་ཀྱི་ཚེ་སྲོག་གི་ངལ་བ་དང་མི་རིགས་ཀྱི་གདོང་འབོད་འགན་དུ་ལེན་པའི་རང་རྟོགས་དེ་སྐྱེས་པ་ལས་ཤས་ཆེ། ངས་ཁྱེད་ཀྱི་བརྩམས་ཆོས་ནང་དུ་བུད་མེད་ཀྱི་འདུ་ཤེས་དང་མི་རིགས་ཀྱི་འདུ་ཤེས་གཉིས་སོམ་ཉི་དང་མགོ་འཐོམས།བློ་ཐག་ཆོད་དཀའ་བའི་སེམས་པ་རླང་རློང་བ་ཞིག་ནས་ཕན་ཚུན་གཞི་གཅིག་ཏུ་དྲིལ་ནས་མཚོན་ཡོད་པ་མཐོང་ཐུབ།
པདྨ་ལྷ་སྒྲོན། མི་རིགས་རྩོམ་པ་པོ་ཞིག་གིས་རང་མི་རིགས་ཀྱི་བསམ་པའི་ཁྱད་གཤིས་ཉམས་སུ་མྱོང་དུས། ཞིབ་བསྡུར་དང་འཚོ་བའི་ཉམས་མྱོང་མང་པོ་ཞིག་ཐོབ་སྲིད་པ་ཡིན། དཔེར་ན། གལ་ཏེ་བོད་ཁུལ་ཕུད། རྒྱ་ཡུལ་དང་། ནུབ་གླིང་། ཧྥེ་གླིང་སོགས་སུ་འཚོ་བ་རོལ་མྱོང་བའི་བོད་རིགས་རྩོམ་པ་པོ་ཞིག་ཡིན་དུས། རྩོམ་རིག་གི་མཐོང་རྒྱ་དང་རྩོམ་རིག་གི་བློ་རྒྱ་དེ་གཞན་དང་མི་མཚུངས། དེར་མ་མཐའ་ཡང་མི་རིགས་གཞན་པའི་ཁྲོད་དུ་མི་རིགས་རང་གི་བླ་སྲོག་གི་ཁ་དོག་དེ་ག་འདྲ་ཞིག་ཡིན་པ་གསལ་བོར་མཐོང་ཐུབ་པ་ནང་བཞིན་དུ་གསར་རྩོམ་གྱི་ཚད་གཞི་ཡང་མི་གཅིག ངའི་བརྩམས་ཆོས་ལ་མཚོན་ན་བོད་རྒྱ་རིག་གནས་བར་འགྲོ་འོང་གི་ཉམས་མྱོང་ལ་བལྟོས་དེ་མི་རིགས་ཀྱི་འདུ་ཤེས་ཀྱང་ངང་ངམ་ཤུགས་ཀྱིས་རྟོགས་པ་ཡིན།
དེ་དག་ལས་དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་གོ་གནས་དམའ་ཞིང་དབང་ཐང་མེད་པའི་ཉམས་ཆུང་བུད་མེད་དག་གི་སྐྱོ་སྡུག་འདྲེས་མའི་སེམས་ཁམས་དེ་ནི་ངས་ཆེས་དོ་སྣང་དང་སེམས་ཁུར་བྱེད་ས་ཞིག་ཡིན། ངས་བསམ་ན་གནས་སྟངས་དེ་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྤྱི་འབྲས་མ་ཡིན་པར་འཚོ་བ་དངོས་ཀྱི་དུ་མངོན་སུམ་དུ་མཐོང་རྒྱུ་ཡོད་པ་ཞིག་ཡིན། དེ་བས་མི་རིགས་ཀྱི་ངོ་བོ་དང་སྤྱི་ཚོགས་ཀྱི་ངོ་བོ་དེ་བུད་མེད་ཞིག་གི་འགལ་འདུ་དང་རྙོག་འཛིང་གི་འཚོ་བ་དེ་འདྲ་ཞིག་ལ་སྦྱར་ན་ཇི་འདྲའི་འབུར་དུ་ཐོན་ཞིང་ཕུན་སུམ་ཚོགས་པ་ཞིག་རེད་ཨང་།
ཞུའུ་ཆིང་། བོད་ཀྱི་རྩོམ་པ་པོ་མི་ཉུང་བ་ཞིག་གིས་རྒྱ་ཡིག་གི་ལམ་ནས་རྩོམ་འབྲི་གནང་བཞིན་ཡོད། ཁྱེད་ཀྱང་ཁོ་ཚོ་དང་འདྲ་བར་རྩོམ་འབྲིའི་བརྒྱུད་རིམ་ཁྲོད་དུ། ཕ་སྐད་ཀྱི་ལམ་ནས་རྩོམ་འབྲི་བྱེད་མི་ཐུབ་པར་བློ་ཕམ་དང་ཞེ་འགྱོད་ལྟ་བུའི་བློ་སྐྱེས་མྱོང་ངམ། ཁྱེད་ལ་བོད་རིགས་རྩོམ་པ་པོས་རྒྱ་ཡིག་གི་ལམ་ནས་རྩོམ་འབྲི་བྱེད་པར་ལྟ་ཚུལ་ཅི་ཞིག་ཡོད། ཁྱེད་ཀྱི་ཤེས་པ་ལྟར། དེང་སྐབས་ བོད་སྐད་ཡིག་གི་གསར་རྩོམ་གྱི་གནས་སྟངས་དང་འཕེལ་ཕྱོགས་དེ་ཁྱེད་ཀྱིས་བལྟས་ན་ཅི་འདྲ་རེད།
པདྨ་ལྷ་སྒྲོན། བོད་སྐད་ནི་ངའི་ཕ་སྐད་ཡིན་ཞིང་། ཨ་མའི་ནུ་ཞོ་དང་མཉམ་དུ་ངའི་ལུས་ཟུངས་སུ་སིམ་པ་ཡིན། ང་དང་ངའི་མི་རིགས་བར་ལ་སྐད་ཆའི་གེགས་ཆ་མེད། ཡིན་ན་ཡང་རྩོམ་ཡིག་ནི་དེ་ལྟ་ཞིག་མ་ཡིན་ཏེ། ངས་རྒྱ་ཡིག་འདེམས་པ་ནི་རང་ཉིད་རྒྱ་ཡིག་ལ་བྱང་ཆ་ལྡན་པའི་འཇོན་ཐང་ཙམ་ལ་བརྟེན་ནས་རྒྱ་རིགས་ལ་འགྲན་སློང་ཐུབ་པར་ཡིད་ཆེས་བརྟན་པོ་བཅིངས་པས་ཡིན། ངས་རང་གི་ནུས་པ་དེར་བརྟེན་ནས་དགའ་སྐྱོ་ཆགས་སྡང་དང་བསམ་བློའི་འགྱུར་བ་སོགས་བརྗོད་དེ། ཉེ་བར་བཅར་བའི་མི་གྲངས་དུང་ཕྱུར་བཅུ་ཕྲག་འགའ་ཡོད་པའི་རྒྱ་མི་རིགས་འདིས་རང་མི་རིགས་ལ་ཤེས་རྟོགས་བྱེད་ཐུབ་ཏུ་འཇུག་རྒྱུ་ཕུགས་འདུན་ཞིག་ཏུ་བརྩིས་ཁར། འཛམ་གླིང་རྩོམ་རིག་གི་སྒོ་མོ་ཡངས་པོ་ཕྱེ་འདོད་པ་ཡིན།
ངས་རྒྱ་ཡིག་ལ་བལྟས་ནས་འཛམ་གླིང་གི་རྩོམ་རིག་བརྩམས་ཆོས་དང་། གཏན་ཚིག་རིག་པ། ཚན་རིག་རིག་པ་སོགས་སྦྱངས་པ་ཡིན། བོད་ཀྱི་ལོ་རྒྱུས་སྟེང་ཆོས་ལུགས་དང་རིག་གནས། སྒྱུ་རྩལ་ལ་སོགས་པའི་བསྟན་བཅོས་བོད་ཏུ་བསྒྱུར་བའི་ལོ་ཙཱའི་ལོ་རྒྱུས་འོད་སྟོང་འབར་བ་ལྡན་ཞིང་། རིག་གནས་ཀྱི་དང་མར་གྱུར་བའི་ཉིང་བཅུད་དེ་དག་ལ་བརྟེན་ནས་མི་རིགས་ཤིག་སྟོབས་འབྱོར་མངའ་ཐང་རྒྱས་མྱོང་ལ། མཁྱེན་དཔྱོད་ཀྱི་བདག་པོར་ཡང་གྱུར་མྱོང་། ཡིན་ན་ཡང་ད་ནི་བོད་ཡིག་ལ་བརྟེན་ནས་འཛམ་གླིང་རྩོམ་རིག་དང་ཚན་རིག་ལ་ཤེས་རྟོགས་བྱེད་པའི་དུས་དེ་འདའ་ཟིན། ལྷག་པར་དུ་རྩོམ་རིག་ལོ་ཙཱ་བའི་ཕྱོགས་ཀྱི་ལོ་ཙཱའི་བྱ་བ་དེ་མི་སྒེར་གྱི་བྱེད་སྤྱོད་ཙམ་དུ་ལུས་འདུག་པས། དེ་ནི་བོད་མི་རིགས་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་ཁྲོད་ཀྱི་སྟོང་ཆ་ཞིག་རེད་བསམ། ང་ལ་ཡུ་གུར་དང་། སོག་པོ། ཁྲའོ་ཤིན་སོགས་ཀྱི་གྲོགས་པོ་འགའ་ཡོད། མི་རིགས་དེ་དག་གི་རྩོམ་པ་པོ་མང་པོ་ཞིག་གིས་ཕ་སྐད་ཀྱི་ལམ་ནས་གསར་རྩོམ་བྱེད་པ་ཤོས་ཆེ་པ་དང་། ལོ་ཙཱ་བའི་སྡེ་ཕོན་ཆེན་པོ་ཞིག་ཡོད་པ་མ་ཟད། རྒྱལ་ཕྱི་རྒྱལ་ནང་དུའང་རང་སྐད་ཀྱི་རྩོམ་རིག་བརྩམས་ཆོས་ལ་ལྟ་མཁན་ཧ་ཅང་མང་། བོད་ལ་མཚོན་ན་དེང་སྐབས་ང་ཚོའི་ཀློག་པ་པོ་དང་ཚོང་ར་དེ་རྒྱ་ནང་དུ་མ་གཏོགས་མེད་པས། ང་ཚོ་མི་རིགས་ལ་གོང་གི་མི་རིགས་དེ་དག་དང་འདྲ་བའི་ཆེད་དམིགས་ལོ་ཙཱ་བའི་སྡེ་ཆེན་པོ་མི་འདུག
དོན་དངོས་ལ་ཁ་ཕྱོགས་དུས། རང་གི་ཕ་སྐད་ཀྱི་ལམ་ནས་གསར་རྩོམ་བྱེད་མི་ཐུབ་པའི་བློ་ཕམ་ཡིད་འགྱོད་དེ་ནི་ང་རང་ཉིད་ཀྱི་ཡིད་ཕོངས་ཙམ་མ་ཡིན། ངས་ནམ་ཡང་གཟི་བརྗིད་ཅིག་ཡིན་མིན་གྱི་ཕྱིར་དུ་དེ་ལ་རེ་སྒུག་བྱེད་མི་དཔེ། རྒྱུ་མཚན་ནི་ངས་མགོ་ཕྱིར་འཁོར་ནས་བོད་ཡིག་སྦྱངས་ནས་བོད་ཡིག་གི་གསར་རྩོམ་བྱེད་པ་དང་། དེ་ནས་གཞན་དབང་གི་བསམ་བློའི་ཀློང་ནས་ཡུན་རིང་གི་ལོ་ཙཱ་བྱེད་པའི་བརྒྱུད་རིམ་ལ་ངང་སྒུག་བྱེད་འདོད་མེད་ལ་དེ་ལྟར་བྱ་ཡང་མི་ཕོད། ངས་བོད་རིགས་བུ་མོ་ཞིག་གི་གཟི་བོར་གནས་པའི་བློ་དཀར་གཞུང་དྲང་གི་རྣམ་དག་ལྷག་བསམ་སེམས་སུ་ཉར་ནས་རང་མི་རིགས་ཀྱི་ཟླ་མེད་སྐྱེས་སྦྱང་ཀྱི་དྲི་བསུང་བསྣམས་ནས་འཛམ་གླིང་འཛིན་མའི་རྩོམ་རིག་གི་རྒྱ་མཚོ་ཆེན་པོའི་ཁྱོན་ལ་བསྐྱོད་འདོད་པ་ཡིན། སྐབས་དེ་ཙ་ན་ངའི་རྩོམ་རིག་གསར་རྩོམ་གྱི་བསམ་བློ་དང་གོ་རྟོགས་ཀྱི་ཚད་རིམ་དེ་ཡང་ལོ་ཙཱའི་ཚད་རིམ་མཐོན་པོ་ཞིག་གམ་ཡང་ན་ཆ་འདྲ་བ་འགྱུར་བར་ཡིད་ཆེས་བརྟན་པོ་ཞིག་ཡོད། སྤྱིར་ཡི་གེ་གང་ཞིག་སྤྱད་དེ་གསར་རྩོམ་བྱེད་པ་ནི་སྐྱོན་དུ་མ་ངེས། འཛམ་གླིང་རྩོམ་རིག་གི་ཁྲོད་དུ་ཕ་སྐད་ཀྱི་གསར་རྩོམ་མིན་པའི་རྩོམ་པ་པོ་ཡང་དཔེར་དྲངས་ཀྱང་བགྲང་གིས་མི་ལངས་པ་ཡོད། མ་གཞི་རྩོམ་རིག་ནི་སྒྱུ་རྩལ་ཀྱི་རིག་ཚན་གཞན་དག་དང་འདྲ་བར་སྒྱུ་རྩལ་གྱི་རྣམ་ཤེས་ལ་བརྩོན་ལེན་བྱེད་མཁན་ཞིག་ཡིན།
ཞུའུ་ཆིང་། སྔོན་ཆད་དཔྱད་བརྗོད་མཁན་གྲགས་ཅན་སྐུ་ཞབས་ཞིའེ་ཡོའུ་ཧྲུན་གྱིས་འདི་ལྟར་གསུང་མྱོང་། རྩོམ་རིག་གི་རྗེས་སུ་མི་ཡོད་དགོས་ལ། དེ་ཕྱིས་སུ་དཀྱེལ་ཡངས་པའི་བསམ་བློ་ཞིག་དང་། རྙོག་འཛིང་གི་ཁྲོད་འཕག་འཚག་བྱེད་པའི་སྙིང་སྟོབས་ཤིག་དང་དེ་ལས་བརྒལ་བའི་བསམ་བློ་ཁྱད་པར་བ་ཞིག་ཡོད་དགོས། དེ་ནི་ནམ་ཡིན་ཡང་རྩོམ་རིག་ལ་འགྱུར་བ་བྱ་མི་རུང་བའི་རིན་ཐང་གི་ཕྱོགས་སྟོན་ཞིག་ཡིན་ཟེར། ངས་ཁྱེད་ཀྱི་བརྩམས་ཆོས་བཀླགས་རྗེས། ཁྱེད་ཀྱི་སེམས་སྐྱ་དང་ནང་སེམས་ཀྱི་འགྱུར་བག་དང་སྡུག་བསྔལ་ངང་གིས་ཚོར་ཐུབ།ཁྱེད་ཀྱིས་གསར་རྩོམ་གྱིས་ཁྲོད་དུ་རང་ཉིད་ཀྱི་ཚེ་སྲོག་ཀྱང་གསར་རྩོམ་གྱི་མགུལ་དུ་འཆིང་ཡོད། དེ་ནི་ཚེ་སྲོག་གི་བརྩེ་དུང་ལྷད་མེད་རུམ་པའི་གསར་རྩོམ་ཞིག་ཏུ་མཆིས་པས་དེ་ནི་ལས་སླ་བོ་ཞིག་མ་རེད་སེམས་བྱུང་།
པདྨ་ལྷ་སྒྲོན། ཐུགས་རྗེ་ཆེ་ཞུ། མི་ལན་ཁུན་ཏེ་ལ་ཡིས་འདི་ལྟར་གསུང་མྱོང་། ཁོང་གིས་རྩོམ་པ་པོའི་བརྩམས་སྒྲུང་གི་ནང་དུ་ཚུད་པའི་བརྗོད་བྱ་དེ་རྩོམ་པ་པོ་ཁོ་རང་ཉིད་ཀྱིས་བརྗོད་འདོད་པའི་རྗོད་བྱའི་ནང་དོན་ལས་ཀྱང་ཕུན་སུམ་ཚོགས་ཅེས་བཤད་པ་དེར་ང་ལ་ཡིད་ཆེས་ཡོད།
ཞུའུ་ཆིང་། བོད་ཀྱི་ཉེ་རབས་རྩོམ་རིག་དེ་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་ནས་ལོ་ངོ་༦༠ལྷག་འགོར་འདུག ལོ་ངོ་དྲུག་ཅུ་ལྷག་གི་དུས་ཚོད་ནང་དུ་བོད་ཀྱི་ཉེ་རབས་རྩོམ་རིག་གི་སྐད་ཆའི་ཁོར་ཡུག་ལ་འགྱུར་བ་ཐེངས་མང་བྱུང་། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བ་ནི་བོད་ཀྱི་རྩོམ་རིག་ཡར་ངོས་ཟླ་བཞིན་འཕེལ་བའི་དུས་ཤིག་ཡིན་པ་ནི། བཀྲ་ཤིས་ཟླ་བ་གཙོ་བྱས་པའི་བོད་ཀྱི་བརྩམས་སྒྲུང་གསར་བ་རྩོམ་མཁན་གྱི་སྡེ་དེ་ལོ་རབས་བརྒྱད་ཅུ་པའི་རྩོམ་རིག་གི་སྡིངས་ཆ་རུ་གཟི་བརྗིད་དང་བཅས་ཀློག་པ་པོ་རྣམས་ཀྱི་མིག་གི་དགའ་སྟོན་དུ་གྱུར་བ་ནས་བཟུང་བོད་ཀྱི་རྩོམ་རིག་དེ་ཉིད་རྒྱ་ཡིག་གཞི་བྱས་པའི་གཙོ་རྒྱུགས་རྩོམ་རིག་གི་ཚོད་འཛིན་དང་ནང་ལོགས་རྩོམ་རིག་ལ་ཟུར་ལྟའམ་དཔེ་བྱེད་པའི་རྒྱ་ལས་ཐར་ཐུབ་པ་བྱུང་། རིམ་གྱིས་ས་ཁོངས་གཞན་པའི་རིག་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་རྣམ་པ་གསར་བ་ཞིག་གི་ལམ་ནས་བོད་གངས་ཅན་གྱི་ལྗོངས་འདིར་གཞན་དྲིང་མི་འཇོག་པའི་ཁྱད་གཤིས་དང་བཅས་དར་རྒྱས་བྱུང་། དེ་དག་གི་རྨང་གཞིའི་སྟེང་དུས་རབས་གསར་བའི་ཚུན་གྱི་བོད་ཀྱི་རྩོམ་རིག་ཡང་སྔར་ལས་འཕེལ་རྒྱས་བྱུང་ཡོད། དཔེར་ན་ཁྱེད་དང་། ཚེ་རིང་ནོར་བུ། ཉི་མ་ཕན་ཐོགས། དཔལ་ལྡན། ནོར་བུ་ཚེ་རིང་སོགས་ལྟ་བུའི་བོད་རིགས་རྩོམ་པ་པོ་རྣམས་ཀྱིས་ཀྱང་སྐབས་དེར་གསར་རྩོམ་གྱི་མདུན་པ་རྒྱ་མཚོའི་རྦ་རླབས་ལྟར་དྲག་ཏུ་མཆིལ་མྱོང་། ཡིན་ན་ཡང་ཁྱེད་ཀྱིས་བལྟས་ན་འདི་འདྲའི་དར་ཤུགས་ཤིན་ཏུ་ཆེ་བའི་གསར་རྩོམ་གྱི་འདུ་འགོད་མདུན་དུ། ང་ཚོས་བག་ཟོན་བྱ་དགོས་པའི་དོན་དག་ཡོད་སྲིད་ཨེ་སྙམ།
པདྨ་ལྷ་སྒྲོན། ད་ལྟའི་བཤད་རྒྱུན་ན་རྩོམ་རིག་གསར་རྩོམ་གྱི་འཕེལ་སྟངས་ཧ་ཅང་ལེགས་ཞེས་པའི་ཤོད་སྲོལ་ཡོད་པ་དེར་དེ་འདྲའི་ཡིད་འཐད་མིན། ངས་བལྟས་ན་ད་དུང་བར་ཐག་རིང་བོ་ཞིག་འདུག སྤྱིར་བོད་ཀྱི་རྩོམ་རིག་ཧ་ཅང་དར་ཤུགས་ཆེ་ས་དེ་ཨ་མདོ་དང་ཁམས་ཕྱོགས་ཙམ་ཡིན། ས་ཁུལ་དེ་དག་གི་རྩོམ་པ་པོ་ལ་སྤྲོ་སེམས་འཁོལ་པོ་ཞིག་དང་ངར་ཤུགས་ཆེ་བའི་སྤོབས་སེམས་སྐྱེན་པོ་ཞིག་ཡོད། དེ་ལས་ལྡོག་ཏེ་ལྷ་ས་ནི་འཇམ་ཅག་གེར་དེ་ལྟ་བུའི་འདུན་པ་དྲག་པོ་ཞིག་མཐོང་དཀའ། མི་སྒེར་གྱི་ངལ་རྩོལ་ཞིག་ལ་ཆ་མཚོན་ནས་བཤད་ན། རྩོམ་འབྲི་མཁན་འདི་དག་ཚང་མ་ཁེར་རྐྱང་ངང་ཁུ་སིམ་མེར་གསར་རྩོམ་གྱི་ལས་ལ་གཞོལ་བ་ཡིན་མོད། འོན་ཀྱང་ད་ལྟའི་དུས་འདི་ནི་རྩོམ་རིག་གི་གཡུར་ཟའི་འབྲས་བུ་ཡིས་ང་ཚོར་ལོངས་སྤྱོད་དང་གོ་གནས་སྩོལ་བའི་དུས་ལ་ཐོན་མེད་པས། ང་ཚོས་ཡིད་འཇོག་དང་བག་ཟོན་གྱི་བསམ་བྱ་ཡོད་དགོས་པ་ནི་རྩོམ་རིག་གི་བློ་ཁོག་ཡངས་པོ་ཞིག་དང་ཚད་རིམ་ཅི་འདྲ་ཞིག་ལ་བརྟེན་ན་ད་གཟོད་རང་གི་རྩོམ་རིག་གི་ཟོལ་མེད་ལྟ་བ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཡིན།
ཞུའུ་ཆིང་། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཡིན་པའི་ཆ་ནས། ཁྱེད་ཀྱིས་བོད་ཀྱི་རྩོམ་རིག་གི་ད་ལྟའི་གནས་སྟངས་དང་འཕེལ་རྒྱས་ལ་ཁྱེད་རང་ཉིད་ཀྱི་ལྟ་ཚུལ་ཡོད་སྲིད། ཁྱེད་ཀྱིས་ལྟ་ཚུལ་དེ་དང་བོད་རིགས་རྩོམ་པ་པོའི་དགེ་མཚན་དང་མི་འདང་ས་རེ་རེ་འདིར་བརྗོད་ན།
པདྨ་ལྷ་སྒྲོན། བོད་རིགས་རྩོམ་པ་པོས་བོད་ཁུལ་གྱི་འཚོ་བ་བརྗོད་པའི་གསར་རྩོམ་དེར་མི་རིགས་གཞན་གྱིས་ཚབ་བྱེད་ཐབས་མེད། དེ་ནི་ང་ཚོའི་དགེ་མཚན་ཡིན། དགེ་མཚན་དེ་ནི་སྐད་ཆ་དང་བྱེད་ཐབས་ཙམ་ལ་བརྟེན་དགོས་པའི་ངེས་པ་མེད་དེ། གཙོ་བོ་བསམ་བློ་གཅིག་མཚུངས་ཡིན་མིན་དང་། ལྷད་མེད་ཀྱི་བརྩེ་ཞེན་དྲག་པོ་ཞིག་ཡོད་མིན་ལ་རགས་ལས་པ་ཡིན། བརྩེ་ཞེན་དེ་མི་རབས་ནས་བར་མ་ཆད་ཅིང་། རྙོག་འཛིང་དང་འགལ་འདུའི་ཀློང་ནས་སྔར་ལས་ཤུགས་དྲག འདི་དག་ཚང་མ་རིག་གནས་ཤིག་དང་། ཆོས་ལུགས་ཤིག འཚོ་བ་བསྐྱལ་སྟངས་ཤིག་གི་རྨང་གཞི་ཁོ་ནར་རགས་ལས་མིན་པར་ཟུངས་ཁྲག་དང་རུས་རྐང་དུ་སིམ་པའི་བརྩེ་དུང་་ཆེན་པོ་དེ་ཡིན། འོན་ཀྱང་བརྩེ་དུང་གི་སྨུག་པས་མཚམས་རེར་ང་ཚོའི་མཐོང་ལམ་བསྒྲིབས་སྲིད་པས་ཡིད་འཇོག་གི་བློ་ཡལ་བོར་འདོར་མི་བྱ། རྒྱུ་མཚན་དེའི་དབང་གིས་ང་ཚོ་བོད་ཁུལ་གྱི་རྩོམ་པ་པོ་གང་ཞིག་རང་མི་རིགས་ཀྱི་བསམ་བློའི་མངའ་ཁོངས་ནས་བརྒལ་སྐབས། མིག་རྒྱང་རིང་བོ་ཞིག་དང་། བློ་རྒྱ་ཡངས་པོ་ཞིག་ནས་འཛམ་གླིང་གི་མི་རིགས་ཁག་དང་མི་དམངས་ཀྱི་རྩོམ་རིག་ལ་ངེས་ལེན་བྱེད་དགོས།
ཞུའུ་ཆིང་། ཁྱེད་ཀྱི་《བོད་ལྗོངས་ཀྱི་ཟླ་འོད》ད་ལྟ་པར་འགྲེམ་སྤེལ་བྱ་རྩིས་ཡོད་འདུག གོ་ཐོས་ལྟར་ན་ཁྱེད་ཀྱི་བརྩམས་སྒྲུང་རིང་གྲས་ཤིག་ཡང་ཕལ་ཆེར་ལེགས་འགྲུབ་འབྱུང་བཞིན་ཡོད་ཟེར། དེ་ཕྱོགས་ནས་སྐད་ཆ་རེ་གླེང་ན་ག་འདྲ་རེད། ཁྱེད་ཀྱི་བརྩམས་སྒྲུང་རིང་གྲས་འདི་དང་ཡར་སྔོན་གྱི་བརྩམས་ཆོས་《ལྷ་སའི་འཁོར་བ》དང་《ཤི་ལོག་སྒྲོལ་མ》གཉིས་ལ་བསྡུར་ན་ད་རེབ་ཀྱི་བརྗོད་བྱ་དང་རྩོམ་འབྲི་ཕྱོགས་ནས་མི་འདྲ་ས་ཅི་ཞིག་ཡོད།
པདྨ་ལྷ་སྒྲོན། ངའི་ལྷུག་རྩོམ་ཕྱོགས་བསྒྲིགས《བོད་ལྗོངས་ཀྱི་ཟླ་འོད》ཅེས་པ་དཀའ་ཁག་གང་མང་ཞིག་ལ་བརྒྱུད་མཐར་ཁྲུང་ཆིང་དཔེ་སྐྲུན་སྡེ་ཤོག་ཀུང་སིས་པར་བསྐྲུན་བྱ་རྒྱུ་བྱས། ངའི་དེབ་འདིའི་རྩོམ་སྒྲིག་འགན་འཁུར་བ་ཀྲང་ཧའོ་ཧའོ་ཡང་རྩོམ་པ་པོ་ཞིག་ཡིན། ཁྲུང་ཆིང་དཔེ་སྐྲུན་སྡེ་ཤོག་ཀུང་སིའི་འགོ་གཙོ་ལི་ནི་ཧ་ཅང་སྤྱང་གྲུང་ལྡན་པའི་བུད་མེད་ཅིག་ཡིན། ལས་དབང་གི་འདུ་འབྲེལ་དུ་མ་ཞིག་ལ་བརྒྱུད་ནས་ངའི་ལྷུག་རྩོམ་དེ་དཔེ་རིས་དང་བཅས་དེ་བདེ་བླག་ངང་པར་བསྐྲུན་བྱེད་ཐུབ་པ་བྱུང་བས་རང་སེམས་ལ་དགའ་སྤྲོ་མི་དམན་པ་ཞིག་སྐྱེས་བྱུང་། ངའི་བརྩམས་ཆོས་དེས་བོད་ཁུལ་ལ་དགའ་ཞེན་ཆེ་བ་དང་བོད་ཁུལ་ལ་དོ་སྣང་བྱེད་མཁན་གྱི་ཀློག་པ་པོ་རྣམས་ལ་བསམ་བློའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་འདོན་སྤྲོད་དང་། བོད་ལ་ཤེས་རྟོགས་གསལ་བོ་ཞིག་བྱེད་པར་རོགས་རམ་བྱེད་ཐུབ་པའི་རེ་བ་བཅངས་ཡོད། དུས་མཚུངས་སུ་གྲོགས་པོ་ཀྲང་ཧའོ་ཧའོ་ཡིས་དཀའ་ཚེགས་ལ་མ་འཛེམ་པར་རྩོམ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་། ཀུང་སིའི་འགོ་གཙོ་ལི་ཡིས་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན། ངའི་མཚམས་འདི་ནས་ང་ཚོ་བོད་ཁུལ་གྱི་རྩོམ་པོ་པོས་ཁྲུང་ཆིང་དཔེ་སྐྲུན་སྡེ་ཤོག་ཀུང་སི་ལ་མཉམ་འབྲེལ་མང་པོ་བྱེད་པར་སྨོན་འདུན་བགྱི།
ངའི་ད་ལྟ་གསར་རྩོམ་བྱེད་བཞིན་པའི་བརྩམས་སྒྲུང་རིང་གྲས་《གསེར་ཞུན》དེ་བརྩམས་སྒྲུང་སྔོན་མ་གཉིས་དང་བསྡུར་ན་རྩོམ་འབྲི་བརྒྱུད་རིམ་ཧ་ཅང་དལ་བ་ཞིག་ཡིན། གསར་རྩོམ་ཁྲོད་ངས་བརྩམས་སྒྲུང་ཁྲོད་ཀྱི་བུད་མེད་མི་སྣ་གཙོ་བོ་བཞེངས་བསྐྲུན་ལ་འགན་འཁུར་དགོས་པ་དང་། ངས་ཁོ་མོར་ལམ་ཕྱོགས་ཡག་པོ་ཞིག་དང་བདེ་སྐྱིད་ཅིག མཇུག་འབྲས་བཟང་བོ་ཞིག་ཇུས་འགོད་བྱེད་དགོས། རྒྱུ་མཚན་ནི་ངས་རང་གི་ཀློག་པ་པོ་ཐོག་མ་བདག་གི་ཨ་ཅེ་ལ། ད་ཐེངས་ཀྱི་རྩོམ་དེབ་འདིས་ཁྱེད་ཀྱི་སྙིང་ཁར་ལྗིད་ཏིག་ཏིག་གི་ཕ་བོང་ཆེན་པོ་ཞིག་གིས་མནན་པ་ལྟ་བུའི་སྐྱོ་གདུང་གི་མིག་མཆི་ལྷུང་བ་དང་སེམས་སྡུག་པར་མི་བྱེད་ཅེས་ཁས་བླངས་ཡོད། འཚོ་བ་དངོས་མཚོན་ན་ངོ་མ་འདི་འདྲ་ཞིག་རེད། ངས་ཁོ་མོར་ད་ཐེངས་ཀྱི་རྩོམ་གྱི་ནང་དུ་འོད་གསལ་དང་རེ་བ་ལྷུར་ལེན་བྱེད་རྒྱུ་ཁས་བླངས་ཡོད་པས་དལ་གྱིས་འབྲི་དགོས། ངས་ཀྱང་རང་བདག་གི་འཇིག་རྟེན་ལས་འོད་མདངས་དེ་འདྲ་ཞིག་འཚོལ་ཐུབ་པ་བྱུང་ན་ངའི་ཐོད་བརྒལ་ཞིག་ཡིན་སྙམ་ཡོད།
ཞུའུ་ཆིང་། རྩོམ་རིག་ནི་ཆེས་རྒྱས་སྤྲོས་ཆེ་བའི་བསམ་པའི་དྲན་སྣང་ཞིག་རེད། ཡིན་ན་ཡང་མིའི་རིགས་ལ་མཚོན་ན་རྩོམ་རིག་དང་ཅི་ནས་ཁ་བྲལ་ཐུབ་བམ། ངས་ཁྱེད་ལ་ཁྱེད་ཀྱི་གསར་རྩོམ་ཐད་འབྲས་བུ་ལེགས་པོ་སྨིན་པར་ལྷག་བསམ་རྣམ་དག་གིས་སྨོན་འདུན་ཞུ་ལགས།
པདྨ་ལྷ་སྒྲོན། མི་ལ་རྒྱས་སྤྲོས་ཆེ་བའི་དངོས་པོ་མང་པོ་ཞིག་མེད་ན་ཡང་འཚོ་བ་རོལ་ཐུབ། ང་ཚོ་རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ནི་མི་རབས་ནས་མི་རབས་བར་འདི་ལྟར་འཚོ་ཞིང་གཞིས་ནས་ཡོང་བ་ཡིན། མི་ལ་མེད་དུ་མི་རུང་བ་ནི་བསམ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་དང་མིག་རྒྱང་རིང་བོའི་ཕུགས་འདུན་གཉིས་ཡིན་པས། ང་ཚོ་ནི་ལ་རྒྱ་ཡིས་བརྟས་ཤིང་། དགའ་སྤྲོས་ཁེངས་པ། བདེ་སྐྱིད་ཀྱི་འཚོ་བར་དགའ་བའི་མི་རིགས་ཤིག་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com