ཁྱིམ་བདག་ཞིག་གིས་སློབ་གསོར་འཛིན་པའི་འདོད་ཚུལ།

རྩོམ་པ་པོ།:གཡུལ་རྒྱལ། ཡོང་ཁུངས།:ཆོས་གྲོགས་དྲ་ཚིགས། དུས་ཚོད།:2011-03-19 12:57:00 ཀློག་གྲངས།:

 ཟླ་འོད་མིག་དམར་ལགས་སུ་ངེད་དྲྭ་བས་བཅར་འདྲི་བྱས་པ།

                             

ཟླ་འོད་མིག་དམར་ལགས་ངོ་སྤྲོད་མདོར་བསྡུས།

        ཟླ་འོད་མིག་དམར་ལགས་ནི་སྤྱི་ལོ་༡༩༦༦ལོར་བོད་གཙང་ཁུལ་རིན་སྤུངས་རྫོང་དུ་འཁྲུངས་ཤིང་།དགུང་ལོ་བཅུ་ལ་ཉེ་བར་ཕེབས་སྐབས་རིན་སྤུངས་རྫོང་བདེ་གླིང་སློབ་ཆུང་དང་རིམ་བཞིན་རིན་སྤུངས་རྫོང་སློབ་འབྲིང་། རྒྱལ་རྩེ་རྫོང་མཐོ་རིམ་སློབ་འབྲིང་བཅས་ལ་བསྐྱོད་པ་དང་། ༡༩༨༦ལོར་བོད་ལྗོངས་སློབ་ཆེན་སྐད་ཡིག་ཚན་ཁག་ནང་དབྱིན་ཡིག་ཆེད་སྦྱོང་གནང་སྟེ། ༡༩༨༩ལོར་སློབ་མཐར་ཕྱིན་རྗེས་༡༩༩༠ནས་༡༩༩༣ལོ་བར་བོད་ལྗོངས་ཉིང་ཁྲི་ས་གནས་འཁྲབ་རྨོག་སློབ་འབྲིང་དུ་དབྱིན་ཡིག་དགེ་རྒན་གྱི་ཕྱག་ལས་གནང་།༡༩༩༤ནས་ད་བར་ལྷ་སར་ཡུལ་སྐོར་ཕྱི་འབྲེལ་གྱི་ཕྱག་ལས་གནང་མུས་སུ་བཞུགས།

        གཡུལ་རྒྱལ།   ཐོག་མར་མིག་དམར་ལགས་སུ་འཚམ་འདྲི་དང་། ཁྱེད་རང་ཕྲུ་གུའི་ཁྱིམ་བདག་ཞིག་ཡིན་པའི་ངོས་ནས་ཕྲུ་གུའི་ལུས་སེམས་གཉིས་ཀ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུའི་སློབ་གསོའི་ཐད་ལ་བཀའ་འདྲི་ཁག་ཅིག་ཞུ་རྒྱུ་ཡོད།
        སྤྱིར་སློབ་གསོ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་ཏེ། རྒྱལ་ཁབ་གཅིག་དང་མི་རིགས་ཤིག་ཡར་རྒྱས་གོང་འཕེལ་དུ་འགྲོ་མིན་དང་མི་སྒེར་པ་སོ་སོའི་མི་ཚེ་བཟང་ངན་དེ་ཡང་སློབ་གསོར་རག་ལས་པས་ང་ཚོ་བོད་ཀྱི་ཤོད་རྒྱུན་དུ་མི་ཞིག་ཡིན་ན་ཆུང་ངུ་ནས་དང་།རྟ་ཞིག་ཡིན་ན་རྟེའུ་ནས་ཞེས་པ་ལྟར། བྱིས་པ་ཆུང་ངུའི་དུས་སྐབས་ནས་སོ་སོའི་བློ་དང་འཚམ་པའི་སློབ་གསོའི་བརྒྱུད་རིམ་ཞིག་བརྒྱུད་དགོས་པ་ལོས་ཡིན།ད་ལྟའི་ལྷ་ས་གྲོང་ཁྱེར་ལྟ་བུར་ཆ་མཚོན་ན་བྱིས་པ་ལོ་གསུམ་བཞི་ཙམ་ནས་བུ་བཅོལ་ཁང་དུ་བསྐྱལ་ཏེ་ཡི་གེ་སློབ་འགོ་འཚུགས་ཀྱི་འདུག། དེས་རྐྱེན་པས་ཕྲུ་གུའི་རྣམ་ཀུན་སེམས་ཀྱི་འཆར་སྒོ་དང་བག་ཡངས་ཀྱི་གཤིས་ཀ་སོགས་ཕྲུ་གུའི་ལྷན་སྐྱེས་ལ་རང་བཞིན་གྱིས་འགྱུར་བ་ཞིག་ཐེབས་ཀྱིན་ཡོད་ཚོད་འདུག  དེ་ཡང་ཉེ་ཆར་ངའི་གྲོགས་པོ་ཞིག་གིས་ཕྲུ་གུ་བུ་བཅོལ་ཁང་དུ་མ་བསྐྱལ་གོང་ཕྲུ་གུ་དེ་འཚུབ་པོ་དང་རང་བཞིན་གྱི་གྲུང་པོ་ཡོད་ལུགས་བརྗོད་པ་དང་། བུ་བཅོལ་ཁང་དུ་བསྐྱལ་རྗེས་དེ་སྔོན་དང་མི་འདྲ་བར་འཐོམ་སིལ་སིལ་ཞིག་ཏུ་གྱུར་ཡོད་པ་འགྲེལ་བརྗོད་གནང་གི་འདུག་པས་ཁྱེད་ནས་དེ་ཚོའི་ཐད་གཟིགས་ཚུལ་གང་འདྲ་ཡོད་དམ།

        མིག་དམར་ལགས། ངའི་ལྟ་ཚུལ་ནི་ད་ལྟའི་བྱིས་པ་ཚོར་སློབ་གསོ་གཏོང་སྟངས་དེ་རིགས་འཚམ་པོ་ཞིག་མཐོང་གི་མི་འདུག་ལ་ཁོང་ཚོར་སློབ་གསོའི་ཁུར་པོ་ལྗིད་དྲགས་པའི་སྣང་བ་ཞིག་ཡོང་གི་འདུག     ཡིན་ནའང་ད་ལྟའི་དངོས་ཡོད་གནས་ཚུལ་ལ་གཞིགས་ན་བྱིས་པ་ལོ་ཚོད་གསུམ་བཞི་ཙམ་ལ་བུ་བཅོལ་ཁང་དུ་མ་བསྐྱལ་རང་བསྐྱལ་ལྟ་བུ་ཆགས་ཡོད། རྒྱུ་མཚན་ནི་རྗེས་སུ་སློབ་ཆུང་སློབ་ཞུགས་སྐབས་ཡིག་རྒྱུགས་སྤྲོད་དགོས་ཀྱི་ཡོད་ལ་གང་འཚམས་ཀྱི་སློབ་ཆུང་ལོ་རིམ་དང་པོའི་རྨང་གཞི་ཡང་དགོས་ཀྱི་ཡོད། སློབ་ཆུང་དུ་སླེབས་པའི་རྗེས་སུའང་སློབ་ཚན་སློབ་སྦྱོང་གི་གནོན་ཤུགས་ཆེ་དྲགས་པས་སློབ་སྦྱོང་ལྷོད་ལྷོད་ངང་བྱེད་པའི་གོ་སྐབས་མེད་ཁར་སློབ་རྗེས་མ་ཟིན་པ་ཤ་སྟག་ཆགས་འགྲོ་ཡི་འདུག   གལ་ཏེ་ཕྲུ་གུ་རེ་གཉིས་སློབ་རྗེས་མ་ཟིན་པ་ཡིན་ན་ཕྲུ་གུའི་སྐྱོན་ཡིན་སྲིད་ཀྱང་ཕྲུ་གུ་མང་ཆེ་བ་དེ་ལྟར་ཡིན་དུས་སྤྱི་ཡོངས་ཀྱི་སློབ་གསོའི་སྒྲིག་གཞིའམ་ཁུར་པོ་དེ་ལྗིད་དྲག་པ་རེད་བསམ་གྱི་ཡོད།  ད་དུང་ཉིན་ལྟར་སྦྱོང་གཞི་མང་བའི་སྟེང་ཁྱིམ་བདག་གིས་ཀྱང་ཕྲུ་གུའི་སྣང་བར་མ་བསྟུན་པར་རྩེད་མོ་རྩེ་བའི་གོ་སྐབས་སོགས་ཀྱང་འཕྲོག་སྟེ་དཔེ་དེབ་ལྟ་རུ་འཇུག་པ་དང་ཡི་གེ་བྲི་བར་སྐུལ་བ་སོགས་ཀྱང་སློབ་མའི་སློབ་གསོའི་འགྲན་རྩོད་མ་ཡིན་པར་ཁྱིམ་བདག་གི་འགྲན་རྩོད་ལྟ་བུ་ཞིག་ཆགས་ཡོད་པ་ནི་ནམ་རྒྱུན་སློབ་གྲྭར་ཡིག་རྒྱུགས་གཏོང་སྐབས་ཀྱང་སློབ་གྲྭའི་རྒྱལ་སྒོའི་གཡས་གཡོན་དུ་ཁྱིམ་བདག་ཚོས་ཕན་ཚུན་ངའི་ཕྲུ་གུ་འཛིན་གྲྭའི་ནང་སློབ་སྦྱོང་ཨང་རིམ་དང་པོ་དང་གཉིས་པ་གསུམ་པ་ཡིན་ཞེས་ངོམ་ངོམ་བྱེད་པ་ལས་མཐོང་ཐུབ།  ངའི་བསམ་པར་བུ་བཅོལ་ཁང་དང་སློབ་ཆུང་སྐབས་ཕ་མས་ཕྲུ་གུར་སློབ་སྦྱོང་གི་རེ་བ་མཐོ་པོ་མ་སྟོན་པར་ཁོང་ཚོའི་སེམས་ཁམས་གསོ་རྒྱུ་དེ་ཨང་དང་པོར་འཇོག་དགོས་པ་དང་། དུས་མཚུངས་རང་རེའི་སྲོལ་རྒྱུན་གྱི་སློབ་གསོ་བཟོད་བསྲན་དང་།སྙིང་རྗེ།གཞན་ཕན་སོགས་ཀྱང་སློབ་དགོས་ཀྱི་འདུག   དེ་འདྲ་བྱུང་ན་ཕྲུ་གུའི་རང་གཤིས་དང་འཆར་སྒོ་སོགས་ལ་གནོད་སྐྱོན་མེད་པར་རྒྱུན་ལྡན་སློབ་གྲྭའི་ནང་ཕྲུ་གུ་ཕན་ཚུན་རྒྱག་རེས་མི་བྱུང་བ་སོགས་སྤྱི་སྒེར་ཚང་མར་ཁེ་ཕན་ཆེན་པོ་ཡོད་པ་དང་། ཁོང་ཚོ་ནར་སོན་རྗེས་སྤྱི་ཚོགས་ལ་རང་སྐུལ་གྱིས་འགན་འཁུར་ཐུབ་པ་ཡོང་རྒྱུ་རེད། ཡིན་ནའང་སྔོན་མ་ང་ཚོའི་གོམས་གཤིས་རྙིང་པའམ་ལྷག་པར་ཁམས་ཁུལ་དུ་ཕ་མས་ཕྲུ་གུ་ཕན་ཚུན་འཁྲུག་རྩོད་འབྱུང་སྐབས་དཔའ་མི་འདུག་ཅེས་རང་གཞན་ཕུང་བར་བྱེད་པའི་སློབ་གསོ་གཏོང་གི་ཡོད་རུང་ད་ལྟ་རིག་གནས་དང་ཁྲིམས་ཀྱི་དུས་རབས་ཡིན་པས་དེ་དང་འབྲེལ་བའི་སློབ་གསོ་བཏང་བ་ཡིན་ན་རང་བཞིན་གྱིས་ཕྲུ་གུའི་སེམས་ཁམས་ལ་ཕན་ཐོགས་ཤིང་སྤྱི་སྒེར་ཀུན་ལ་ཕན་པའི་གཤིས་རྒྱུད་བཟང་པོ་ཞིག་འཇགས་ངེས་ཡིན།  ལྷག་པར་རྒྱུན་དུ་སོ་སོའི་ཕྲུ་གུར་སེམས་གསོ་དང་སྐུལ་ལྕག་གྱི་ཐབས་ཤེས་བརྒྱུད་ནས་ཕྲུ་གུའི་སེམས་ཤུགས་སྤར་ཐབས་བྱེད་པ་ལས་དམའ་འབེབས་སམ་མཐོང་ཆུང་དེ་བས་བྱེད་མི་ཉན་པ་ནི་ཚན་རིག་པ་དང་སློབ་གསོ་མཁས་པ་མང་ཆེ་བའི་ལྟ་ཚུལ་གཅིག་གྱུར་རེད་འདུག  གཞན་ཡང་ང་ཚོས་ཁྱིམ་བདག་ཚོས་གང་ཐུབ་ཀྱིས་ལྟ་སྤྱོད་གཉིས་ཀྱི་ཐད་ཕྲུ་གུའི་མདུན་གཟུགས་བརྙན་གང་ལེགས་ཤིག་མངོན་ཐབས་བྱེད་རྒྱུ་ཡང་གལ་ཆེན་རེད།

        གཡུལ་རྒྱལ། ད་ལྟ་གོང་དུ་ཁྱེད་ནས་ཁྱིམ་བདག་གིས་ཕྲུ་གུ་བུ་བཅོལ་ཁང་དང་སློབ་ཆུང་དུས་སྐབས་སུ་སློབ་སྦྱོང་གི་རེ་བ་མཐོ་པོ་མ་སྟོན་པར་ཁོང་ཚོའི་སེམས་ཁམས་གསོ་རྒྱུ་དེ་ཨང་དང་པོར་འཇོག་དགོས་ཀྱི་ཡོད་ལུགས་དང་ལྷག་པར་རང་མི་རིགས་ཀྱི་སྲོལ་རྒྱུན་སློབ་གསོའི་ཐབས་ཤེས་དེ་ཚོའང་སྤྱོད་གལ་ཆེན་པོ་ཡིན་སྐོར་གསུངས་གནང་སོང་། དེ་བཞིན་སློབ་གྲྭ་གུང་སེང་སྐབས་ཁོང་ཚོར་སློབ་གསོའི་ཁོར་ཡུག་གང་འདྲ་ཞིག་བསྐྲུན་དགོས་ཀྱི་ཡོད་པ་ཁྱེད་ཀྱི་ཉམས་མྱོང་དང་སྦྲགས་ནས་གསུང་གནང་རྒྱུ་ཡོད་དམ།

        མིག་དམར་ལགས། ངས་བསམ་ན་ཁྱིམ་བདག་གིས་སྤྱི་སྒེར་གཉིས་ཕན་གྱི་སྐུལ་སློང་བཟང་པོའི་འོག་ཕྲུ་གུའི་སློབ་གསོའི་ཁ་ཕྱོགས་མ་ནོར་བ་བྱེད་རྒྱུ་དང་སློབ་སྦྱོང་གི་ཁོར་ཡུག་བསྐྲུན་རྒྱུ་དེ་གལ་ཆེན་པོར་མཐོང་གི་འདུག་ལ་སློབ་སྦྱོང་ནི་ཡི་གེ་སྦྱོང་རྒྱུ་གཅིག་པུར་ངོས་འཛིན་བྱེད་ཀྱི་མེད།   དཔེར་ན་གུང་སེང་སྐབས་ཕྲུ་གུར་རི་མོ་དང་། རོལ་ཆ། གཞས་སོགས་སྦྱོང་བར་གཏོང་བ་ཕུད་ད་དུང་སྐབས་རེ་ཁོང་ཚོ་དང་མཉམ་དུ་གྲོང་གསེབ་ཏུ་གཤམ་སྐྱོད་བྱས་ཏེ་ཞིང་ཁ་འདེབས་སྟངས་དང་འབྲས་བུ་བསྡུ་སྟངས་དེ་བཞིན་འབྲོག་ལས་སོགས་ལ་རྒྱུས་མངའ་ལོན་དུ་འཇུག་པ། ལྷག་པར་ང་རང་ཚོའི་རྒྱུན་ལྡན་འཚོ་བའི་ནང་སྤྱོད་བཞིན་པའི་རྩམ་པ་དང་། ཤ། མར་སོགས་གང་འདྲ་བྱས་ཏེ་བྱུང་ལུགས་ཡང་རགས་ཙམ་ཤེས་སུ་བཅུག་པ་ཡིན་ན་ཕྲུ་གུ་ལའང་ཡི་གེ་ཙམ་མ་ཡིན་པར་འཚོ་བའི་ཤེས་བྱ་མང་དག་ཅིག་ཤེས་ཐུབ་རྒྱུ་རེད་ལ། ཁོང་ཚོར་ཡང་གུང་གསེང་གི་ཚོར་སྣང་ཡོད་པའི་ཐོག་རིག་པ་སྤྱང་དུ་འགྲོ་བར་ཕན་ཐོགས་ཡོང་བ་མ་ཟད་རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་གོམས་གཤིས་འཇགས་རྒྱུར་ཕན་ཐོགས་ཡོང་ངེས་ཤིག་དང་། རྗེས་སུ་སློབ་འགོ་འཚུགས་སྐབས་ཀྱང་ཁོང་ཚོར་དམིགས་བསལ་གི་ཚོར་སྣང་སོས་པ་ཞིག་ཡོང་རྒྱུ་རེད།   ཡིན་ནའང་དེང་སྐབས་སློབ་གྲྭའི་དགེ་རྒན་སོ་སོའི་འཆར་གཞིའམ་ཆ་རྐྱེན་བྱས་ན་གུང་སེང་སྐབས་སློབ་དུས་རྗེས་མའི་སློབ་ཚན་ཚང་མ་སྦྱངས་ཚར་བ་དགོས་ཡོད་ཟེར་དུས་ཕྲུ་གུ་དང་ཁྱིམ་བདག་གཉིས་ཀར་འགལ་རྐྱེན་མང་པོ་འཕྲད་ཀྱི་ཡོད།   དེར་མ་ཟད་ངའི་ཉམས་མྱོང་གི་ཐོག་ནས་བཤད་ན་དེང་དུས་ཀྱི་སློབ་ཆུང་ལོ་རིམ་དྲུག་པའི་ཕྲུ་གུ་དེ་ཚོར་ཧ་ལས་པའི་སློབ་སྦྱོང་གི་དངངས་སྐྲག་དང་གནོན་ཤུགས་ཆེན་པོ་རེད་འདུག   
        ཕྲུ་གུའི་གཉིད་ཉལ་བའི་དུས་ཚོད་དེ་ཡང་ཚད་གཞི་ལྟར་ལོན་པ་དགོས་ཀྱི་ཡོད་པ་དཔེར་ན་སློབ་གྲྭ་ཆུང་བའི་སློབ་མ་ཡིན་ན་ཆུ་ཚོད་དགུ་ཉལ་དགོས་པ་དང་། དམའ་འབྲིང་བ་ཡིན་ན་ཆུ་ཚོད་བརྒྱད། མཐོ་འབྲིང་ཡིན་ན་ཆུ་ཚོད་བདུན་་ངེས་པར་ཉལ་དགོས་ཀྱི་ཡོད་ལུགས་ཚན་རིག་ཐོག་ནས་བཤད་པ་དེ་ཚོར་བསམ་གཞིགས་ནན་ཏན་བྱས་ཏེ་ང་ཚོའི་འདི་ཁུལ་དང་བསྡུར་བ་ཞིག་བྱེད་སྐབས་ཆུ་ཚོད་གཉིས་གསུམ་ཙམ་ཁྱད་པར་འགྲོ་ཡི་འདུག  གལ་ཏེ་ཕྲུ་གུ་ཚོར་དམིགས་ཡུལ་ཆེན་པོ་ཞིག་བཅང་གི་ཡོད་ན་སློབ་སྦྱོང་གཅིག་པུ་མ་ཡིན་པར་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་ཡང་ངེས་པར་བསམ་བློ་གཏོང་དགོས་ཀྱི་ཡོད་པར་བརྟེན་ངས་ངའི་ཕྲུ་གུ་ལོ་རིམ་དྲུག་པ་ནས་སློབ་གྲྭ་ནས་འཐེན་པ་ཡིན། ད་དུང་རྒྱུ་མཚན་གཞན་ཞིག་ནི་ཕྲུ་གུ་ལོ་རིམ་བཞི་པ་ལྔ་པར་སླེབས་དུས་སློབ་གསོའི་ཁུར་པོ་དེ་ལྗིད་དྲགས་པའི་རྐྱེན་གྱིས་ཕྲུ་གུ་གཤིས་ཀའང་འཚབ་འཚུབ་ཞིག་ཏུ་འགྱུར་འགྲོ་བ་དང་། བོད་ཡིག་འབྲི་སྐབས་རྒྱ་ཡིག་འབྲི་བྲིས་བྱེད་པ་སོགས་ཀྱི་རྒྱུ་མཚན་དེ་དག་ལ་བརྟེན་ངའི་ཕྲུ་གུ་ལོ་གཅིག་སློབ་གྲྭ་ནས་འཐེན་ཏེ་སློབ་ཆུང་སྐབས་འཚབ་འཚུབ་དང་བག་གཡེང་ཆེ་བའི་གོམས་གཤིས་ཡོ་བསྲང་ཐུབ་ཆེད་རང་མི་རིགས་ཀྱི་སྲོལ་རྒྱུན་ཐང་ཀའི་རི་མོ་དང་མི་རིགས་ཀྱི་སྒྲ་སྙན་སོགས་རོལ་མོ་སྦྱོང་བར་བཏང་ནས་སེམས་ཁམས་སྙོམས་སྒྲིགས་སམ་སེམས་ཁམས་གསོ་ཐབས་བྱས་པ་ཡིན། སྔ་དགོང་ཀྱང་དུས་ཚོད་ཕྲན་བུ་སྤྱད་ནས་སློབ་ཆུང་གི་སློབ་ཚན་ཁག་རགས་ཙམ་ལྟ་ཀློག་བྱེད་བཅུག་པ་ཡིན།  གཞན་ཡང་ང་ཚོ་བོད་རིགས་སློབ་ཕྲུག་སྤྱི་ཡོངས་ཀྱི་ཞན་ཆ་གཞན་ཞིག་ནི་དབྱིན་ཡིག་གི་ཆུ་ཚད་ཞན་པོ་དེ་ཡིན་པས་དེའི་གནད་འགག་ཀྱང་གཙོ་བོ་དབྱིན་ཡིག་གི་བརྡ་སྤྲོད་ལ་རག་ལས་ཡོད་པར་བརྟེན་ངས་ཆེད་དུ་སློབ་ཆུང་དབྱིན་ཡིག་བརྡ་སྤྲོད་བལྟ་རུ་བཅུག་པས་སློབ་འབྲིང་གི་དབྱིན་ཡིག་རྩ་བའི་རྨང་གཞི་སོགས་ཀྱང་ཡག་པོ་ཚུགས་ཐུབ་པ་བྱུང་སོང་།   དེ་ནས་སློབ་འབྲིང་ལོ་རིམ་དང་པོར་གཏོང་སྐབས་ཕྲུ་གུ་གཞན་དང་མི་འདྲ་བར་སློབ་གྲྭར་འགྲོ་འདོད་དང་སློབ་སྦྱོང་བྱེད་འདོད་ཆེ་ཞིང་མངོན་གསལ་དོད་པོས་ཕྲུ་གུའི་ཤེས་ཚད་མྱུར་བ་མ་ཟད་སྤྱི་ཚོགས་སྟེང་ནས་འཚོ་བའི་ཉམས་མྱོང་ལེན་ཐུབ་པ་སོགས་ཀྱི་ཕན་ནུས་ཐོན་འདུག་ལ་ཟླ་ཤས་ཀྱི་རྗེས་སུ་འཛིན་གྲྭའི་ནང་ཡིག་རྒྱུགས་གཏོང་སྐབས་ངའི་ཚོད་དཔག་ལས་འདས་པའི་ཨང་རིམ་མཐོ་པོ་ལོན་འདུག

        གཡུལ་རྒྱལ། ང་ཚོ་བོད་མི་རིགས་ཀྱང་མི་རིགས་གཞན་དང་འདྲ་བར་ལོ་རྒྱུས་ཡུན་རིང་ལྡན་ཞིང་སྲོལ་རྒྱུན་རིག་གནས་ཀྱིས་ཕྱུག་པའི་མི་རིགས་ཤིག་ཡིན་པར་བརྟེན་རང་རེས་ཚང་མར་སོ་སོའི་མེས་པོས་བཞག་པའི་ཐུན་མོང་མ་ཡིན་པའི་སྐད་དང་ཡི་གེ་གཙོ་བོར་གྱུར་བའི་རིག་གནས་དེ་རྒྱུན་འཛིན་བྱེད་རྒྱུ་ནི་དོར་ཐབས་མེད་པའི་འགན་འཁྲིའམ་འོས་འགན་ཞིག་ཡིན་པས།  ཁྱེད་ནས་ད་ལྟའི་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་སློབ་མ་ཚོར་སློབ་གསོའི་ཐབས་ལམ་གང་འདྲ་ཞིག་བེད་སྤྱད་དེ་རང་རིགས་ཀྱི་སྐད་དང་ཡི་གེ་གཙོ་བོར་གྱུར་བའི་རིག་གནས་དེ་ཚོར་དགའ་ཕྱོགས་དང་སྦྱང་འདོད་ཀྱི་སྐུལ་སློང་སྤེལ་ཐབས། ལྷག་པར་གྲོང་ཁྱེར་ནང་འཚར་ལོངས་ཡོང་བཞིན་པའི་བུ་ཕྲུག་ཚོར་འཚམ་པའི་དམིགས་བསལ་ཐབས་ལམ་གང་འདྲ་ཡོད་མེད་ཐོག་ཁྱེད་ནས་དགོངས་ཚུལ་ཞིག་གླེང་རོགས།

        མིག་དམར་ལགས།  བོད་མི་རིགས་ཀྱི་ཤ་རུས་ལས་གྲུབ་པ་ཞིག་ཡིན་ཕྱིན་ཚང་མར་བོད་སྐད་དང་བོད་ཡིག་སྦྱོང་རྒྱུའི་ཐོབ་ཐང་ཡོད་ལ་འོས་འགན་དེ་བས་ཡོད། གཞན་ཡང་སློབ་གསོའི་ལས་གནས་ཐོག་ཡོད་པའི་མི་སྣ་ཙམ་མ་ཟད་ཁྱིམ་བདག་རྣམས་ནས་ཀྱང་ཕྲུ་གུའི་དགའ་ཕྱོགས་དང་བསྟུན་ཏེ་ཐབས་ལམ་སྣ་ཚོགས་སྤྱད་ནས་ཕྱིས་འབྱུང་སོ་སོའི་ལས་ཀར་ཕན་ཐོགས་མིན་ཙམ་ལ་མ་ལྟོས་པར་ཇི་སྲིད་རང་མི་རིགས་ཀྱི་ཤ་རུས་འདི་མ་དོར་བར་དེ་སྲིད་སོ་སོའི་སྐད་ཡིག་དང་སྲོལ་རྒྱུན་གྱི་རིག་གནས་སློབ་སྦྱོང་དང་རྒྱུན་འཛིན་བྱ་རྒྱུ་ནི་ད་ལྟའི་མི་ཐོག་འདིའི་འགན་འཁྲི་ཞིག་ཡིན་པར་ཤེས་སུ་འཇུག་དགོས་རྒྱུ་གལ་ཆེར་མཐོང་གི་འདུག    ངས་ཀྱང་ངའི་བུ་སློབ་གྲྭ་ནས་འཐེན་རྗེས་ཐང་གའི་རི་མོ་སྐྱ་བྲིས་ནས་སྦྱངས་བཅུག་པས་བོད་ཀྱི་སྲོལ་རྒྱུན་རི་མོའི་ཤེས་བྱ་ཡི་རྨང་གཞི།  སྟོན་པའི་དབུ་དང་། ཤ་གཟུགས། ན་བཟའ། སྒྲོལ་མ། སྤྱན་རས་གཟིགས། འཇམ་དབྱངས་ཕྱག་རྡོར་སོགས་ལོ་གཅིག་ནང་ཐོན་ཐུབ་དུས་ཆོས་ཕྱོགས་ཀྱི་ལྷ་སྐུའི་ཐ་སྙད་མང་དག་ཅིག་ཀྱང་ཞོར་ལ་རྒྱུས་ལོན་བྱེད་ཐུབ་པ་མ་ཟད་སློབ་སྦྱོང་སྐབས་སེམས་རྣལ་དུ་ཕབ་རྒྱུར་ཡང་དམིགས་བསལ་ཕན་ནུས་ཐོན་ཐུབ་པ་བྱུང་འདུག་ལ་ད་ལྟ་མི་རིགས་ཀྱི་རིག་གནས་ལ་དོ་སྣང་དང་དགའ་ཞེན་ཅན་ཞིག་ཆགས་ཡོད་པ་དེ་ཚོས་ཕྲུ་གུ་གང་འདྲ་ཞིག་ཆགས་མིན་དེ་ཕ་མ་ལ་རག་ལུས་པ་ལས་སྤྱི་ཚོགས་དང་ཁོར་ཡུག་ལ་ཁ་དཀྲི་ས་མེད་པ་གསལ་པོར་མཚོན་ཐུབ་ཀྱི་འདུག    ཕྱོགས་མཚུངས་རྒྱུན་དུ་ཕྲུ་གུར་རང་ཉིད་ལ་སྐྱིད་པོ་དང་ཁེ་བཟང་ཞིག་ལེན་དགོས་ན་ངེས་པར་དུ་གཞན་ཕན་ལྷག་བསམ་ཡོད་པའི་མི་བཟང་པོ་ཞིག་ཀྱང་དགོས་གལ་ཆེ་བ་ཡིན་པ་མ་ཟད་རང་ཉིད་ཀྱི་བདེ་སྐྱིད་དེ་གཞན་ལ་ལྟོས་ནས་འབྱུང་བའི་གནས་ལུགས་ཀྱང་ངས་དཔེ་མཚོན་དང་བཅས་གསལ་བཤད་བྱེད་ཀྱིན་ཡོད། གཞན་ཡང་རང་རེའི་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་སློབ་མ་དང་།  ལྷག་པར་གྲོང་ཁྱེར་ནང་འཚར་ལོངས་བྱུང་བཞིན་པའི་སློབ་མ་ཚོར་རྣམ་ཀུན་བོད་ཡིག་སློབ་ཚན་ཡོད་པ་ཙམ་མ་ཡིན་པར་འཚོ་བ་དངོས་ཀྱི་ནང་ཉམས་མྱོང་བརྒྱུད་ནས་ཚོར་སྣང་ཐུབ་པ་ཡང་དགོས་ཀྱི་འདུག  དཔེར་ན་དེབ་ནང་འཁོད་པའི་སོ་ནམ་པའི་ཡོ་བྱད་ཀྱི་ཐ་སྙད་དེ་རིགས་སློབ་མ་སོ་སོས་སློབ་གསེང་གི་སྐབས་དང་བསྟུན་ནས་ཞིང་འབྲོག་ཁུལ་དུ་བསྐྱོད་དེ་དངོས་སུ་རྒྱུད་ལོན་བྱེད་ཐུབ་ན་རང་རིགས་ཀྱི་རིག་གནས་རྨང་གཞི་འཛུགས་ཐུབ་པ་དང་།ལྷག་པར་ཏུ་དབྱར་དགུན་གནང་གི་དུས་ཚོད་བེད་སྤྱས་ནས་ཞིང་འབྲོག་ཁུལ་དུ་འཚོ་བའི་ཉམས་ལེན་བསྡུ་ལེན་གྱི་ཆེད་དུ་དུས་ཡུན་གང་ཙམ་བསྡད་པ་ཡིན་ན་རང་བྱུང་ཁམས་ཀྱི་ཤེས་བྱ་ཙམ་མ་ཡིན་པར་ང་ཚོའི་ཕ་མེས་ཀྱི་འཚོ་བ་སྐྱེལ་སྟངས་ཐད་ལའང་རྒྱུས་མངའ་ཡོང་རྒྱུར་ཕན་ཐོགས་ངེས་ཅན་ཞིག་ཡོང་ངེས།

        གཡུལ་རྒྱལ། དེང་སང་ང་ཚོ་བོད་ཁུལ་གྱི་ཁྱིམ་བདག་མང་ཆེ་བས་ཕྲུ་གུ་ཐོག་མར་སློབ་གྲྭར་གཏོང་བའི་དམིགས་ཡུལ་ནི་མ་འོངས་པར་ཕྲུ་གུ་དེར་གཏན་འཁེལ་གྱི་ལས་ཀ་ཞིག་རགས་རྒྱུའམ་ལྷག་པར་གཞུང་ཞབས་པའི་ལས་གནས་ཤིག་ཐོབ་རྒྱུའི་དོན་དུ་ཡིན་པར་བརྟེན་ཕྲུ་གུར་ཡང་ཚད་ལས་འདས་པའི་གནོན་ཤུགས་ཀྱིས་སློབ་སྦྱོང་གི་སྦྱང་འབྲས་འབུར་ཐོན་མེད་ཁར་སྐབས་རེ་ཕྲུ་གུའི་སྟེང་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཡང་ཐོན་གྱི་ཡོད། ཉེ་དུས་ང་ལ་ཡང་དྲ་བའི་སྟེང་ནས་རྒྱལ་ནང་དུ་སློབ་སྦྱོང་གནང་བཞིན་ཡོད་པའི་བོད་པའི་སློབ་མ་ཁག་ཅིག་དང་ཁ་བརྡ་བྱེད་སྐབས་ཁོང་ཚོས་ད་ལྟ་ནས་གཞུང་ཞབས་པའི་ཡིག་རྒྱུགས་ཐད་སེམས་ཁྲལ་ཆེན་པོ་ཡོད་ལུགས་དང་།  སོ་སོའི་ཕ་མས་ཀྱང་རེ་བ་ནན་པོ་བཅོལ་ཡོད་པར་བརྟེན་ང་ཚོ་ག་དུས་ཡིན་ནའི་ཁུར་པོ་ལྗི་པོ་དེས་གནོན་གྱི་ཡོད་ལུགས་བརྗོད་ཀྱིན་འདུག་པས་ཁྱེད་ནས་ཁོང་ཚོ་དང་ཁྱིམ་བདག་ཚོར་བསམ་ཚུལ་འདྲ་གསུང་རྒྱུ་ཨེ་ཡོད།

        མིག་དམར་ལགས། སྤྱི་ཡོངས་ཀྱི་གོམས་གཤིས་སམ་ཁྱིམ་བདག་ཚང་མས་ཕྲུ་གུ་སློབ་གྲྭར་གཏོང་རྒྱུ་ནི་ལྟོ་གོས་སམ་ལས་ཀ་ཞིག་གི་ཆེད་དུ་ཡིན་པ་དང་ལྷག་པར་གཞུང་ཞབས་པའི་ལས་ཀ་དམིགས་ཡུལ་དུ་བཟུང་གི་ཡོད། དེར་ང་རྩ་བ་ནས་འདོད་མོས་མེད་ལ་དེ་ཚོ་ཚང་མ་རྗེས་ལུས་ཀྱི་བསམ་བློར་ངོས་འཛིན་བྱེད་ཀྱི་ཡོད།   ནམ་རྒྱུན་རང་གི་ཕྲུ་གུར་ཡང་སློབ་སྦྱོང་བྱེད་རྒྱུ་ནི་ཕྲུ་གུའི་འོས་འགན་རེད་ལ་ཕྱིན་ཆད་སོ་སོའི་མི་ཚེའི་ནང་དུ་གཞན་ཕན་ལྷག་བསམ་ཡོད་པའི་མི་བཟང་པོ་ཞིག་བྱེད་དགོས་པས་རང་རང་སོ་སོར་ཕུགས་བསམ་རེ་དགོས་པ་ཤོད་ཀྱིན་ཡོད།  ཕུགས་བསམ་དེ་ཡང་རང་གི་གདམ་ག་རེད་མ་གཏོགས་ངས་དེ་འདྲ་ཞིག་དགོས་ཟེར་གྱི་མེད་ལ་ད་ལྟའི་གཞུང་ཞབས་པའི་ལས་ཀ་དེ་རིགས་དགོས་ཞེས་གཏན་ནས་བཤད་མྱོང་མེད།   དེ་བཞིན་སློབ་སྦྱོང་ནི་ལྟོ་གོས་ཀྱི་ཆེད་དུ་ཡིན་པ་དེ་བས་བཤད་མྱོང་མེད།    ངས་བསམ་ན་ལྟོ་གོས་ཟེར་བ་དེ་གང་འདྲ་སེ་བཙལ་བཙལ་རེད། གལ་ཏེ་རྗེས་སུ་འཁོར་གསུམ་རྐང་འཁོར་གཏོང་བར་ཕྱིན་ཀྱང་མི་འགྲིག་པ་གང་ཡོད། ཡིན་ནའང་སོ་སོ་སློབ་གྲྭར་བསྐྱོད་པའི་རྗེས་ལ་གྲུབ་འབྲས་ཡག་པོ་བསྟན་རྒྱུ་ཡོད་པ་ཞིག་དང་།ཕུགས་སུ་རང་དོན་ཙམ་མ་ཡིན་པར་སྤྱི་ལ་ཕན་པའི་འདུན་པ་ཆེ་ཙམ་ཞིག་འཛིན་ཐུབ་པ་ཡིན་ན་ཁོང་ཚོའི་ལྟོ་གོས་ལ་སེམས་ཁྲལ་བྱེད་དགོས་མེད། བྱང་ཆུབ་སེམས་པ་ཚོས་གཞན་དོན་ཁོ་ན་ཐུགས་ལ་དགོངས་དུས་རང་དོན་ཞོར་ལ་གྲུབ་པའི་དཔེ་ལྟར་རེད། དེ་ལྟར་ཡིན་དུས་ང་རང་ཚོ་ཁྱིམ་བདག་ཡིན་ནའང་འདྲ་བུ་ཕྲུག་ཡིན་ནའང་ཆོག་གང་ལྟར་དམིགས་ཡུལ་རྒྱ་ཆེན་པོ་ཞིག་མེད་ན་འབྲས་བུ་ཆེན་པོ་ཞིག་ཐོབ་མི་སྲིད་པས།    ང་ཚོས་རེ་བ་ཆེ་ས་ནས་འཆང་དགོས་ལ་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པ་ཡིན།    ང་ཚོའི་མདུན་དུ་དམའ་བ་སྤྲང་པོ་ནས་མཐོ་བ་ཆེད་ལས་མཁས་པ་བར་གྱི་སྟོང་ཆ་ཡོད་པས་དགོས་མེད་ཀྱི་སེམས་ཁྲལ་གང་ཡང་བྱེད་དགོས་དོན་མེད། དཔེར་ན་དུས་རབས་གོང་མའི་ལོ་རབས་བཞི་བཅུ་ཡས་མས་ཙམ་དུ་ཨ་ཇོ་རྣམ་རྒྱལ་གྱི་ལོ་རྒྱུས་ལ་གཅིག་གཟིགས་དང་། ཐོག་མར་སྤྲང་པོ་ཞིག་ནས་རྗེས་ལ་རང་མི་རིགས་ཀྱི་རོལ་དབྱངས་དང་། ནང་མ། བསྟོད་གཞས་སོགས་ལ་བྱས་རྗེས་ཆེ་བའི་མི་སྣ་ཞིག་ཆགས་ཡོད། དེ་བས་ང་ཚོས་གསར་གཏོད་ཀྱི་བསམ་བློ་ཡོད་པའི་ཐོག་སྤྱི་ཚོགས་ནང་དང་རིག་གནས་ཐད་སྟོང་ཆ་འཚོལ་ཞིབ་བྱས་ནས་རིག་གཅིག་རྐང་འཛིན་ཅན་ཞིག་བྱེད་རྒྱུའི་དམིགས་ཡུལ་སྔ་ཙམ་ནས་འཛིན་ཐུབ་ན་མི་རིགས་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་ཐུབ་རྒྱུ་ཡིན་པ་མ་ཟད་རང་དོན་ཡང་འགྲུབ་པར་གདོན་མི་ཟ།  སློབ་གྲྭ་ཐོན་རྗེས་སོ་སོས་ལས་ཀ་འཚོལ་བ་དང་གལ་ཏེ་ལས་ཀ་སྤྱིར་བཏང་ཞིག་ལས་མེད་ཀྱང་དེ་རང་ནས་ལངས་གང་ཐུབ་བྱེད་མཁན་དེ་མི་སུ་ཞིག་ལས་འཇོན་པ་ཆགས་ཐུབ་པའི་དཔེ་མཚོན་མང་པོ་མཐོང་རྒྱུ་འདུག  རྒྱ་ནག་ནང་གི་ཆེད་ལས་པ་མང་པོ་ཞིག་ཀྱང་དེ་འདྲ་རེད། ཡིན་ནའང་ཉེ་དུས་རང་རེའི་སློབ་མ་མང་པོ་གཞུང་ཞབས་པའི་ཡིག་རྒྱུགས་མ་འཕྲོད་དུས་མི་ཚེ་གང་པོ་རེ་བ་དང་བྲལ་བའི་སྡུག་བསྔལ་ཚད་ལས་འདས་པ་བྱེད་ཀྱིན་འདུག་པས་དེའི་ཐད་ཁྱིམ་བདག་ཚོས་ཀྱང་བསམ་གཞིགས་ནན་པོ་བྱེད་དགོས།

        གཡུལ་རྒྱལ། ང་ཚོའི་མི་རིགས་འདིའམ་ད་ལྟའི་སྤྱི་ཚོགས་འདི་དུས་རབས་དང་འཚམས་པའི་ཡར་རྒྱས་ཞིག་འགྲོ་དགོས་ན་གནའ་དེང་གཉིས་ཀྱི་ཆེད་ལས་མཁན་ནམ་རིགས་གཅིག་རྐང་འཛིན་དེ་རིགས་དགོས་གལ་ཤིན་ཏུ་ཆེ་བས་ད་ལྟའི་སློབ་གྲྭ་ཆེན་མོའི་ནང་གཞུང་ཞབས་པའི་ལས་གནས་ཕུད་རང་རང་སོ་སོས་གདམས་པའི་ཆེད་ལས་ཐོག་བསྐྱོད་ཐུབ་ན་ཕན་འབྲས་ཆེ་བ་དང་།  ད་དུང་ངེད་ཚོའི་སྤྱི་ཚོགས་སྟེང་སྟོང་ཆ་མང་པོ་ཞིག་ཁ་གསབ་བྱེད་རྒྱུར་ལུས་ཡོད་པ་དེ་ཚོའང་ཤེས་པའི་ཐོག་སློབ་སྦྱོང་གི་དམིགས་ཡུལ་བཅངས་པ་ཡིན་ན་སྤྱི་དང་སྒེར་ཚང་མར་མི་དམན་པའི་ཕན་འབྲས་ཐོན་རྒྱུ་རེད་བསམ་གྱིན་ཡོད་པས་ཁྱེད་ཀྱི་དགོངས་ཚུལ་ཞིག་གླེང་གནང་རོགས།

        མིག་དམར་ལགས། རེད་རེད་ད་ལྟ་ང་ཚོའི་སྤྱི་ཚོགས་འདི་དུས་རབས་དང་འཚམ་པའི་ཡར་རྒྱས་ཤིག་འགྲོ་དགོས་ན་ཁྱིམ་བདག་ཚོས་དགོངས་པ་རྒྱ་ཆེན་པོ་བཞེས་དགོས་ཀྱི་འདུག  ལྷག་པར་རང་ཉིད་ཀྱི་ཕྲུ་གུ་རྒྱལ་ནང་ཙམ་མ་ཡིན་པར་ཕྱི་རྒྱལ་ཁག་ཏུ་སློབ་སྦྱོང་ལ་གཏོང་ཐབས་ཀྱི་དམིགས་ཡུལ་ཡང་བཅང་དགོས་ཀྱི་འདུག         དེང་སང་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་དེ་ཚོའི་ཕ་མ་མང་པོས་བསག་བསག་གྲུང་གྲུང་བྱས་ནས་རང་ཉིད་ཀྱི་བུ་ཕྲུག་ནུབ་ཕྱོགས་རྒྱལ་ཁབ་དང་ཨ་རི་སོགས་ལ་སློབ་སྦྱོང་དུ་གཏོང་མུས་རེད།    སློབ་གྲྭ་ཐོན་ཏེ་ཚུར་ལོག་རྗེས་ཁོ་ཚོས་རང་ཉིད་རང་གི་མགོན་དུ་བརྩི་བ་ལས་གཞུང་ཞབས་ཀྱི་ལས་ཀར་སྐྱབས་བཅོལ་རྐྱང་བྱེད་ཀྱི་མི་འདུག    འོན་ཀྱང་དེང་སང་ང་ཚོའི་སྤྱི་ཚོགས་སྟེང་ཁྱིམ་བདག་དཔལ་འབྱོར་ཡོད་པས་མོ་ཌ་དང་ཁང་པ་དེ་བཞིན་རིན་ཐང་ཅན་གྱི་རྒྱན་གོས་སོགས་མང་པོ་ཉོས་ཏེ་དཔལ་འབྱོར་གྱི་འགྲན་རྩོད་བྱེད་པ་ལས་ཤེས་རིག་དང་སློབ་གསོ་སོགས་ལ་རྩ་བ་ནས་བསམ་གཞིགས་བྱེད་ཀྱི་མེད། ངས་བསམ་ན་དཔལ་འབྱོར་དེ་རིགས་ངོམ་རིན་གང་ཡང་མཐོང་གི་མི་འདུག མི་རིགས་གཞན་དང་བསྡུར་ན་ང་ཚོའི་ཁྱིམ་བདག་ནང་ཐེར་འབུམ་གྱི་བདག་པོ་ཡིན་པ་ཇི་ཙམ་ཡོད། ད་ལྟ་དཔལ་འབྱོར་ཕྲན་བུ་ཡོད་པ་དེ་ཚོ་བུ་ཕྲུག་གི་སློབ་གསོར་བཏང་སྟེ་རང་མི་རིགས་ཀྱི་རིག་གནས་སམ་འབྱུང་འགྱུར་གྱི་སྤྱི་ཚོགས་ལ་ཕན་པ་ཞིག་གནང་ན་མི་ལེགས་སམ། གལ་ཏེ་བུ་ཕྲུག་ཕྱིའི་རྒྱལ་ཁབ་ཏུ་སློབ་སྦྱོང་ལ་གཏོང་བསམ་ན་ད་ལྟ་ཡིག་རྒྱུགས་སོགས་ཀྱི་སེམས་ཁྲལ་གང་ཡང་མེད། རྒྱ་ནག་ས་ཆ་ཁག་དེ་ཚོ་ནས་ཕྲུ་གུ་མཐོ་འབྲིང་ལོ་རིམ་གཉིས་པ་ཙམ་ནས་ཕྱི་རྒྱལ་དུ་སློབ་སྦྱོང་ལ་གཏོང་བ་དང་། ཁོང་ཚོར་སོ་སོས་དངུལ་བཏང་བ་ཡིན་ན་འབྲེལ་བ་དང་འགྲོ་ལུགས་ཚང་མ་ཀྲུང་ཅེས་ཚོགས་པས་གཉེར་གྱི་ཡོད་འདུག   དེ་ནས་ཕྱི་རྒྱལ་དུ་ལོ་ཤས་སློབ་སྦྱོང་བྱས་རྗེས་རང་ཡུལ་དུ་ལོག་ནས་ལས་ཀ་ཞིག་བྱས་པ་ཡིན་ན་དམིགས་ཡུལ་དང་འཆར་གཞི་ཡོད་དུས་འདི་ཕྱོགས་དང་གཏན་ནས་འདྲ་ས་མེད་པ་མ་ཟད་ད་ལྟ་ང་ཚོའི་སྤྱི་ཚོགས་སྟེང་ལུས་པའི་སྟོང་ཆ་མང་པོ་ཞིག་ཀྱང་ཁ་སྐོང་ཐུབ་རྒྱུ་རེད་ལ་མ་འོངས་པར་འཛམ་གླིང་སྤྱིའི་འགྲོ་ཕྱོགས་དང་མཐུན་ཞིང་འགྲན་རྩོད་ཇེ་ཆེར་འགྲོ་བཞིན་པའི་སྤྱི་ཚོགས་ནང་དེང་དུས་དང་སྲོལ་རྒྱུན་གྱི་རིག་གནས་གཉིས་ཀ་ཚང་བའི་འདབ་གཤོག་གཉིས་ལྡན་གྱི་དུས་རབས་ཉེར་གཅིག་གི་བོད་མི་ཞིག་ཡོང་བར་བརྩོན་ཐུབ་ན། ཕྱིས་འབྱུང་སྤྱི་སྒེར་ཚང་མར་དཀའ་ངལ་ཆུང་དུ་གཏོང་ཐུབ་པར་གདོན་མི་ཟའོ།
        གཡུལ་རྒྱལ། མཇུག་ཏུ་མིག་དམར་ལགས་ནས་ང་ཚོའི་བཅར་འདྲི་དང་ལེན་གནང་བར་ངས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།