བོད་སྐད་རླུང་འཕྲིན་སློབ་རའི་འགྱུར་ཁུགས་ལེ་ཚན་གྱིས་ཁྲི་ཀ་བཅའ་སྡོད་སློབ་གྲྭའི་གསར་འགོད་པར་བཅར་འདྲི་བྱས

རྩོམ་པ་པོ།:འབྲུག་ཐར་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-04-12 09:21:00 ཀློག་གྲངས།:

བཞི་བ། སྙན་མོ་གླུ་ཡི་འགྱུར་ཁུགས།  
            སྙན་མོ་གླུ་ཡི་འགྱུར་ཁུགས་ཀྱི་ལེ་ཚན་ནང་དུ་སློབ་རའི་སློབ་མ་སུ་དང་གང་གིས་སྙན་ཞིང་འཇེབས་པའི་དམངས་གླུ་དང་རྡུང་ལེན།  གླུ་དབྱངས། ཁ་ཤགས་ལ་སོགས་པ་ཐད་གཏོང་བྱེད་པའི་ལེ་ཚན་ཞིག་ཡིན་ལ། དཔེར་ན། གླུ་དབྱངས་ལེན་མཁན་གྱི་སློབ་མ་ཞིག་ལ་མཚོན་ནས་བཤད་ན་རམ་འདེགས་ཀྱི་སྒྲ་དབྱངས་མ་སྦྱར་བར་རྐྱང་ལེན་བྱེད་ཏུ་བཞག་ཅིང་།  གཞན་པའི་གླུ་དང་རྡུང་ལེན་བཤད་མ་དགོས།
ལྔ་བ། ལྗགས་རྩོམ་རོལ་མྱོང་།
            ལྗགས་རྩོམ་རོལ་མྱོང་གི་ལེ་ཚན་ནང་དུ་སློབ་གྲྭའི་དགེ་སློབ་གང་རུང་གིས་དུས་དེབ་དང་ཚགས་པར་ཐོག་བཀོད་ཟིན་པའི་བརྩམས་ཆོས་གང་རུང་ངམ་ཡང་ན་མ་བཀོད་པའི་བརྩམས་ཆོས་གང་རུང་ངོ་སྤྲོད་དང་བརྒྱུད་གྱེར་འདོན་བྱེད་པ་སྟེ། དཔེར་ན་རེབ་འདིའི་ལྗགས་རྩོམ་རོལ་མྱོང་གི་ལེ་ཚན་ནང་དུ་ལོ་རིམ་བརྒྱད་པའི་འཛིན་གྲྭ་ག་གེ་མོའི་སློབ་གྲོགས་དཔེ་ཞིག་འཇོག་རྒྱུ་ན་དོན་གྲུབ་ཀྱི་རྩོམ་ཡིག་ལང་ཚོའི་མཆོད་པ་ཟེར་བ་འདི་གྱེར་འདོན་བྱེད་རྒྱུ་ཡིན་ཞེས་སློབ་གྲོགས་དོན་གྲུབ་ལ་ཅུང་ཙམ་སྒྲོ་བཏགས་པའི་ཚུལ་གྱིས་བསྟོད་པ་ཅུང་ཙམ་བྱས་པའི་རྗེས་སུ་ཁོའི་རྩོམ་ཡིག་གྱེར་འདོན་བྱས་པ་རེད།
དྲུག་པ། ཤེས་བྱའི་སྐར་ཁུང་།
            ཤེས་བྱའི་སྐར་ཁུང་ཞེས་པའི་ལེ་ཚན་འདིའི་ནང་བྱེ་བྲག་གི་ནང་དོན་མང་པོ་ཡོད་པ་སྟེ། གཏམ་དཔེ་དང་གནའ་གཏམ། གབ་ཚིག བསླབ་ཚན་ཤེས་བྱ།  ཐ་སྙད་གསར་འགྲེལ།  ཡིག་སྒྱུར་ཤེས་བྱ་སོགས་བཀོད་སྒྲིག་བྱས་ཡོད།  འདིའི་ནང་དུ་དཔེར་ན་ཨ་ཁུ་སྤྱང་ཀི་དང་རི་བོང་ཟེར་བའི་གནའ་གཏམ་ཞིག་བཤད་པའི་དབང་དུ་བཏང་ན་དེའི་ནང་གི་ཨ་ཁུ་སྤྱང་ཀིའི་ཆ་བྱད་དང་བསྟུན་ནས་སྐད་གདངས་དྲག་ཞན་སོགས་ཀྱི་འགྱུར་ཁུགས་སྣ་ཚོགས་ཡོང་དུ་བཅུག་པ་དང་། ཕན་ཆད་ཀྱི་རི་བོང་གི་ཚུགས་ཀ་ལ་བལྟས་ནས་ཡང་ཉམ་ཆུང་སྟོབས་ཆུང་གི་སྐད་སྒྲ་དེ་ཡོང་དུ་འཇུག་པའི་སྣ་འཛོམས་རང་བཞིན་གྱི་ལེ་ཚན་ཞིག་ཡིན། 
བདུན་པ། བརྩེ་སེམས་འཕྲིན་གྱི་ཁ་བ།
             བརྩེ་སེམས་འཕྲིན་གྱི་ཁ་བ་ཞེས་པའི་ལེ་ཚན་ནང་དུ་སློབ་གྲོགས་ཕན་ཚུན་བར་རམ་ཡང་ན་ཕ་ཡུལ་ཕྱོགས་ཀྱི་རང་གི་ཤ་ཉེ་འབྲེལ་གང་རུང་ལ་བཀའ་དྲིན་ཞུ་བའམ་ལྷད་མེད་བརྩེ་སེམས་མཚོན་ཆེད་དུ་གླུ་གཞས་གང་རུང་གི་དྲིན་གཟོའི་ཚུལ་དུ་ལེགས་སྐྱེས་འབུལ་བ། གཞན་ད་དུང་དགེ་སློབ་ཕན་ཚུན་བར་བསམ་འཆར་བརྗེ་རེས་ཀྱི་ཚུལ་དུ་འཕྲིན་ཡིག་བྲིས་ཏེ་བརྒྱུད་གཏོང་བྱེད་པ་སོགས་བཀོད་སྒྲིག་བྱས་ཡོད་པ་སྟེ། དེ་ལ་ཡང་དཔེ་ཞིག་འཇོག་རྒྱུ་ན་བཀའ་དྲིན་བསམ་གྱིས་མི་ཁྱབ་པའི་རྒན་་་་་་་་་་་ལགས།  ཉིན་འདི་དག་གི་རིང་ལ་སློབ་མ་ང་ཚོའི་སྦྱང་འབྲས་ཡར་ཐོན་གྱི་ཆེད་ལ་དགེ་རྒན་ཁྱེད་ཀྱིས་ནངས་སྔ་དགོང་འཕྱི་བྱས་ནས་ད་ཐེངས་ཀྱི་ཟླ་རྒྱུགས་ནང་དུ་རྒྱུགས་འབྲས་ཀྱང་ཧ་ཅང་བཟང་བ་རེད།   དེ་བས་རྗེས་ཕྱོགས་མུ་མཐུད་དུ་བཟང་ཐོག་ལ་བཟང་དང་། ལྕགས་ཐོག་ལ་རྣོ་ཞིག་ལྡུག་རྒྱུ་སློབ་མ་ངའི་རེ་བ་ཉག་ཅིག་ཡིན། གཤམ་གྱི་གླུ་དབྱངས་སྙན་མོ་འདི་ངས་ཆེད་དུ་དེ་རིང་དགེ་རྒན་ཁྱེད་ལ་ལེགས་སྐྱེས་སུ་འབུལ་བ་ཡིན་ཞེས་འཕྲིན་ཡིག་བྲིས་པ་སྒྲོག་འདོན་བྱེད་པའི་ལེ་ཚན་ཞིག་ཡིན། 
མདོ་འཛིན་པ།  རེད་རེད། གོང་ནས་དགེ་རྒན་ཁྱེད་ཀྱིས་སློབ་ར་ནས་དེ་ལྟ་བུའི་རྒྱང་སྒྲོག་གི་ལས་གནས་ཤིག་བཙུགས་པའི་ཐོག་མའི་ཀུན་སློང་དང་དམིགས་ཡུལ་ཅི་ལྟ་བུ་ཞིག་གི་འོག་ནས་བཙུགས་པའི་སྐོར་ཁ་བརྡ་བྱས་པ་རེད། སྤྱིར་སློབ་རའི་བོད་སྐད་རྒྱང་སྒྲོག་འདིར་མཚོན་ན་ད་ལྟ་སློབ་ཆེན་རེ་གཉིས་ན་མ་གཏོགས་མེད་པ་རེད། དེ་ན་དགེ་རྒན་ཁྱེད་ཀྱིས་སློབ་རའི་རྒྱང་སྒྲོག་འདི་བཙུགས་ན་སློབ་སྦྱོང་གི་ཕན་ཆད་ནས་དགེ་མཚན་ག་འདྲ་རེ་བསྐྲུན་ཡོད་པའི་ཐད་ནས་ཁ་བརྡ་ཐུང་ཐུང་རེ་བྱས་ན།
སྐུ་མགྲོན། རེད།  དམའ་འབྲིང་རིམ་པའི་སློབ་གྲྭ་ཞིག་ནས་ཀྱང་འདི་ལྟ་བུའི་སློབ་རའི་རྒྱང་སྒྲོག་ཞིག་བཙུགས་ན་དགེ་མཚན་མང་པོ་ཞིག་ཡོད་དེ། ཆེ་ཕྱོགས་ནས་བཤད་ན་སློབ་འབྲིང་སློབ་གྲྭ་ཞིག་གི་འཚོ་བའི་ཟུར་ནས་ཀྱང་མི་རིགས་ཤིག་གི་སློབ་གསོ་ལ་བཅངས་པའི་སྟོབས་ཤུགས་རྣལ་མ་ཞིག་དང་། མི་རིགས་ཤིག་གི་འཕེལ་རྒྱས་ཀྱི་གཞི་རྐང་ལ་བརྩེ་བ་ལྷད་མེད་ཞིག་ཡོད་པའང་མཚོན་ཐུབ་ཅིང་།  ཆུང་ཕྱོགས་ནས་བཤད་ན་སློབ་རའི་རྒྱང་སྒྲོག་གི་དོན་ཚན་རེ་རེ་ལ་དགེ་མཚན་རེ་བཤད་རྒྱུ་ཡོད་ཅེས་བཤད་ན་ཡང་མི་ཆོག་རྒྱུ་མེད་བསམ། ཞོལ་ནས་དོན་ཚན་རེ་རེའི་ཐད་ནས་དགེ་མཚན་ཕྲན་ཙམ་རེ་བཤད་ན། འདི་ལྟ་སྟེ།
དང་པོ། གསར་འགྱུར་གནད་བསྡུས་ཀྱི་ལེ་ཚན་འདི་ལས་གསར་བྱུང་དོན་དག་ཐམས་ཅད་དུས་ཐོག་ཏུ་སློབ་མའི་རྒྱུད་ལ་བདེ་བླག་ཏུ་བརྒྱུད་སྤྲོད་བྱ་ཐུབ་པར་ཕན་པ་ཆེན་པོ་ཡོད།
གཉིས་པ།  རྩོམ་རིག་པད་མའི་གླིང་གའི་ལེ་ཚན་ནང་དུ་མིང་གྲགས་ཅན་གྱི་རྩོམ་པ་པོ་དཔེར་ན་དགེ་ཆོས། དོན་གྲུབ་རྒྱལ། འཇུ་སྐལ་བཟང་ལ་སོགས་པའི་བརྩམས་ཆོས་ངོ་སྤྲོད་དང་བརྒྱུད་ལྗགས་རྩོམ་གྱེར་འདོན་བྱས་ན་སློབ་མ་རྣམས་ཀྱིས་གཅིག་ཏུ་ན་རྩོམ་པ་པོའི་ཡོང་ཁུངས་གསལ་བོར་ཤེས་པ་དང་གཉིས་སུ་ན་སྙན་རྩོམ་གྱེར་འདོན་བྱེད་སྟངས་ཐད་ལ་སོགས་པ་ཡང་གོ་བ་དང་ཉམས་མྱོང་རགས་ཙམ་ཞིག་ལོན་པར་ཕན་ཐོགས་ཅུང་ཙམ་ཡོད་བསམ།
གསུམ་པ།  གཏམ་གླེང་གཞོན་ནུའི་ལྕགས་ཀྱུའི་ལེ་ཚན་ནང་དུ་སློབ་རའི་ནང་ཁུལ་གྱི་སློབ་སྦྱོང་། སྒྲིག་ལམ། གཙང་སྦྲ་སོགས་ཀྱི་ཐད་ནས་གླེང་མོ་བྱས་ན་སློབ་མའི་མི་གཞི་ལེགས་བཅོས་དང་ཀུན་སྤྱོད་ལེགས་བསྒྱུར། བཟང་ཕྱོགས་དང་ལེགས་ལམ་ལ་བསྒྱུར་བར་ཁ་ཕྱོགས་ངེས་ཅན་ཞིག་བསྟན་ཡོད་པའི་མི་ཚད་སློབ་མ་གཞན་རྣམས་ཀྱིས་ཀྱང་སློབ་རའི་ངན་སྤྱོད་ཀྱི་རིགས་ཐེར་འདོན་བྱེད་པར་ཁ་ཕྱོགས་ངེས་ཅན་ཞིག་བསྟན་པས། སློབ་རའི་སློབ་མ་ལ་ལས་ཆེད་དུ་སློབ་སྦྱོང་དང་། སྒྲིག་ལམ། གཙང་སྦྲ་སོགས་ཀྱི་ཐད་དུ་མི་ལེགས་པའི་སྐྱོན་བཙལ་ནས་གླེང་འདོད་ཀྱི་ཀུན་སློང་རྣམ་དག་སྐྱེས་ཏེ་སློབ་རའི་རྒྱང་སྒྲོག་གི་འགན་ཁུར་བ་རྣམས་ལ་འབྲེལ་གཏུག་བཅོས་ཏེ་གཏམ་གླེང་བྱེད་པར་རེ་བ་ཞུ་བཞིན་པ་ཡང་ཁ་སང་དེ་རིང་རེ་གཉིས་རིག་གི་འདུག
བཞི་བ། སྙན་མོ་གླུ་ཡི་འགྱུར་ཁུགས་ཀྱི་ལེ་ཚན་ནང་དུ་སློབ་རའི་སློབ་མ་སུ་ཡིན་ན་ཡང་དམངས་གླུ་དང་རྡུང་ལེན།  གླུ་དབྱངས། ཁ་ཤགས་ལ་སོགས་རྩེད་མོ་སྟོན་པའི་རང་དབང་གི་བར་སྟོང་ཞིག་བྱིན་ཚེ་སློབ་མ་སྤྱིའི་སྒྱུ་རྩལ་གྱི་ནུས་པ་སྐྱེད་སྲིང་དང་སྔོག་འདོན་གྱི་ཐད་ལ་ནུས་པ་གལ་ཆེན་ཐོན་པ་རེད། དེའི་མི་ཚད་འདི་དང་འདི་ལྟ་བུའི་རྩེད་མོ་སྟོན་འདོད་ཀྱི་སློབ་མ་ཚང་མས་ཀྱང་རང་རྟོགས་སྒོས་བརྩོན་ལེན་བྱེད་འདོད་ཀྱི་འདུན་པ་ཤུགས་དྲག་སྐྱེས་ནས་ཡང་རྒྱང་སྒྲོག་འགན་ཁུར་བར་རེ་བ་ཞུ་མཁན་ཡང་དུས་ད་ལྟ་ཇེ་མང་ནས་ཇེ་མང་རེད།
ལྔ་བ། ལྗགས་རྩོམ་རོལ་མྱོང་གི་ལེ་ཚན་འདིའི་ནང་སློབ་རའི་རྩོམ་པ་པོ་རྣམས་ངོ་སྤྲོད་ཐུང་ཐུང་རེ་བརྒྱབ། ཞོར་དུ་ཁོ་ཚོས་བྲིས་པའི་རྩོམ་ཡིག་དག་གྱེར་འདོན་བྱས་ན་སློབ་རའི་སློབ་མ་གཞན་རྣམས་ཀྱིས་ཀྱང་རྩོམ་ཡིག་འབྲི་བར་སྐུལ་སློང་བྱེད་ཐུབ་པའི་ཅོང་བརྡ་ལྟ་བུ་ཞིག་ཏུ་གྱུར་འདུག་ཞེས་བཤད་ན་ཡང་མི་ཆོག་རྒྱུ་མེད་གི་བསམ།  
དྲུག་པ། ཤེས་བྱའི་སྐར་ཁུང་ཞེས་པའི་ལེ་ཚན་འདིས་སློབ་མ་རྣམས་ལ་སྤྲོ་བ་སྣ་ཚོགས་ཤིག་སྟེར་ངེས་ཏེ། ལྷག་པར་དུ་གནའ་གཏམ་ལ་ཉན་རྒྱུར་དགའ་བ་ཚོས་གནའ་གཏམ་འཚོལ་སྡུད་བྱས་ནས་གནའ་གཏམ་བཤད་འདོད་ཀྱི་འདུན་པ་ཧ་ཅང་མཐོ་བ་དང་། དེ་དང་མཚུངས་སུ་གབ་ཚིག གཏམ་དཔེ། བསླབ་ཚན་ཤེས་བྱ་ལ་སོགས་པ་ལྟ་ཀློག་བྱེད་པའི་སྤྲོ་བ་ཡང་ཞ་ཞོར་ནས་བཅོས་མིན་དུ་སྟེར་ཞིང་།  དེའི་མཚུངས་སུ་ལྟ་རྒྱ་དང་མཐོང་རྒྱ་ཡང་རིམ་བཞིན་གྱིས་བསྐྱེད་ཐུབ་པ་རེད།
བདུན་པ། བརྩེ་སེམས་འཕྲིན་གྱི་ཁ་བ་ཞེས་པའི་ལེ་ཚན་འདི་ལྟ་བུ་ཞིག་བཀོད་སྒྲིག་བྱས་ན་ཡང་སློབ་གྲོགས་ཕན་ཚུན་བར་གྱི་མཛའ་བརྩེ་གཏིང་ཇེ་ཟབ་ཏུ་འགྲོ་བའི་མི་ཚད།  ཕན་ཚུན་ལ་གཞོགས་འདེགས་དང་སྐུལ་སློང་གི་ནུས་པ་ཆེན་པོ་ཐོན་པ།  དཔེ་ཞིག་འཇོག་རྒྱུ་ན་གོ་ཐོས་ལྟར་ན་སློབ་གྲོགས་ཁྱེད་ཀྱིས་ཟླ་འདིའི་ཟླ་རྒྱུགས་ཁྲོད་རྒྱུགས་འབྲས་དེ་འདྲ་བཟང་རྒྱུ་མེད་པས། ངས་ཆེད་དུ་དེ་རིང་གི་བརྩེ་སེམས་འཕྲིན་གྱི་ཁ་བའི་ལེ་ཚན་འདི་བརྒྱུད་ནས་གླུ་དབྱངས་སྙན་མོ་འདི་ཕུལ་བ་ཡིན། ངའི་རེ་བ་ཡིན་ན་ཐེངས་རྗེས་མའི་ཟླ་རྒྱུགས་ཁྲོད་གཡུར་དུ་ཟ་བའི་འབྲས་བུ་ཞིག་ལེན་པའི་སྨོན་འདུན་ཞུས་པ་ཡིན་ལྟ་བུས་སློབ་གྲོགས་ཕན་ཚུན་བར་གྱི་གཡའ་དག་པའི་བརྩེ་སེམས་ མཚོན་པ་མ་ཟད་ཁ་ཏ་སློབ་གསོ་རང་བཞིན་གྱིས་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་ཐོན་པ་གཞིར་བཞག་རེད།
མདོ་འཛིན་པ།  རེད་རེད། དགེ་རྒན་བཀའ་དྲིན་ཆེ། ད་ཡིན་རྒྱུ་ན། སྤྱི་ཚོགས་ཀྱི་དགོས་མཁོ་དང་སློབ་མའི་སེམས་ཁམས་དང་བསྟུན་ནས་སློབ་མ་གསོ་སྐྱོང་གི་ཐབས་ལམ་དང་ཡང་ན་སློབ་གྲྭ་འདི་དང་གཞན་པའི་སློབ་གྲྭ་སོ་སོ་ནས་སློབ་རའི་རིག་གནས་དང་སློབ་མའི་སྤོབས་སེམས་འདི་སྐྱེད་སྲིང་བྱ་རྒྱུ་ནི་རང་མི་རིགས་ཀྱི་མ་རྐང་འདིར་འཇུས་པའི་དགེ་རྒན་ཁྱོད་དང་ཁྱོད་ལྟ་བུར་ཐད་ཀར་དུ་རག་ལས་ཡོད་པ་རེད།  དེའི་རྐྱེན་གྱིས་ངས་འདི་ནས་རྒྱ་ཆེའི་ཉན་མཁན་རྣམ་པའི་ཚབ་བྱས་ནས་ཁྱེད་རྣམ་པ་བཀའ་དྲིན་ཞུ་བ་དང་ཆབས་ཅིག་དེ་རིང་ཡང་དགེ་རྒན་ཁྱེད་ཀྱི་བྲེལ་ཟིང་གི་བྱ་བའི་ཁྲོད་འདི་ནས་ང་ཚོ་སློབ་རའི་འགྱུར་ཁུགས་ཀྱི་བཅར་འདྲི་འདི་དང་ལེན་བྱས་པ་ཡང་བསྐྱར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
སྐུ་མགྲོན། མདོར་དེད་ན་སློབ་གྲྭ་ནས་ཡིག་རིགས་ཀྱི་ཤེས་བྱ་གཅིག་པུ་ཤེས་པའི་མི་ཆོག་པར།  གཞན་སྒྱུ་རྩལ་གྱི་ཕྱོགས་དང་རྩལ་སྦྱང་གི་ཕྱོགས་སོགས་སྣ་མང་པོ་སྦྱང་རྒྱུ་ནི་ད་ལྟའི་དུས་ཀྱི་ཐོག་མའི་བརྒྱུད་རིམ་ཞིག་རེད་ཟེར་ནའང་མི་ཆོག་རྒྱུ་མེད་པར་སྙམ།  མཇུག་མཐར་བོད་ཆོལ་ཁ་གསུམ་གྱི་བོད་རིགས་སྤུན་ཟླ་རྣམས་དང་ནང་སྒོས་སུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་ཐམས་ཅད་ཀྱི་བྱ་བ་དབྱར་མཚོ་བཞིན་རྒྱས་ཤིང་། བསམ་པའི་དོན་འགྲུབ་པ། སྙུང་གཞི་མེད་ནས་བདེ་ཐང་ཞིག་ཡོང་རྒྱུར་ངས་སྨོན་ལམ་བཏབ་པ་ཡིན་པས་འདི་རུ་ཁྱེད་རྣམ་པ་ཡང་ངར་ཞིག་རྒྱག་རྒྱུ་ཡོད་པ་ནི་སློབ་གྲོགས་ཚང་མས་ཀྱང་རང་རང་ས་ནས་བརྩོན་པ་བརྒྱ་འགྱུར་བསྐྱེད་དེ་མ་འོངས་འཕེལ་རྒྱས་ཀྱི་ཆེད་ལ་ནུས་ཤུགས་གང་ཡོད་ཅིག་འདོན་རྒྱུ་ནི་ངའི་མཐའ་མཇུག་གི་རེ་བ་ཉག་ཅིག་ཡིན།
མདོ་འཛིན་པ། རེད། རེད། རེད། དུས་ཚོད་ཀྱི་དབང་གིས་དེ་རིང་འུ་གཉིས་ཀྱི་ཁ་བརྡ་འདི་ནས་མཚམས་མི་འཇོག་ག་མེད་བྱུང་ཐལ། གནས་སྐབས་ཀྱི་བདེ་མོ།
སྐུ་མགྲོན། ཡ་ཡ། མདོ་འཛིན་པ་བདེ་མོ།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།