རང་གྲོལ་ཞིབ་འཇུག་པ་དགུ་རོང་སྤུན་གྲོལ་ལགས་ལ་ཐད་འདྲི་བྱས་པ།

རྩོམ་པ་པོ།:lhagon123 ཡོང་ཁུངས།:མཚོ་སྔོན་པོ་ཟིན་བྲིས། དུས་ཚོད།:2011-04-25 10:15:00 ཀློག་གྲངས།:

དྲི་བ་གཏོང་མཁན། ལྷ་འགྲོན་བུ་མགོན་པོ། (པེ་ཅིན)
གདན་ཞུའི་སྐུ་མགྲོན། དགུ་རོང་སྤུན་གྲོལ། (ཟི་ལིང་།)
ལྷ་འགྲོན་བུ་མགོན་པོ།  སྐུ་ཞབས་སྤུན་གྲོལ་ལགས་བདེ་མོ་ཡིན་ནམ།
སྤུན་གྲོལ། བདེ་མོ་ཡིན།  ལྷ་འགྲོན་བུ་མགོན་པོ་ཁྱེད་རང་བདེ་མོ་ཡིན་ནམ།
ལྷ་འགྲོན་བུ་མགོན་པོ།  ང་བདེ་མོ་ཡིན།  དེ་རིང་ཁྱེད་ཀྱིས་ངའི་བཅར་འདྲི་འདི་དང་ལེན་བྱས་པ་ལ་བཀའ་དྲིན་ཆེ།
སྤུན་གྲོལ།  དེ་མི་སྐྱོན་ཏེ། འདི་ནི་འུ་ཅག་ཐུན་མོང་གི་འོས་འགན་ཞིག་རེད་སེམས།
ལྷ་འགྲོན་བུ་མགོན་པོ།  དྲི་བ་དངོས་གཞིའི་འགོ་མ་བརྩམས་སྔོན་ལ་དགོས་དབང་གིས་ཁྱེད་ཀྱིས་རང་ཉིད་སྟབས་བདེ་ངང་འཚམས་སྦྱོར་ཞིག་བྱེད་རོགས།
སྤུན་གྲོལ། རེད་ལགས།  ངའི་སྐྱེས་མིང་ལ་འཕགས་པ་ལྷ་དང་གྲྭ་མིང་ལ་བློ་བཟང་ཆོས་རྒྱལ། སྨྱུག་མིང་ལ་དགུ་རོང་སྤུན་གྲོལ་ཟེར་བ་ཡིན་ལ།  སློབ་ཆུང་ལོ་རིམ་གསུམ་པ་ལས་བརྒལ་མ་མྱོང་བའི་དེང་རབས་གྲྭ་བ་ཞིག་ཡིན།  ད་ལྟ་གནའ་མཁར་ཟི་ལིང་དུ་རང་གྲོལ་ཞིབ་འཇུག་ལས་སྒྲུབ་ཁང་གི་གཙོ་སྒྲུབ་ཀྱི་འགན་ཁུར་གྱིན་ཡོད་ལ།  ཆེད་ལས་རང་གྲོལ་ཞིབ་འཇུག་དང་དབྱིན་བོད་ཡིག་སྒྱུར་ཡིན།  རང་ཉིད་ཀྱིས་ངོམ་ཆོག་པའི་ཤེས་རབ་ཀྱི་གྲུབ་འབྲས་ནི་ཙོང་ཁ་པའི་གདན་ས་ཆེན་མོ་རུ་བྱང་ཆུབ་ལམ་རིམ་ཆེན་མོ་བློར་རྒྱུགས་ཕུལ་ཏེ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་སྔར་མེད་ཀྱི་ཟིན་ཐོ་སྐྲུན་པ་དེ་དང་།  ལོ་གཉིས་ཀྱི་རིང་གྲྭ་ཚང་གི་ལས་ཀའི་ཞོར་དུ་ནངས་དགུང་ལ་དབྱིན་ཡིག་སྤྱངས་པ་བྱས་རྗེས།  རང་ཉིད་ཀྱིས་རང་སྦྱོང་ལ་བརྟེན་ཏེ་ད་ལྟ་གཞུང་ལུགས་སྐོར་གྱི་དཔེ་དེབ་བོད་སྒྱུར་བྱེད་ཐུབ་པ་དེ་ནི་ང་རང་ཉིད་ཀྱིས་ངོམ་སོ་བྱེད་ཆོག་པའི་ངའི་ཤེས་རབ་ཀྱི་གྲུབ་འབྲས་ཤིག་ཡིན་པར་འདོད། 
ལྷ་འགྲོན་བུ་མགོན་པོ།   རེད་ལགས། དེ་ན་གཤམ་ནས་ངེད་གཉིས་ཀྱིས་དངོས་གཞིའི་དྲི་བ་སྐོར་ནས་ཁ་བརྡ་རེ་བྱེད།  ཁྱེད་ཀྱིས་སྐུ་ཞབས་རང་གྲོལ་ལ་ཞིབ་འཇུག་བྱེད་པའི་ལས་ཀ་འདི་དུས་ནམ་ཞིག་ནས་འགོ་བརྩམས་པ་ཡིན།
སྤུན་གྲོལ།   2008ལོའི་ཟླ་9པ་ནས་རང་གྲོལ་ཞིབ་འཇུག་ལས་སྒྲུབ་ཁང་དབུ་ཚུགས་ཏེ་ཆེད་དུ་སྐུ་ཞབས་རང་གྲོལ་གྱི་བསམ་བློ་དང་མི་ཚེ། རྩོམ་རིག་ལ་ཞིབ་འཇུག་བྱེད་པའི་ལས་ཀ་གཉེར།  ཞིབ་འཇུག་གི་འབྲུས་བུ་གཙོ་བོ་དེབ་ཀྱི་སྟེང་ནས་མངོན་དགོས་སྟབས། 2010 ལོར《རང་གྲོལ་ཞིབ་འཇུག》འདོན་ཐེངས་དང་པོ་པར་བསྐྲུན་བྱས་ཏེ་ལོ་རེར་རང་གྲོལ་ཞིབ་འཇུག་གི་དེབ་རེ་པར་དུ་བསྐྲུན་པའི་ལས་སུ་གཞོལ་གྱིན་ཡོད།  མི་འགྱངས་པར《རང་གྲོལ་ཞིབ་འཇུག》 འདོན་ཐེངས་གཉིས་པ་དང་།  《རྒྱལ་ཕྱིའི་རང་གྲོལ་ཞིབ་འཇུག》འདོན་ཐེངས་དང་པོ་སྔ་ཕྱི་ལྟར་ཀློག་པ་པོའི་མིག་ལམ་དུ་མངོན་ལ་ཉེ་གྲབས་ཡོད།
ལྷ་འགྲོན་བུ་མགོན་པོ། ཐོག་མར་མི་སྣ་ཞིབ་འཇུག་པ་ཞིག་གི་དྲངས་ཐད་ནས་གླེང་ན། ང་ཚོས་མིག་དབང་ག་འདྲ་ཞིག་གིས་ཞིབ་འཇུག་གི་ལས་ཀ་དེ་གཉེར་དགོས་གིན་འདུག
སྤུན་གྲོལ། སྤྱིར་ཞིབ་འཇུག་ཅེས་པ་ནི་རྒྱུ་ཆ་འཐུས་ཚང་དུ་འཛོམས་ཚེ་ད་གཟོད་ཞིབ་ཏུ་འཇུག་ཐུབ་པས་ད་ལྟ་རང་གྲོལ་ཞིབ་འཇུག་གི་ལས་ཀ་འདི་རྒྱུ་ཆ་འཚོལ་བསྡུའི་ངོས་ན་ཡོད་པ་དང་།  དྲང་ལྡོག་གཉིས་ཀ་ནས་རྒྱུ་ཆ་འཚོལ་བསྡུ་བྱས་ཏེ་རང་གྲོལ་ཞིབ་འཇུག་འདི་རིག་ཚན་ཞིག་གི་ངོ་བོར་འགྱུར་སླད་རེ་བ་མཐོ་ས་དང་ལས་ཀ་ཆུང་ས་ནས་མགོ་འཛུགས་ཀྱིན་ཡོད།  དེར་བརྟེན་མཐའ་གཉིས་སུ་མ་ལྷུང་བའི་ངང་ནས་བོད་མིའི་སེམས་ནང་གི་མི་རབས་གསར་བའི་དར་ཆ་སྟེ་སྐུ་ཞབས་རང་གྲོལ་འཚོལ་རྒྱུ་ནི་ཐོག་མར་སེམས་དགོས་པའི་དམིགས་པ་རེད་འདོད།
ལྷ་འགྲོན་བུ་མགོནཔོ། སྐུ་ཞབས་རང་གྲོལ་ལ་མཚོན་ན་རང་གི་ཚེ་ཡུན་ཧ་ཅང་ཐུང་ཐུང་དེའི་ནང་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་དུ་དེང་རབས་རྩོམ་རིག་གི་ཕྱོགས་འདིར་མཛད་རྗེས་བསུབས་ཐབས་བྲལ་བ་ཞིག་བཞག་ཡོད་པར་ཀུན་གྱིས་ཁས་མི་ལེན་རང་ལེན་དུ་གྱུར་ཡོད་པ་རེད། ཁྱེད་ཀྱིས་བསམ་ན་སྐུ་ཞབས་ཁོང་གི་ང་ཚོ་བོད་ཀྱི་སྤྱི་ཚོགས་ལ་བཞག་པའི་ལག་རྗེས་གཙོ་བོ་དེ་ཕྱོགས་ག་ཚོད་ཅིག་ཏུ་བསྡུས་ཆོག་གི་འདོད་ཡོད།
སྤུན་གྲོལ།  རང་གྲོལ་ནི་དུས་རབས་ཤིག་ཏུ་གྱུར་ཡོད་པས་ཁོང་གི་མཛད་རྗེས་དེ་གྲུབ་ཐོབ་ཀྱི་ཕྱག་གིས་གཟུང་ཐུབ་པ་དེ་འདྲ་ཞིག་མིན་ཚོད་གདའ།  དེ་འདྲ་སོང་ཙང་། ཁོ་བོས་དེ་ཡིན་ལ་གན་མ་རེད་ཅེས་པའི་སྡོམ་ཚིག་དགོད་པར་དཀའ་ལས་ཁེགས་པོ་རེད་མོད། འོན་ཀྱང་རང་གྲོལ་ཞིབ་འཇུག་གི་གཙོ་སྒྲིག་པ་ཞིག་གི་ངོས་ནས་བཤད་ན།  ཁོང་གི་མཛད་རྗེས་དེ་ཕྱོགས་གཉིས་སུ་དགར་ན་འཐུས་པར་སེམས་ཏེ།  དང་པོ་ནི།  དེང་རབས་རྩོམ་རིག་གི་ལམ་ཁ་གསར་དུ་ཕྱེས་ཡོད་པ་དེའི་སྟེང་ན་ཡོད་པ་དང་།  གཉིས་པ་ནི།  བོད་བཙན་པོའི་ལོ་རྒྱུས་ལ་ཕྱིར་རྟོག་དང་ཐུ་བྷོད་རྒྱལ་རབས་ཀྱི་ལོ་རྒྱུས་སྒྱུར་རྩོམ་གྱི་སྟེང་ན་འདུག
ལྷ་འགྲོན་བུ་མགོན་པོ།  སྐུ་ཞབས་ཁོང་ཉིད་ནི་སྐད་ཆ་དྲང་མོར་ལབ་ན་ང་ཚོའི་གུ་དོག་པའི་རིག་གནས་ཁོར་ཡུག་དེས་རང་ཤི་རྒྱག་ཏུ་བཅུག་པ་རེད་པར་ཁོ་བོས་འདོད་ལ། ཁོང་རང་ཤི་བརྒྱབ་པར་དེང་སང་སྐད་ཆ་ཡང་འདྲ་མི་འདྲ་མང་པོ་ཞིག་ལབ་ཀྱིན་ཡོད་ཚོད་རེད། དེའི་སྐོར་ནས་རང་གི་བསམ་ཚུལ་ག་འདྲ་ཡིན།
སྤུ་གྲོལ།   སྐད་ཆ་སླ་མོ་ཞིག་བཤད་ན།  འུ་ཚོའི་རིག་གནས་ཀྱིས་ཁོང་བཙན་གྱིས་འཆི་ལམ་དུ་དེད་པ་རེད་འདོད། ཞིབ་ཏུ་རང་གྲོལ་ཞིབ་འཇུག་འདོན་ཐེངས་གཉིས་པར་གསལ།
ལྷ་འགྲོན་བུ་མགོན་པོ། སྐུ་ཞབས་ཁོང་ཉིད་བསམ་བློ་བ་ཡིན་མིན་དང་བློ་འབྱེད་མཁན་ཡིན་མིན་གྱི་ཐད་ནས་ཀྱང་ལྟ་ཚུལ་འདྲ་མིན་ཡོང་གིན་ཡོད་པ་རེད། དེ་ལ་ཁྱེད་ཀྱི་བསམ་ཚུག་ཅི་འདྲ་ཡིན་ལགས།
སྤུན་གྲོལ།  རེད་ལགས།  ཁོང་བསམ་བློ་པ་ཡིན་མིན་དང་བློ་འབྱོད་བསམ་བློ་པ་ཡིན་མིན་གྱི་ལབ་གླེང་ཤུགས་ཆེན་པོ་ཡོད་པ་རེད་ལ།  ལྷག་ཏུ་ཧོལ་རྒྱུགས་ལ་སྤྲོ་བའི་འུ་ཚང་གི་གཞོན་སྐྱེས་པ་མང་པོ་ཞིག་གིས།  ཚེ་ལོ་མཐར་ཕྱིན་པའི་ནུབ་གླིང་གི་བསམ་བློ་པ་དང་བློ་འབྱེད་བསམ་བློ་པའི་ཚད་ཤིང་བསྣམས་ཏེ་མི་ལོ་སོ་གཉིས་ལས་མ་བཞུགས་པའི་སྐུ་ཞབས་རང་གྲོལ་ལ་ཚད་གཞལ་ནས།  ཅི་ཞིག་ཤེས་མདོག་གི་རྟུལ་ཞུགས་ལྷུར་བླངས་ཡོད་པ་རེད།  སྤྱིར་བསམ་བློ་པ་ཡིན་མིན་དེ་བསམ་གཞིག་གཏོང་མཁས་མིན་གྱི་སྟེང་ནས་འཇོག་ནི་མ་རེད་པས། འུ་ཚོའི་རིགས་པ་འདི་གཙང་རགས་ཀྱི་རྣམ་པ་ལས་འགོངས་ནས་ཞིབ་ཚགས་སུ་འགྱུར་དགོས་པ་འདྲ། གང་ཡིན་ཞེ་ན།  བསམ་བློ་པ་ཡིན་ཚེ་མཚན་ཉིད་རིག་པའི་བསམ་བློའི་མ་ལག་ཅིག་འཛིན་པ་ཡུལ་ལ་འཇུག་པའི་ཤེས་པའི་བདག་ཉིད་དུ་གྲུབ་དགོས་པས། བོད་ན་ཙོང་ཁ་པ་མ་གཏོགས་བསམ་བློ་པ་མེད་པར་ཁོ་བོས་ལབ་པ་ཡིན།  བློ་འབྱེད་བསམ་བློ་པ་ཡིན་མིན་དེ་ཆབ་སྲིད་མཚན་ཉིད་རིག་པའི་ཁྱབ་ཁོངས་ནས་གཞལ་དགོས།  གང་ཡིན་ཞེ་ན། བྱེ་བྲག་གི་བློ་འབྱེད་ཅེས་པ་ནི་ཆབ་སྲིད་མཚན་ཉིད་རིག་པའི་བརྡ་སྐད་ཅིག་རེད་པས་སོ།།  དེས་ན་བློ་འབྱེད་ཅེས་པའི་དོན་ཅི་ཡིན་ཟེར་ན།   སྤྱིར་བློ་འབྱེད་ཀྱི་དབྱིན་ཡིག་བརྡ་སྐད་ནི(enlightenment)ཞེས་པ་རེད། དེའི་ཕྱི་མོའི་དོན་ནི་ཤེས་རྒྱ་ཡངས་པ་དང་གསལ་སྣང་། མུན་སེལ།  རྨོངས་གྲོལ། སངས་རྒྱས་ཀྱི་གོ་འཕང་ཞེས་པའི་དོན་དུ་མར་འཇུག  བློ་འབྱེད་འདི་ལ་ཡང་ད་དུང་ཆོས་ཀྱི་བློ་འབྱེད་དང་སྲིད་པའི་བློ་འབྱེད་ཅེས་རབ་དབྱེ་དུ་མ་ཡོད་པ་རེད་ལ། སྲིད་པའི་བློ་འབྱེད་འདི་བརྒྱ་ལོ་18 པ་ནས་བཟུང་མི་རིགས་དང་སྤྱི་དམངས་ལ་འགན་ཁུར་བའི་ལྟ་གྲུབ་ཀྱི་སྟེང་ནས་སྲིད་པའི་འཇིག་རྟེན་འདིར་བྱོན་པ་རེད་འདུག  སྲིད་པའི་བློ་འབྱེད་འདིས་ཉོན་མོངས་ཀྱིས་བསྒྲིབས་པའི་སེམས་པ་འདི་གཙོ་དམིགས་སུ་མི་འཛིན་པར་བདག་ཉིད་མི་ཞིག་ཡིན་པའི་རྩིས་ཐང་ལ་དང་དོད་ཆེན་པོ་བྱེད་པ་རེད། བདག་ཉིད་མི་ཞིག་ཡིན་པའི་རྩིས་ཐང་འདི།  རྗེ་བོ་ལམ་ལུགས་ནས་རྒྱལ་པོ་ལམ་ལུགས་བར་དང་།  རྒྱལ་པོ་ལམ་ལུགས་ནས་སྐུ་དྲག་ལམ་ལུགས་བར་དུ་བྲན་གཡོག་གི་རང་གཤིས་གྲུབ་ནས་རྩིས་ཐང་གི་གདགས་གཞི་བོར་ནས་ཡོད་པ་རེད།  བརྒྱ་ལོ18པ་ནས་བཟུང་མི་ཉུང་ཤོས་ཀྱིས་བསླངས་པའི《བློ་འབྱེད་ལས་འགུལ་ལམ་ཡང་ན་དཔྱོད་ཤེས་དང་ཚན་རིག་གི་སྙིང་སྟོབས》དེ་དར་ཁྱབ་ཏུ་གྱུར་པ་ནས་བཟུང་རྩིས་ཐང་ཞེས་པ་འདི་རིན་བྲལ་ཞིག་ཏུ་ངོ་ཤེས་པ་རེད།  ཡོ་རོབ་གླིང་གི་སྐྱེས་བུ་ཆེན་པོ་སྐོར་ཞིག་ཀྱང་རྩིས་ཐང་གི་ཆེད་དང་།  སྤྱི་དམངས་ཀྱི་ཆེད།  གན་ཆིངས་ཀྱི་ཆེད་དུ་སྙིང་སྟོབས་ཆེན་པོས་མདུན་དུ་བསྐྱོད་པ་ནི་ལོ་རྒྱུས་ཀྱི་ཕྲེང་རབས་དག་ན་ཤིན་ཏུ་གསལ་བས་འདིར་བསྐྱར་ཟློས་མི་བྱེད།   འོན་ཀྱང་བསམ་བློ་པ་ཞེས་ནི་གཙོ་བོ་མཚན་ཉིད་རིག་པའི་བསམ་བློའི་མ་ལག་དང་དེས་གསར་གཏོད་བྱས་པའི་གཞུང་ལུགས་ཀྱི་ངོས་ནས་བཞག་དང་འཇོག་གིན་ཡོད་པ་རེད།  བློ་འབྱེད་བསམ་བློ་པ་ཞེས་པ་ནི་གཙོ་བོ་མི་རིགས་དང་སྤྱི་དམངས་ལ་འགན་ཁུར་བའི་ངོས་ནས་དང་།  སྲིད་གཞུང་དང་སྤྱི་དམངས་བར་གྱི་གན་ཆིངས་ལྟ་བུའི་ངོས་ནས་དང་།  གཟུང་བྱའི་ཡུལ་ལ་དཔྱོད་ཤེས་ཀྱིས་འཇུག་ལྡོག་བྱེད་པའི་ངོས་ནས་འཇོག་གིན་ཡོད་པ་རེད།  
          དེས་ན་འུ་གཉིས་ཀྱི་གླེང་གཞི་གཙོ་བོ་སྐུ་ཞབས་རང་གྲོལ་བློ་འབྱེད་བསམ་བློ་པ་ཡིན་མིན་དེ་ཡིན་སྟབས།  དེའི་ཐད་ནས་གླེང་དགོས་པ་རེད།  ང་བརྒྱད་ལོའི་བསྒྱུར་བཀོད་ཀྱི་གཞུག་ཏུ་རང་ཅག་མི་རིགས་དང་སྤྱི་དམངས་ལ་འགན་ཁུར་བའི་འདུ་ཤེས་ཐོག་མར་སད་མཁན་དེ་སྐུ་ཞབས་རང་གྲོལ་ལགས་རེད་ལ།  འདུ་ཤེས་དེ་སད་པའི་སྟོབས་ཀྱིས་འཆིང་སྒྲོག་གི་མདུད་རྒྱ་དགྲོལ་བྱེད་ཀྱི་དཔྱོད་ཤེས་ཀྱི་རྣོ་གྲི་དེ་ཁོང་གི་ཕྱག་ཏུ་བསྣམས་ཤིང་།   དམངས་བྱིངས་ཀྱི་འདུ་ཤེས་སམ་གོ་རྟོགས་སད་སླད་སྔོན་སྐྱོད་པའི་ལམ་དུ་ཞུགས་པ་རེད།  
          གཅིག་ནས་ཁོང་གིས《སྤྲུལ་སྐུ》བརྩམས་ཏེ་སྤྲུལ་སྐུ་ཚོ་ལ་དགག་དགོས་དོན་ཡང་མདོར་དྲིལ་ན་སྤྲུལ་སྐུ་ཚོས་ང་ནི་མཐར་ཐུག་གི་ཚད་མའོ་ཞེས་སྙམ་ནས་ཉྭ་ལྷེམ་ལྷེམ་དང་མགོ་སྒུར་བྱེད་པའི་བོད་ཀྱི་དམངས་བྱིངས་ཀྱི་གཙུག་པའི་དོར་དུ་བཞེངས་ཏེ།  ནམ་ཡང་འདྲ་མཉམ་དང་རྩིས་ཐང་ཞིག་འོང་ས་མི་འགྲོ་བས།  བོད་ཀྱི་བསམ་བློ་སྒེར་གཅོད་ཀྱི་མགོ་ཁུངས་གཏོར་དགོས་པའི་འདུན་པ་སྐྱེས་ནས་བསམ་བློ་སྒེར་གཅོད་ལ་ཚ་འདྲི་དང་ཕོག་ཐུག་བཏང་བ་རེད།  
          གཉིས་ནས།《ལང་ཚོའི་རྦབ་ཆུ》བརྩམས་ཏེ་གྱེན་ལོག་དང་རྒོལ་ལན་གྱི་འཕྲེད་དར་ཕྱར་བ་རེད།  གསུམ་ནས།  《དྲི་བཞོན་གྱི་བུ་མོ》བརྩམས་ཏེ་མི་བུ་སྒེར་གྱི་རང་དབང་རྒྱང་འབོད་བྱས་པ་དང་།  བཞི་ནས།  མི་རིགས་དང་སྤྱི་དམངས་ལ་འགན་ཁུར་བའི་འདུ་ཤེས་ཡོངས་སུ་སད་དེ་འདུ་ཤེས་དེས་སྡོད་དུ་མ་བཅུག་པར་རང་གི་གཅེས་པའི་སྲོག་ཀྱང་བློས་གཏོང་བྱས་པ་བཅས་ལ་དཔྱད་ན་ཁོང་ནི་ངེས་པ་དོན་གྱི་བློ་འབྱེད་བསམ་བློ་པ་ཞིག་ཡིན་པའི་གདེང་རྙེད་ཐུབ།  འདི་ནི་ང་རང་ཉིད་ཀྱི་ལྟ་ཚུལ་ཡིན་ལགས།
ལྷ་འགྲོན་བུ་མགོན་པོ། ཉེ་བའི་ལོ་འདི་དག་ལ་ཁྱེད་ཀྱིས་སྐུ་ཞབས་རང་གྲོལ་ལ་ཞིབ་འཇུག་གནང་བའི་ལས་ཀ་འདི་དོན་དུ་གཉེར་གྱིན་པ་རེད། ཁོ་བོས་བསམ་ན་ཁྱེད་ཀྱིས་འདིའི་ཐད་ནས་གྲུབ་འབྲས་ཀྱང་བླངས་ཡོད་པར་ཡིད་ཆེས་བྱེད་ཀྱིན་ཡོད། དེ་བས་ཞིབ་འཇུག་ཁྲོད་ཤེས་རྟོགས་བྱུང་བའི་གནས་ཚུལ་གསར་བའི་སྐོར་ནས་ཁ་བརྡ་རེ་བྱས་ན།
སྤུན་གྲོལ།  གྲུབ་འབྲས་ལབ་ན་དེ་འདྲ་ཞིག་ཏུ་ཟད་ཅིང་།  གཙོ་བོ་ད་ལྟའི་རང་གྲོལ་ཞིབ་འཇུག་འདི་རྒྱུ་འཚོལ་བསྡུའི་ངོས་ན་ཡོད་པས་རེད།  རང་གྲོལ་ཞིབ་འཇུག་ཁྲོད་ཤེས་རྟོགས་བྱུང་བའི་གནས་ཚུལ་གསར་བ་ཁག་ནི་མང་པོ་ཡོད་པ་རེད་མོད།  འོན་ཀྱང་སྲིད་དུས་ཀྱི་དབང་གིས་སྐོར་ཞིག་བཀའ་རྒྱ་མའི་ཚུལ་དུ་འཇོག་དགོས་བྱུང་བས་ཁྱེད་རང་དགོངས་པ་མ་ཚོམས་རོགས།  
          གཅིག་ནས་རང་གྲོལ་གྱི་འཁྲུངས་ལོ་དང་འདས་ལོ་གཉིས་ཐག་ཆོད་པའི་ངང་གསར་རྟོགས་བྱུང་ཡོད་པ་རེད།  ཁོང་གི་འཁྲུངས་ལོ་ནི1953ལོའི་རྒྱ་ཟླ5པའི་ཚེས15ཡིན་པ་དང་།  འདས་ལོ་ནི1985ལོའི་སྤྱི་ཟླ11པའི་ཚེས30ཉིན་ཡིན་པ་རེད།  གཉིས་ནས་རང་གྲོལ་གྱི་འདས་རྐྱེན་སོལ་དུག་ལ་ཁ་གཡར་ནས་ལོ་མང་འགོར་བའི་བར་མཚམས་སུ་གཞུང་ཕྱོགས་ཀྱིས་ཉར་ཚགས་བྱས་པའི་རང་གྲོལ་གྱི་ཡིག་ཚགས་དངོས་ལ་ལྟ་སྐབས་ཁོང་གི་ཁ་ཆེམས་ཡི་གེ་ཁག་གསུམ་ཡོད་པ་དག་དངོས་མཐོང་བྱུང་།  དེ་དག་ཐོན་ལ་ཉེ་བའི《རང་གྲོལ་ཞིབ་འཇུག》འདོན་ཐེངས་གཉིས་པའི་ནང་རྒྱ་བོད་ཤན་སྦྱར་གྱི་ལམ་ནས་སྣང་ལ་ཉེ་བས་དེ་དུས་གསལ་བོ་ཤེས་ཐུབ།  
          གཉིས་ནས།   རང་གྲོལ་གྱི་བརྩམས་སྒྲུང་དག་ཁོང་གི་མི་ཚེའི་མྱོང་བརྒྱུད་ཅིག་ཡིན་པའི་ཚོར་བ་བྱུང་སྟེ་དེའི་སྐོར་ནས་འཚོལ་ཞིབ་བྱས་པས་དེ་འདྲ་ཞིག་ཡིན་པའི་རྒྱུ་ཆ་རག་ཡོད་པ་དང་།  ལྷུག་རྩོམ་དག་ནི་ཁོང་གི་མི་ཚེའི་བཞུད་ལམ་ཁྲོད་ཀྱི་རེག་ཟིག་དང་འདྲ་བས། མཚན་ཉིད་ལྷུག་རྩོམ《དྲི་བཞོན་གྱི་བུ་མོ》ཁོང་གི་མི་ཚེའི་བཞུད་ལམ་དང་སྦྱར་ནས་ལོ་ངོ་ཉེར་དྲུག་རིང་ལ་གཏེར་མཛོད་དུ་སྦས་པའི་བརྗོད་དོན་གཙོ་ཤོས་ཁག་ཁོལ་དུ་ཕྱུང་ཡོད།
          གསུམ་ནས་རང་གྲོལ་གྱི་ཅ་དངོས་སྐོར་ཞིག་དང་འདྲ་པར་གསར་ཤོས་སྐོར་ལག་སོན་བྱུང་ཡོད། དེ་དག་༢༠༡༣ ལོར་ཧྥ་རན་སའི་རྒྱལ་སར་འཚོགས་འཆར་ཡོད་པའི《རང་གྲོལ་གྱི་འཛུམ་བག》ཅེས་པའི་གློག་བརྙན་འགྲེམ་སྟོན་སྐབས་སྟོན་རྒྱུ་ཡིན། 
ལྷ་འགྲོན་བུ་མགོན་པོ། ད་དུང་དྲི་བ་ཞིག་ཡོད་པ་ནི་ཁྱེད་ཀྱི་བསམ་ན་དེང་གི་རིག་གནས་སྣ་མང་མཐུན་སྦྱོར་དང་ཕན་ཚུན་ཁྱུར་མིད་གཏོང་བའི་དུས་གླགས་འདིར་ང་ཚོས་སྐུ་ཞབས་ཁོང་རང་ཉིད་ལ་མངའ་བའི་རིག་གནས་སྙིང་སྟོབས་གང་ཞིག་ད་དུང་མུ་མཐུད་བརྒྱུད་འཛིན་དང་དར་སྤེལ་གཏོང་འོས་པར་འདོད།
སྤུན་གྲོལ།   ཏག་ཏག་འུ་ཚོ་རྒུད་པ་ནས་རྒུད་པར་ཕྱོགས་པའི་བར་གླགས་འདིར་སྐུ་ཞབས་རང་གྲོལ་ལགས་ཀྱི་རིག་གནས་གསར་འཛུགས་ཀྱི་སྙིང་སྟོབས་འདི་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཛིན་དང་དར་སྤེལ་གཏོང་འོས་པ་དང་རུང་བ་ཞིག་ཏུ་འདོད།  ལྷག་ཏུ་གཞོན་སྐྱེས་ཕྱི་རབས་པ་རྣམས་ཀྱིས་སྙིང་སྟོབས་དེ་ཉིད་ཀྱི་བཤེར་ཁུ་རང་ཉིད་ཀྱི་ཁྲག་རྒྱུན་དུ་ཞུགས་ཐུབ་པར་བརྩོན་ལེན་བྱེད་དགོས་སེམས།
ལྷ་འགྲོན་བུ་མགོན་པོ། དེ་རིང་དུས་ཚོད་ཀྱི་དབང་གིས་འུ་གཉིས་ཀྱི་གླེང་མོར་མཚམས་འདི་ནས་མི་འཇོག་ག་མེད་བྱུང་ཐལ།  ཡང་བསྐྱར་ཁྱེད་ལ་བཀའ་དྲིན་ཆེ་ཞུ་བ་དང་ཞོར་དུ་ཁྱེད་ཀྱི་ཞིབ་འཇུག་གི་ལས་དོན་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལེན་པར་ཁ་གཡང་འབོད།
སྤུན་གྲོལ།   ཁྱེད་ཀྱི་ཁ་གཡང་ལ་ཐུགས་རྗེ་ཆེ་ཞུ་བ་དང་མཉམ་དུ་ཁྱེད་རང་གི་སློབ་གཉེར་དོན་ལྡན་ཡོང་བའི་སྨོན་པ་འདེབས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།