ཐོན་མིའི་རིག་གནས་དཔེ་ཁང་གི་སྦྱིན་བདག་ལ་བཅར་འདྲི་བྱས་པ།
རེབ་གོང་ཐོན་མིའི་རིག་གནས་དཔེ་ཁང་གི་སྦྱིན་བདག་སྐལ་བཟང་ཉི་མ་
ལགས་ལ་བོད་ཀྱི་དཔེ་ཆའི་ཚོང་གཉེར་སྐོར་གྱི་བཅར་འདྲི་བྱེད་པ།
མདོ་སྨད་རེབ་གོང་རོང་བོ་གྲོང་རྡལ་དུ་ཡོད་པའི་ཐོན་མིའི་རིག་གནས་དཔེ་ཁང་ནི་སྐལ་བཟང་ཉི་མས་ལོ་ངོ་ཉི་ཤུ་ལྷག་ལ་དཀའ་སྤྱད་འབད་འབུངས་ཀྱིས་བོད་ཡིག་དཔེ་ཆ་ཁོ་ན་ཚོང་གཉེར་བྱས་པའི་དཔེ་ཁང་བཟང་བོ་ཞིག་སྟེ། ད་ལམ་ཁོང་གི་དཔེ་ཁང་འདི་སི་ཁྲོན་དང་མགོ་ལོག་སོགས་སུ་ཡན་ལག་དཔེ་ཁང་ཕྱེས་ནས་ཡོད་ལ། དཔེ་ཁང་རྣམས་སུ་དེབ་མི་གཅིག་པ་སྣ་ཁ་ཆིག་སྟོང་ལྷག་ཡོད་པ་དང་། འགྲེམས་ཚད་ཆེས་མཐོ་བའི་དཔེ་ཁང་ཞིག་ཏུ་གྱུར་ཡོད་པ་དེས་བོད་ཁུལ་གྱི་གཞུང་གཉེར་དཔེ་ཁང་མང་པོར་ཁ་སྐྱེངས་སུ་བཅུག་ཡོད་དོ། །
གསར་འགོད་པ། རྒན་སྐལ་བཟང་ཉི་མ་ལགས། ཁྱེད་བདེ་མོ།
སྐལ་བཟང་ཉི་མ། བདེ་མོ་ཡིན། གསར་འགོད་པ་ཁྱེད་བདེ་མོ།
གསར་འགོད་པ། ཁོ་བོ་སློབ་འབྲིང་སློབ་མ་ཡིན་དུས་ནས་ཁྱེད་རང་གི་དཔེ་ཁང་འདི་མཐོང་མྱོང་ཞིང་། དེ་ལས་ཀྱང་ཧ་ལས་པ་ཞིག་ནི་སྦྱིན་བདག་ཁྱེད་རང་གིས་ལས་ཀ་འདི་སྣ་གཅིག་རྐྱང་གིས་ད་ལྟའི་བར་དུ་རྒྱུན་བསྲིངས་ཡོང་བ་དེ་རེད། དེ་བས་ཁྱེད་ནས་ཁྱེད་རང་གི་དཔེ་ཁང་འདི་ཐོག་མར་ཅི་ལྟར་བཙུགས་པ་དང་ཅིའི་ཕྱིར་བཙུགས་པའི་ཕྱོགས་ནས་སྐད་ཆ་རེ་བཤད་ན།
སྐལ་བཟང་ཉི་མ། འོ་རེད། ཁྱོད་མ་ཟད་ཀྱི་ད་ལྟའི་རོང་བོ་དགོན་པ་ན་ཡོད་པའི་དགེ་བཤེས་ཆེན་མོ་འགའ་རེ་ཡང་ངའི་དཔེ་ཁང་འདི་ཐོག་མར་འཛུགས་དུས་ད་དུང་བྱིས་པ་ཡིན་པ་ང་ལ་བཤད་ཀྱིན་ཡོད། སྤྱིར་ན་ཁེ་ལས་པ་ཞིག་གི་ངོས་ནས་བཤད་ན་དཔེ་འཚོང་གི་ལས་ཀ་ཙམ་པོ་ཞིག་གིས་མི་ཚེ་འཁྱོལ་བ་ནི་ལས་རྒྱུ་ཅི་ཡང་མེད་པའི་མི་ཞིག་གི་བསྒྲུབ་ཚུལ་འབའ་ཞིག་སྟེ། བོད་ཡིག་གི་དཔེ་ཆ་མང་པོ་ཞིག་དཔེ་ཁང་དུ་ཐོན་པ་ནས་འགྲོ་རྒྱུག་གི་ཕྱོགས་ལ་སེམས་ཚེགས་བྱ་དགོས་ཤིང་། ཕྱིར་རྩོམ་པ་པོར་སྤྲོད་དགོས་པའི་གནས་ཚུལ་ཡང་ཡོད་མོད། འགའ་རེ་དེ་ལྟར་མ་ཡིན་པར་ཐོན་མ་ཐག་ཚ་ཚ་འུར་འུར་ཞིག་བྱེད་ནའང་། གསར་ཉམས་ཆེ་ལ་ཪྙིང་ཤུགས་བཙན་པའི་དཔེ་ཀློག་གི་ཁ་དབུགས་ཤིག་གིས་ལོ་འཁོར་ཟླ་བ་རེས་མོས་སུ་སོང་རྗེས་དེ་ཡང་ས་རྡུལ་གྱིས་མནན་འགྲོ་བ་ཞིག་ཡིན་པས་ཧ་ཅང་དཀའ་ངལ་ཆེ་བ་ཞིག་རེད།
ཡིན་ནའང་ཁོ་བོར་མཚོན་ན་དཔེ་ཁང་ཐོག་མར་འཛུགས་དུས་ཀྱི་ཆོད་སེམས་དེ་ཚོང་ལས་ཀྱི་ཆེད་དུ་དམིགས་པ་ཞིག་མ་ཡིན་པར་གཙོ་བོ་ཕ་དམ་པའི་ཤུགས་རྐྱེན་གྱི་འོག་ཏུ་རང་ཉིད་དཔེ་ཀློག་ལ་དགའ་བ་དང་སྐབས་དེ་དུས་རེབ་གོང་ས་ཁུལ་དུ་དཔེ་ཆ་གསར་བ་ཐོན་དཀའ་བའི་གནས་ཚུལ་གྱི་འོག་ཏུ་རང་གཞན་གཉིས་ཕན་གྱི་ལས་ཀ་འདི་འདྲ་ཞིག་ལས་འདོད་པའི་བསམ་ཚུལ་ཞེ་ལ་འཁོར་ནས་དཔེ་ཁང་འདི་སྒོ་ཕྱེ་བ་ཡིན་ལ། རང་ཉིད་ཆུང་དུས་ནས་སྔགས་པ་བྱས་པ་དང་ཞིང་ལས་ལག་རྩལ་པའི་འགན་འཁུར་མྱོང་བ་དེས་གནའ་དེང་གི་དཔེ་ཆ་གང་ཡིན་ཡང་དེ་ལ་དུང་ཞེན་གྱི་སེམས་མི་འཁྱོག་པར་གང་ལ་གང་འཚམས་ཀྱི་དགོས་མཁོ་སྐོང་ཐུབ་པ་དེས་དཔེ་ཚོང་གི་ལས་ཀ་འདི་ད་ལྟའི་བར་རྒྱུན་བསྲིངས་ཐུབ་པར་གྱུར།
གསར་འགོད་པ། རེད། ཁྱེད་རང་གིས་དཔེ་ཁང་འདི་འཛུགས་པའི་ཀུན་སློང་དངོས་ནས་བླ་ན་མེད་པ་ཞིག་རེད་འདུག་པས། དངོས་ནས་ངེད་ཅག་རྗེས་རབས་པ་དག་གིས་སློབ་སྦྱོང་བྱ་འོས། དེ་ན་ཁྱེད་རང་གིས་དཔེ་ཁང་འདི་དུས་ཚོད་ནམ་ཞིག་ལ་བཙུགས་པ་དང་། དུས་སྐབས་དེ་དག་གི་དཔེ་ཚོང་ལས་ཀའི་ངོས་ནས་བོད་ཀྱི་རིག་གནས་སྣང་ཚུལ་སྐོར་ལ་སྐད་ཆ་རེ་བཤད་ན།
སྐལ་བཟང་ཉི་མ། ཧ་ཧ་ཧ། བོད་ཀྱི་རིག་གནས་ཞེས་བཤད་ན་ཅུང་ཆེ་སོང་མོད། ངོ་མ1994ལོར་དཔེ་ཁང་འདི་བཙུགས་པ་ནས་ད་ལྟའི་བར་དུ་བོད་སྤྱིའི་རིག་གནས་ཀྱི་སྣང་ཚུལ་བཤད་རྒྱུ་དཀའ་ནའང་། རེབ་གོང་ས་ཁུལ་དུ་མཚོན་ན་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་ཚེས་མ་ཐག་གི་བར་དེ་ལ་དཔེ་ཆ་མཐོང་དཀོན་པོའི་རྐྱེན་གྱིས་དཔེ་ཆ་ཉོ་མཁན་ལྟོས་བཅོས་ཀྱིས་ཅུང་མང་བར་འདུག དེ་ལས་རིམ་གྱིས97-98བར་ལ་ཐོན་དུས་སུ་ངོ་མ་ངོ་ཐོག་གིས་སྣང་ཚུལ་དེའི་རིགས་རྦད་དེ་ཉམས་མོས་སུ་གྱུར་བ་ནི་ཉིན་གཅིག་ལ་དཔེ་ཆ་གཅིག་ཉོ་མཁན་མེད་པའི་དུས་ཀྱང་བྱུང་མྱོང་། སྐབས་དེར་དོན་ཅི་འདྲ་ཞིག་བྱུང་བར་རྒྱུ་མཚན་འགོད་དུ་མེད་ནའང་། དངོས་ནས་དཔེ་ཀློག་གི་ཐད་ལ་དངངས་སྐྲག་སྐྱེས་དགོས་པའི་ཚད་ལ་ཐུགས་སོང་། དེ་བཞིན་དུས་རབས་འདི་མགོ་ཚུགས་ཚུན་ནས་སྣང་ཚུལ་དེའི་རིགས་ཇེ་ལེགས་སུ་སོང་ཞིང་། ད་ལྟ་ནི་དངོས་ནས་རྫོགས་ལྡན་གྱི་དུས་ལྟ་བུ་ཞིག་སྟེ། དཔེ་ཆ་ཤིན་ཏུ་བྲིན་པའི་དུས་ཚིགས་ཤིག་རེད་ཅེས་བརྗོད་ཆོག
གསར་འགོད་པ། རེད། དཔེ་ཀློག་གི་འཚོ་བ་དེས་རིག་གནས་ཀྱི་སྣང་ཚུལ་ཞིག་གསལ་སྟོན་ཐུབ་པས་ན་རྒན་གྱི་སྐད་ཆ་དག་ལ་གོ་རྒྱུ་ཆེན་པོ་འདུག དེས་ན་ཁྱེད་རང་གིས་དཔེ་ཆའི་ཚོང་ལས་དེ་ཅི་ལྟར་གཉེར་བ་དང་མ་འོངས་པར་ཅི་ལྟ་བུ་ཞིག་ཏུ་བསྒྱུར་རྩིས་ཡོད་པའི་སྐོར་ལ་སྐད་ཆ་རེ་བཤད་ན།
སྐལ་བཟང་ཉི་མ། རེད། སྔོན་ཆད་དཔེ་ཆའི་རིན་གོང་ཤིན་ཏུ་དམའ་བས་ཁེ་བཟང་ཞེས་བཤད་ས་མི་འགྲོ་མོད། ད་ལྟ་དཔེ་ཆ་སྤྱིའི་རིན་གོང་ཅུང་མཐོ་བས་དཔེ་ཚོང་གི་ལས་ཀ་འདི་ཡང་ཁེ་སྤོག་ཅི་ཡང་མེད་པར་མི་དམངས་ལ་ཞབས་འདེགས་ཞུ་བ་དེ་ལྟ་བུ་ཞིག་ཀྱང་མ་རེད། ཡིན་ནའང་དཔེ་ཚོང་གི་ལས་ཀ་འདིས་ང་རང་གི་ཚོང་གཉེར་གྱི་གོ་སྐབས་མང་པོ་ཞིག་འཆོར་དུ་བཅུག་པ་ཡང་དོན་དངོས་ཡིན་མོད། རང་གི་ཁྱིམ་ཚང་གི་ཆ་རྐྱེན་སོགས་ལ་འདང་རྒྱག་དེ་ཙམ་མེད་པས་ངས་ཆེད་དུ་དཔེ་ཆ་བཙོང་བ་འདི་རང་གི་འགན་ཁུར་ཞིག་གམ་དགའ་ཕྱོགས་རིགས་ཤིག་ཏུ་སེམས་ཀྱིན་དཔེ་སྐྲུན་ཁང་རྣམས་སུ་རང་ཉིད་དངོས་སུ་སོང་ནས་དཔེ་ཆ་ལེགས་ཤོས་དག་གཙོར་འདེམས་ནས་མངགས་ཉོ་བྱས་པ་ཡིན་ལ། རང་གིས་སི་ཁྲོན་རྔ་བ་དང་འཛམ་ཐང་། གསེར་རྟ། ཀན་སུའུ་རྨ་ཆུ། མགོ་ལོག་ར་རྒྱ་སོགས་སུ་རླངས་འཁོར་སྐོར་ཏེ་དཔེ་ཆ་རྣམས་དུས་ཐོག་ཏུ་སྐྱེལ་འདྲེན་བྱས་པས་ར་རྒྱ་ཤེས་རིག་གླིང་གི་ཨ་ཁུ་འཇིགས་མེད་རྒྱལ་མཚན་གཙོའི་མི་མང་པོ་ཞིག་གིས་བསྟོད་བསྔགས་བྱེད་ཀྱིན་མི་རིགས་ཀྱི་སྐད་ཡིག་རིག་གནས་ལ་གཞོགས་འདེགས་ཀྱི་ནུས་པ་ཐོན་གྱིན་འདུག་པར་བཤད་པས། ཁོ་བོ་རང་ངོས་ནས་ཀྱང་ངོ་མ་རླབས་ཆེན་གྱི་ལས་ཀ་ཞིག་བསྒྲུབ་ཀྱིན་པར་ཡིད་ཆེས་བརྟན་པོའི་སེམས་ཤུགས་སྐྱེས་མྱོང་།
དེ་བས་ངས་རང་གྲབས་མ་དངུལ་གྲབས་གསོག་གིས་རྔ་བ་དང་མགོ་ལོག རྩེ་ཁོག་བཅས་སུ་ཡན་ལག་དཔེ་ཁང་དག་བཙུགས་ནས་དུས་ཐོག་ཏུ་དཔེ་ཆ་རྣམས་འགྲེམས་སྤེལ་བྱེད་ཀྱིན་ཡོད་པས། ང་རང་གི་ལས་ཀ་འདི་ཡང་ཅུང་གཞི་རྒྱ་ཇེ་ཆེར་འགྱུར་གྱིན་འདུག ཡིན་ནའང་དཔེ་ཆ་བཙོང་བའི་ལས་ཀ་འདིས་རང་ཉིད་ཀྱི་བྱང་ཚད་དེ་ལ་འགྱུར་བ་གཏོང་གིན་པ་ནི་དངོས་བོའི་གཤིས་ཉིད་ལ་སྲེད་པ་ཇེ་ཆེར་འགྲོ་བ་ཞིག་ནི་མ་ཡིན་པར་རྣམ་ཀུན་རང་སེམས་ལ་གཞན་ལ་རོགས་རམ་ཞིག་བྱ་རྒྱུ་དང་ཡང་ན་ཕན་ཞིག་བཏགས་ན་སྙམ་པའི་བྱམས་སེམས་རྒྱུད་སྐྱེས་འོང་བ་དེ་རེད། དེ་བས་ལོ་ངོ་བཅུ་ཁ་ཞིག་གི་སྔོན་ནས་བཟུང་སྟེ་ངས་དུས་རྒྱུན་དཔེ་ཆ་བ་མེད་པོ་དག་ལ་དཔེ་ཆའི་རིན་གོང་སླ་མོ་བྱས་ནས་བཙོང་བ་ཡིན་ལ། སྐུ་འབུམ་དྭ་ཕྲུག་སློབ་གྲྭ་དང་ཧོར་གསོ་རིག་སློབ་གྲྭ་སོགས་ལ་ད་སྔའི་བར་དུ་སྒོར་ཁྲི་གསུམ་ལྷག་གི་རོགས་རམ་བྱས་མྱོང་ཞིང་རང་གི་ལྟེ་ཁྲག་འཕོ་བའི་ཕ་ཡུལ་གྱི་དགོས་མཁོ་ལྟར་ཟམ་པ་ཆུང་ངུ་གསུམ་བསྐྲུན་མྱོང་ལ། དུས་ད་ལྟའང་རང་སྡེ་བའི་སྔགས་ཁང་གསར་བཞེངས་ཀྱི་སྐོར་ལ་དམངས་སྒོར་ཁྲི4ཁས་བླངས་ཡོད་པས། ངས་མུ་མཐུད་དུ་རང་གི་དཔེ་ཚོང་གི་ལས་ཀའི་ཁྲོད་ཀྱི་ཡོངས་སྒོ་ཡོད་ཚད་གཞན་ལ་རོགས་རམ་དུ་འབུལ་རྩིས་ཡོད། དེ་ལྟར་བྱས་པས་རང་གི་དཔེ་ཆར་བཟུང་བའི་ལྟ་ཚུལ་དེ་ཡང་ཅུང་རིན་ཐང་ཅན་ཞིག་རེད་བསམ་ཀི ཡང་ཁྱེད་ནས་ངས་གོང་དུ་གཞན་ལ་རོགས་རམ་བྱས་ཚུལ་བཤད་ན་ངའི་དཔེ་ཆ་བཙོང་བའི་ཚོང་ལས་དེ་རླུང་རྟ་རྒྱུགས་པར་འདོད་ནའང་། དེ་ནི་མིན་པར། དེ་རིང་ཡང་ང་དབྱར་རྩྭ་བསྐོ་རུ་སོང་ནས་ཐོན་མ་ཐག་ཡིན་ལ། ཟི་ལིང་དུ་དཔེ་ཆ་གསར་བ་འགའ་ཐོན་ཡོད་ཟེར་བས། དེ་དག་བླུས་རྗེས་ཡང་བསྐྱར་དབྱར་རྩྭ་བསྐོ་རུ་འགྲོ་དགོས། དེ་ལྟར་མ་བྱས་པས། ངས་གོང་གསལ་ཁས་བླངས་ཡོད་པའི་ཞལ་འདེབས་དག་སྤྲོད་ཐབས་མི་འདུག(ཁོ་དགོད་བཞིན་ནག་རག་ཆགས་པའི་ལག་པ་དེ་གསར་འགོད་པར་སྟོན་གིན་དབྱར་རྩྭ་བརྐོས་ན་དངོས་ནས་སྡུག་ལྗིད་ཀ་ཟེར)
གསར་འགོད་པ། ངོ་མ་རྒན་ལགས་ཀྱི་བླ་ན་མེད་པའི་བསམ་བློ་འདིས་ཁོ་བོ་ཀུན་ཏུ་གཡོས་བྱུང་། ཁྱེད་རང་གི་ལས་ཀ་འདི་དེ་ལྟའི་རླབས་ཆེ་བ་ཞིག་ཡིན་པ་སུས་ཀྱང་ཤེས་མི་སྲིད་པས། ངས་ཆེད་དུ་མི་མང་པོ་ཞིག་གི་ཚབ་བྱས་ནས་ཁྱེད་ལ“རྒན་ལགས་ཀྱིས་འོ་བརྒྱལ་མྱང་སོང་། ”ཞེས་ལྷག་བསམ་ཟོལ་མེད་སྒོས་བཀའ་དྲིན་ཞུ་རྒྱུ་ཡིན་ལ། མཇུག་ཏུ་ཁྱེད་རང་གི་དཔེ་ཚོང་ལས་གཉེར་བའི་ལོ་ངོ་འདི་དག་གི་རིང་ལ་བོད་ཡིག་གི་དཔེ་དེབ་རྣམས་ལས་གང་ཞིག་རྒྱུག་ཆེ་བ་དང་རིག་ཚན་གང་ཞིག་ལ་སྤྱི་ཚོགས་ཀྱིས་དགའ་བསུ་འཐོབ་ཀྱིན་པའི་སྐོར་ལ་སྐད་ཆ་རེ་བཤད་ན།
སྐལ་བཟང་ཉི་མ། རེད། སྔོན་ཆད་ཡིན་ན་དཔེ་ཆ་གང་བཟང་ལ་བལྟས་པ་མེད་པར་ཐོན་མ་ཐག་ཉོ་མཁན་མང་པོ་ཡོད། དེ་ཡང་དཔེ་ཆར་དགའ་བའི་རྐྱེན་གྱིས་ཉོ་བ་ཤ་སྟག་ཅིག་ཏུ་བལྟ་མི་རུང་བ་ནི་དེ་དུས་བོད་ཡིག་གི་དཔེ་ཆ་མང་པོ་མེད་པའི་རྒྱུ་རྐྱེན་གྱིས་རེད་ལ། ལྷག་ཏུ་དཔེ་ཆའི་རིན་གོང་དེ་ཟུར་འགའ་རེ་ཡིན་པས་རེད་སྙམ། དེ་བཞིན་དུས་རབས་གསར་བའི་འཕེལ་ཚུལ་གྱི་གོམ་འགྲོས་དང་བསྟུན་དཔེ་ཆའི་སྤུས་ཀ་དང་རིན་གོང་སོགས་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་བྱུང་བ་དེས་མི་རྣམས་ཀྱི་དཔེ་ཀློག་གི་འཚོ་བ་དེ་ཡང་ངོ་བོ་གཞན་ཞིག་ཏུ་འཕོས་སུ་བཅུག་པ་ནི་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བའི་སྨད་དུ་སྒེར་དེབ་པར་བའི་ཚ་རླབས་ཤིག་འཕྱུར་ཅིང་། རང་མོས་སྙན་ངག་གཙོས་རྩོམ་རིག་གི་སྒེར་དེབ་མང་པོ་ཞིག་བྱུང་མྱོང་ཡོད། དེ་བཞིན་དུས་རབས་ཉེར་གཅིག་པའི་དབུ་ཚུགས་མ་ཐག་ནས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གཙོས་དཔེ་སྐྲུན་ཁང་མང་པོ་ཞིག་གིས་དུས་རབས་གསར་བའི་དཔེ་ཚོགས་མང་པོ་ཞིག་པར་བསྐྲུན་བྱས་པ་དང་བོད་ཀྱི་ན་གཞོན་ཤེས་ཡོན་ཅན་མང་པོ་ཞིག་གི་བརྩམས་ཆོས་པར་བསྐྲུན་བྱས་པ་དེས་ད་གཟོད་བོད་ཡིག་གི་དཔེ་ཆའི་རྒྱུགས་ཚད་ཚ་ཚ་འུར་འུར་གྱི་གནས་སུ་བརྫངས་ཤིང་། དཔེ་དེབ་ཀྱི་བཟང་ངན་དེ་བྲིན་ཚད་ཀྱིས་ཐག་བཅག་ཆོག་པའི་དུས་སྐབས་དེ་འདྲ་ཞིག་ལ་ཐོན་སོང་མོད། ཡང་དེ་རིང་ནང་ཁར་མཚོན་ན་གཙོ་བོ་དྲ་བ་སོགས་སུ་དྲིལ་སྒྲོག་གི་ཤུགས་ཚད་ཆེ་མིན་དང་། རྩོམ་པོ་པོའི་མིང་གྲགས་ཆེ་ཆུང་ལྟར་དཔེ་ཆ་ཉོ་བའི་སྐབས་ཤིག་ཏུ་ལྷགས་ནས་ཡོད་པས་སྣང་ཚུལ་འདི་ལྟ་བུ་ཞིག་རེད་ཅེས་ཁ་ཚོན་གཅོད་དཀའ། ཡིན་ན་ཡང་ལོ་ངོ་འདི་དག་གི་རིང་ལ་ཉམས་པ་མེད་པར་རྒྱུགས་ཆེ་བའི་དེབ་དག་ནི་བློ་གསལ་འཇུག་ངོགས དང་ཐོན་མིའི་ཞལ་ལུང་སོགས་ཡིན་ལ། དེ་ཡང་གཙོ་བོ་རོང་བོ་དགོན་པ་ས་འདི་གར་ཡོད་པས་རྐྱེན་གྱིས་རེད་འདོད་ལ། སྤྱིའི་ཆ་ནས་དཔེ་ཆ་ཉོ་མཁན་མང་ཤོས་ཀྱང་གྲྭ་བཙུན་གྱི་རིགས་སུ་གཏོགས་ནས་འདུག་གོ །
གསར་འགོད་པ། རྒན་ལགས་ཀྱི་གསུངས་ཚིག་དག་ལ་དངོས་ནས་རིན་ཐང་ཆེན་པོ་འདུག ཁྱེད་རང་ལ་ལས་ཀ་མང་པོ་ཞིག་ཡོད་སྲིད་པས། ད་དལ་འགོར་མི་བྱེད། ངའི་བཅར་འདྲི་ཡང་མཚམས་འདི་ནས་མཇུག་རྫོགས་པར་བྱ། རྒན་ལགས་ཀྱིས་བཅར་འདྲི་དང་ལེན་བྱས་པར་བཀའ་དྲིན་ཆེ་ཞུ།
སྐལ་བཟང་ཉི་མ། བཀྲ་ཤིས་བདེ་ལེགས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com