སྙན་ངག་ནི་ཐ་སྙད་ཡོད་ཚད་བཙོ་སྦྱང་བྱས་པའི་ཉིང་བཅུད་ཡིན།

རྩོམ་པ་པོ།:ཁྲི་སེམས་དཔའ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-01-07 10:16:00 ཀློག་གྲངས།:

བཅར་འདྲི་བྱ་ཡུལ། འབྲོང་།    མདོ་འཛིན་པ། ཁྲི་སེམས་དཔའ།  

       ཁྲི་སེམས་དཔའ། སྐུ་ཞབས་འབྲོང་ལགས། བདེ་མོ་ཡིན་ནམ། 
       འབྲོང་། བདེ་མོ་ཡིན། ཉིད་ནས་དེ་རིང་དཀའ་ལས་སྐུ་ཚེགས་ལ་མ་འཛེམ་པར་ང་འཚོལ་དོན་ངས་གཞི་ནས་རྟོགས་ཀྱིན་འདུག  ང་ལྟ་བུ་ལའང་སྣང་འཇོག་འདི་འདྲ་མཛད་པར་བཀའ་དྲིན་ཞུ། ད་ང་ལ་གང་ཞིག་འདྲི་འདོད་པ་དེ་ཐད་ཀར་དུ་དྲིས་དང་། ངས་ཤེས་ཚོད་ཀྱིས་ལན་གདབ་ངེས་ཡིན།
        ཁྲི་སེམས་དཔའ། ཁྱེད་ཉིད་ཐོག་མར་སྙན་ངག་གསར་རྩོམ་གྱི་ལམ་ལ་ཞུགས་དུས་ནི་རྩོམ་རིག་གི་མཁའ་དབུགས་ཧ་ཅང་ལེགས་པའི་དུས་སྐབས་ཤིག་ལ་འཁེལ་འདུག  དེ་ནི་ཁྱེད་རང་ལམ་འདིར་ཞུགས་པའི་རྒྱུ་མཚན་དུ་ཨེ་འགྲོ། ཡང་ན་རྐྱེན་གང་ཞིག་གིས་བསྐུལ་ཏེ་གསར་རྩོམ་གྱི་ལམ་དུ་ཞུགས་པ་ཡིན་ནམ། 
       འབྲོང་། སྐབས་དེ་ནི་རྩོམ་རིག་གི་མཁའ་དབུགས་ཧ་ཅང་ལེགས་པའི་དུས་ཞེས་ན་ཅུང་ཐལ་ཆེ་བར་འདུག་མོད། ཡིན་ན་ཡང་། ལོ་རབས་བརྒྱད་ཅུ་པའི་དུས་མཇུག་ནི་རང་རེའི་བོད་ལ་རྩོམ་རིག་གསར་བའི་མྱུ་གུ་འབུས་ནས་ཡུན་རིང་མ་སོང་བའི་ཐོག་མའི་དུས་སྐབས་ཙམ་རེད། རྩོམ་རིག་ཀྱང་ལོ་རྒྱུས་ཀྱི་གོམ་འགྲོས་དང་དུས་རབས་ཀྱི་འཕེལ་འགྱུར་དང་བསྟུན་ནས་རྙིང་བ་ནས་གསར་བ་དང་། ཡང་རྙིང་བ་ནས་གསར་བར་གྱུར་དང་འགྱུར་དགོས་པ་ཆོས་ཉིད་རེད། འདི་ལ་ཐོག་མའི་གསར་གཏོད་པ་དང་གདོང་མཆོང་པ་ཁག་ཅིག་ངེས་པར་དུ་མཁོ་བ་རེད། དེས་ན་ངས་འདིར་སྐུ་ཞབས་དོན་གྲུབ་རྒྱལ་ལགས་མི་གླེང་ཀ་མེད་རེད། སྤྱིར་ན་སྐུ་ཞབས་ཁོང་ནི་བོད་ཀྱི་རྩོམ་རིག་གསར་བའི་རྨང་འདིང་མཁན་ཡིན་ལ། ནང་སྒོས་སུ་སྐབས་ཐོག་དེར་ཁོང་ཉིད་ང་ཚོའི་སློབ་གྲྭརམཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭདགེ་རྒན་གྱི་ཕྱག་ལས་གནང་བར་ཕེབས་པས། སློབ་གྲྭ་ཡོངས་སུ་གྲགས་འགུལ་མི་དམན་པ་ཞིག་བྱུང་བ་དང་། རྩོམ་རིག་གསར་རྩོམ་གྱི་རླབས་ཕྲེང་ཞིག་ཀྱང་སློབ་གྲྭའི་ཁོར་ཡུག་ཀུན་ཏུ་དལ་གྱིས་གཡོས་བྱུང་། རྐྱེན་དེའམ་སྐབས་དེའི་ཚད་ཡོད་པའི་དུས་དེབ་རེ་འགའ་དང་། ཡང་ན་ཨ་གསར་གྱི་བསམ་བློ་གང་ཞིག་གིས་རྒྱུ་བྱས་པ་མི་ཤེས་མོད། གང་ལྟར་ང་ཚོའི་འཛིན་གྲྭ་རུ་ཡང་རྩོམ་རིག་གསར་རྩོམ་ལ་དགའ་མོས་ཆེ་བའི་སློབ་གྲོགས་རེ་འགའ་བྱུང་བ་སྟེ། ཁོང་ཚོ་ནི་ད་ལྟའི་བོད་ཀྱི་རྩོམ་སྟེགས་སུ་ཅུང་སྙན་གྲགས་ཆེ་བའི་རྩོམ་པ་པོ་སྟག་འབུམ་རྒྱལ་དང་། དོན་གྲུབ་ཚེ་རིང་། ལུང་རིན་ཆེན། བཀྲ་བྷ། བཀྲ་ཤིས་དོན་གྲུབ་སོགས་རེད། རྗེས་སོར་ང་ཚོའི་འཛིན་གྲྭ་ལ“རྩོམ་པ་པོའི་འཛིན་གྲྭ”ཞེས་པའི་མིང་ཞིག་ཀྱང་ཐོགས་པར་གྱུར།
        ཁྲི་སེམས་དཔའ། ཁྱེད་ནི་བོད་ཀྱི་སྙན་ངག་གི་སྟེགས་བུའི་སྟེང་གོ་ས་ངེས་ཅན་ཟིན་ཡོད་པའི་སྙན་ངག་པ་ཞིག་རེད། ཁྱེད་ཀྱིས་བརྩམས་པའི་སྙན་ངག《ཆེ་ཆུང》དང《ཆུང་མ་གཉིད་ཟིན  ངས་སྙན་ངག་འབྲི་བཞིན་ཡོད》《ལྷ་ས  ལྷ་ས ལྷ་ས》སོགས་བརྩམས་ཆོས་སྐོར་ཞིག་གིས་ཀློག་པ་པོར་བག་ཆགས་ཟབ་མོ་བཞག་ཡོད། ཡིན་ཡང་། བལྟོས་བཅས་ཀྱིས་ཁྱེད་ལ་སྙན་ངག་བརྩམས་ཆོས་མང་པོ་མི་འདུག  ཁྱེད་ཀྱིས་གྲངས་སྤུས་གཉིས་ལ་ཇི་ལྟར་ལྟ་བ་ཡིན། 
        འབྲོང་། ཉིད་ཀྱི་གདེངས་འཇོག་དེ་ང་ལ་དེ་འདྲ་འཚམ་པོ་ཞིག་མ་རེད། ངས་ནམ་ཡང་རང་ཉིད་ཚད་ལྡན་གྱི་སྙན་ངག་པ་ངོ་མ་ཞིག་ཏུ་འདོད་ཀྱིན་མེད།ད་ལྟའི་བར་རང་ཉིད་ཀྱི་ཞེ་སེམས་དཀྲུགས་ཤིང་མི་རིགས་ཀྱི་ཤ་ཁྲག་འཁོལ་ནུས་པའི་བརྩམས་ཆོས་ཤིག་ཐོན་མ་ཐུབ་པས་ཡིན། འདིར་ཉིད་ནས་བརྩམས་ཆོས་ཀྱི་གྲངས་སྤུས་གཉིས་ཐད་ཀྱི་འདོད་ཚུལ་ཞིག་ཤོད་ཟེར་ན་འདི་ལྟར་ལབ་པར་འདོད་དེ།བརྩམས་ཆོས་ཀྱི་གྲངས་ཀ་དང་སྤུས་ཀ་གཉིས་ནི་ཕན་ཚུན་འདྲ་མཚུངས་སུ་བསྡུར་ཆོག་པ་ཞིག་མ་རེད། བརྩམས་ཆོས་གྲངས་མང་པའི་རྩོམ་པ་པོའི་བརྩམས་ཆོས་དེ་སྐལ་བརྒྱར་མི་ནུབ་པའི་ངེས་པ་མེད་ལ།ཡང་རྩོམ་པ་པོ་ལ་ལས་མི་ཚེ་གང་པོར་བརྩམས་ཆོས་རེ་འགའ་ལས་མ་བྲིས་ན་ཡང་ལོ་རྒྱུས་ཀྱིས་ནམ་ཡང་དེ་བརྗེད་མི་སྲིད་པ་རེད། དཔེར་ན། ཨ་མེ་རི་ཀའི་བརྩམས་སྒྲུང་རིང་མོ《སྐྱོམ(飘)》ཞེས་པའི་རྩོམ་པ་པོ་མཱ་ཀི་ལི་ཐི་མེ་ཆེར་ལྕམ་མོར་མི་ཚེ་གང་པོར་བརྩམས་ཆོས་དེ་གཅིག་པུ་ལས་མེད་པ་ལྟ་བུ་རེད། ལྷག་པར་དུ་སྙན་ངག་ནི། བཀླགས་ཚར་རྗེས་ཡིག་འབྲུ་རེ་རེ་ཀློག་པ་པོ་རང་ཉིད་ཀྱིས་སེམས་གཏིང་ནས་བརྗོད་འདོད་པ་དེ་ཡིན་ཞིང་། ཡང་རང་ཉིད་ནས་བརྗོད་མི་ནུས་པ་ལྟ་བུ་ཞིག་ཡིན་དགོས་འདོད། གལ་ཏེ་གསར་རྩོམ་ལ་ཞུགས་པའི་ལས་དང་པོ་བ་ཞིག་ལ་མཚོན་ན་གྲངས་ཀ་ནས་སྤུས་ཀའི་བར་དུ་བརྒྱུད་རིམ་ཞིག་ཡོད་དགོས་པ་རེད། དེ་ནི་སྦྱོར་བརྡར་རེད། དེ་ཡང་རོལ་མྱོང་དང་འཚོལ་སྙེག  གསར་སྐྲུན་སོགས་མུ་ནས་མུ་རུ་བྱེད་པའི་གོ་རིམ་དེ་རེད། དེ་ལྟར་སྙན་ངག་གི་ཡིད་བརྙན་འཛོམས་པའི་དུས་སུ་ད་གཟོད་སྙན་ངག་གིས་མི་སེམས་སྒུལ་ནུས་ལ།ད་གཟོད་སྤུས་ཀའི་ཕྱོགས་སུ་འཕུར་མཆོང་བྱེད་ཐུབ་སྙམ། 
        ཁྲི་སེམས་དཔའ། ཁྱེད་ཀྱིས་བྲིས་པའི《ཆུང་མ་གཉིད་ཟིན   ངས་སྙན་ངག་འབྲི་བཞིན་ཡོད》ལྟ་བུར་མཚོན་ན་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་མྱོང་པ་མ་ཟད། བདམས་དེབ་མང་པོའི་ནང་བདམས་འདུག  ཁྱེད་རང་གིས་བལྟས་ན་སྙན་ངག་དེའི་ལེགས་ཆ་གང་དུ་འདུག་སྙམ།  
        འབྲོང་། ངས་བལྟས་ན་སྙན་རྩོམ་དེ་ཀློག་པ་པོ་དག་གི་མྱོང་རོལ་བྱེད་སྟངས་ཤིག་ལ་མཐུན་པར་གྱུར་པའམ་ཡང་ན་སེམས་ཀྱི་རྨ་ཁ་གང་ཞིག་ལ་ཐོགས་རེག་བྱུང་བས་ལོས་ཡིན་སྙམ། དེ་མ་གཏོགས་ངས་ད་ལྟ་ད་དུང་ཡང་སྙན་ངག་དེ་ཚད་ལྡན་གྱི་སྙན་ངག་ཅིག་ཏུ་འདོད་ཀྱིན་མེད། གལ་ཏེ་ཉིད་ནས་སྙན་ངག་འདིའི་ལེགས་ཆ་ཞིག་ས་བཙལ་རྡོ་བཙལ་བྱས་ནས་འཆད་དགོས་ཟེར་ན། དེ་ནི་རང་མི་རིགས་ཀྱི་འཚོ་གནས་ཁོར་ཡུག་དང་སྤྱི་ཚོགས་གནས་བབས་ལ་བཅངས་པའི་གདུང་སེམས་དེ་སེམས་ཀྱི་ཚོར་རྟོག་གང་རུང་ནས་མཆེད་དེ། ཚིག་གི་མངོན་ལྐོག་ཅི་རིགས་སུ་ཁྱབ་པ་དེ་ལོས་ཡིན་འདོད། 
        ཁྲི་སེམས་དཔའ། ཁོ་བོ་ནི་ཁྱེད་ཀྱི་སྙན་ངག《སྐྱོབ་ཐབས་མེད་པའི་མི་དེ》ཞེས་པ་ཀློག་པར་ཤིན་ཏུ་སྤྲོ། སྙན་ངག་དེ་ནི་ཁྱེད་རང་ཉིད་ཀྱི་བསྡུས་གཟུགས་ཤིག་ཡིན་པར་འདོད་ལ། ཡང་གཅིག་བཤད་ན། སྙན་ངག་གི་རྒྱལ་སྲས་གང་ཞིག་སྒྱུ་རྩལ་འཚོལ་སྙེག་གི་ལམ་དུ་སྐྱོད་སྐབས་འཕྲད་པའི་སྨྲེང་སྐྱོ་དང་། ན་ཟུག  ཨུ་ཐུག་ཐབས་ཟད……མང་པོ་ཞིག་གཟུགས་བརྙན་དང་བཅས་མཐོང་ལམ་དུ་མངོན་འོངས་ཏེ། དཔེར་ན། “སྐྱོབ་ཐབས་མེད་པའི་མི་དེ/དེ་ལྟར་ལམ་ལ་ཆས་ཟིན/བསམ་བློ་དང་ཐ་སྙད་ཁོ་ན་ཁྱེར་ནས/དབུལ་ཞིང་ཕོངས་པའི་ངང་ལམ་ལ་ཆས་ཟིན”ལྟ་བུའོ། ཁྱེད་ཀྱིས་བལྟས་ན་དེ་འདྲ་རེད་དམ། 
        འབྲོང་།  ཉིད་ནས་དེ་ལྟར་བརྗོད་ཀྱང་མི་ཆོག་པ་མི་འདུག  སྤྱིར་ན་སྙན་ངག་ནི་ཆེས་དག་གཙང་གི་སྐད་ཆ་ཞིག་ཡིན་ལ། དེར་བློ་གྲོས་ཀྱི་ཉིད་བཅུད་འདུས་ཡོད་པ་དང་། དེ་ཐད་ཀར་དུ་རྣམ་ཤེས་ཀྱི་གཏིང་རིམ་དུ་འཕྲོ་ཐུབ་པ་ཞིག་ཡིན་པས། འཇར་པན་པས་སྙན་ངག་ནི“སྐད་ཆའི་བླ་སྲོག”ཏུ་གཟུགས་འགོད་བྱེད་པ་ཡིན་ཟེར། དེ་བས་སྙན་ངག་དངོས་མ་ཞིག་རྩོམ་རྒྱུ་ནི་ཤིན་ཏུ་ནས་ཁག་པོ་ཞིག་ཡིན་ལ།  སྙན་ངག་པ་རྣལ་མ་ཞིག་བྱེད་རྒྱུ་ནི་དེ་བས་ཀྱང་དཀའ་མོ་ཞིག་ཡིན་ངེས། ཡིན་ན་ཡང་། སྙན་ངག་པས་རང་དབང་འཆར་ཡན་གྱི་དག་ཞིང་ཞིག་དཀའ་སྡུག་གིས་འཚོལ་གྱིན་ཡོད། དེ་བས་སྙན་ངག་པ་ནི་རང་རློམ་ཁེངས་དྲེགས་ཀྱིས་བགྲོད་ཀྱིན་ཚེ་སྲོག་གིས་སྙན་ངག་འབྲི་བཞིན་ཡོད་པས། ཁོ་ཚོས་བྲིས་པའི་སྙན་ངག་གིས་མི་སེམས་སྒུལ་ནུས་ཤིང་། ལན་བརྒྱར་བཀླགས་ཀྱང་སུན་སྣང་མེད་པའི་ནུས་ཤུགས་ཐོན་པ་རེད། 
        མི་ཚེ་ནི་ཤིན་ཏུ་དཀའ་སྡུག་ཆེ་བ་ཞིག་རེད་ལ། སྙན་ངག་པས་དཀའ་སྡུག་འདི་དག་དམར་རྗེན་རྗེན་དུ་ཕྱིར་མངོན་དུ་འཇུག་གིན་ཡོད། འདི་ནི་གཞན་གྱིས་འཇོན་མི་ནུས་པ་ཞིག་ཀྱང་ཡིན། སྙན་ངག་པས་རང་ཉིད་ཀྱི་འདུ་ཤེས་སམ་བསམ་བློ་དེ་སྐྱེ་འགྲོ་ཡོངས་ཀྱི་མཁའ་དབྱིངས་སུ་བཏེགས་ཏེ། འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ལ་ལྟ་ཞིབ་བྱེད་ཀྱིན་དགེ་སྡིག་དང་མཛེས་བཙོག  དགའ་སྐྱོ། ཆགས་སྡང་སོགས་རང་གི་བླ་སྲོག་གིས་བཙོ་སྦྱང་བྱས་ཏེ། མི་རྣམས་ལ་གསལ་སྟོན་བྱེད་ཀྱིན་ཡོད་པས། གོ་རིམ་འདི་དག་གི་ཁྲོད་དུ་ཉིད་ནས་བཤད་པ་ནང་བཞིན་གྱི“སྨྲེང་སྐྱོ་དང་། ན་ཟུག  ཨུ་ཐུག་ཐབས་ཟད”སོགས་ཐ་ན་རང་སྲོག་གཅོད་པའི་བསམ་ཚུལ་ཡང་འབྱུང་ངེས་རེད། དེ་བས་སྙན་ངག་པ་ནི་ཁེར་རྐྱང་ཡིན་ལ། ཁེར་རྐྱང་ཡིན་པའི་རྐྱེན་གྱིས་ད་གཟོད་གཞན་དང་ཐུན་མིན་དུ་སོང་ཞིང་། གཞན་དང་ཐུན་མིན་ཡིན་པའི་རྐྱེན་གྱིས་ད་གཟོད་མཚུངས་མེད་ཀྱི་སྙན་ངག་བསྐྲུན་ཞིང་མི་སེམས་ཀྱི་སྒོ་གླེགས་རྡུང་བ་རེད། 
       ཁྲི་སེམས་དཔའ། བོད་ཀྱི་སྙན་ངག་གི་གནས་བབ་ཐད་ནས་རང་གི་དྲན་ཚུལ་མདོར་ཙམ་གླེང་རོགས། 
       འབྲོང་། བོད་ཀྱི་སྙན་ངག་ཅེས་ན་ཧ་ཅང་རྒྱ་ཆེ་ལ་གཏིང་ཟབ་པས། དེའི་གནས་བབ་གླེང་བར་ང་ལྟ་བུ་ཞིག་གིས་རྔོ་ཐོགས་དཀའ་བ་ཞིག་རེད། ཡིན་ན་ཡང་། ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས《སྙན་ངག་མེ་ལོང་མ》བོད་དུ་བསྒྱུར་བ་ནས་བཟུང་། བོད་དུ་སྙན་ངག་པ་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་ཞིང་།  མཆོག་ཏུ་གྱུར་པའི་སྙན་ངག་གི་བརྩམས་ཆོས་ཀྱང་གང་མང་བྱུང་བ་རེད། འདིས་ཕྱོགས་གཅིག་ནས་བོད་ཀྱི་སྙན་ངག་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་པའི་དུས་མཚུངས་སུ། གདོད་མའི་གཤིས་སུ་གྲུབ་པའི་བོད་རང་སྲོལ་གྱི་སྙན་ངག་འཕེལ་རྒྱས་དང་སྙན་ངག་པའི་ངག་གམ་སྨྲ་བརྗོད་ཀྱི་རང་དབང་ལ་ཚད་བཀག་ཐེབས་པའམ་ཡང་ན་སྤྱི་འགྲོས་ཤིག་ཏུ་བཟོས་སོང་བ་དེ་རེད།  ལོ་རབས་བརྒྱད་ཅུ་པ་ནས་བཟུང་བོད་ཀྱི་སྙན་ངག་གི་རྩོམ་སྲོལ་འབྲི་སྟངས་ལ་བཅིངས་འགྲོལ་ཐོབ་སྟེ།རང་མོས་སྙན་ངག་གི་མགོ་གསར་དུ་དར་བ་རེད། དེས་བོད་ཀྱི་སྲོལ་རྒྱུན་སྙན་ངག་ལ་ཕོག་ཐུག་གང་མང་བཟོས་པས། “སྙན་ངག་རྐང་ཆག་མ”དང“སྙན་ངག་འཐེང་འགྲོས་མ”སོགས་ཀྱི“ཆོ་ལོ”ཡང་དུ་མ་གནང་སྟེ། ཕྱིར་ཕུད་གཏང་གང་ཐུབ་བྱས་མྱོང་། ཡིན་ན་ཡང། དུས་རབས་ཀྱི་གོམ་འགྲོས་དང་མི་མང་གི་བློ་མོས་འགོག་ཐབས་མེད་པས། རང་མོས་སྙན་ངག་ཀྱང་བོད་ཀྱི་རྩོམ་སྟེགས་སུ་རྩ་བ་ཚུགས་ཤིག་རྩེ་མོ་འབུས་ཐུབ་པ་བྱུང་ཡོད། 
        སྤྱིར་ན་རང་མོས་སྙན་ངག་བོད་དུ་དར་ནས་ལོ་ངོ་ཉི་ཤུ་ཙམ་ལས་འགོར་མེད་ན་ཡང་། ངོ་རྒོལ་གྱི་དར་ལྕོག་གང་སར་བཙུགས་ཏེ། མི་གཤིས་ལ་ངོ་རྒོལ་དང་རྒྱུ་འབྲས་ལ་ངོ་རྒོལ། ཆོས་ཉིད་ལ་ངོ་རྒོལ། སྲོལ་རྒྱུན་དང་འབྲེལ་བའི་ཤུལ་བཞག་རིག་གནས་ཡོད་ཚད་ལ་ངོ་རྒོལ་བྱེད་པའི་བསམ་བློ་སྣ་ཚོགས་འབུས་ཏེ། སྙན་ངག་གསར་རྩོམ་དེ་གོ་རིམ་དང་ངེས་སྲོལ་མེད་པ་ཞིག་ཏུ་གྱུར་བ་དེ་ལས་ཕུགས་བསམ་ཉམས་རྒུད་བྱུང་རྗེས་ཀྱི་མི་སྒེར་རང་བཞིན་གྱི་ནུས་མེད་འཇོན་བྲལ་དེ་མངོན་པར་མཚོན་འདུག  དེ་མིན་མི་རིགས་གཞན་གྱི་གཡམ་ལ་བརྒྱུགས་ཏེ། “སྔོན་སྐྱོད་པ”དང“ཁོག་སྨད་པ”སོགས་ཀྱི་གྲུབ་མཐའ་ཁག་ཅིག་ཀྱང་བྱུང་དང་འབྱུང་མུས་སུ་ཡོད་པ་རེད། དེ་དག་གི་དགེ་སྐྱོན་ལ་གནད་དུ་ཐིངས་པའི་སྤྱི་སྡོམ་འཇོག་དཀའ་མོད། འོན་ཀྱང་ད་ལྟ་ང་ཚོར་མཚོན་ན་གཞུང་སྒེར་གང་རུང་ན་དུས་དེབ་མང(མི་སྒེར་གྱི་སྙན་དེབ་དེ་བས་ཀྱང་མང)ཡང་འགྲེམ་སྤེལ་ཧ་ཅང་ཉུང་བ་དང་སྙན་ངག་པ་མང་ཡང་སྙན་ངག་བཟང་པོ་ཧ་ཅང་ཉུང་བའི་འུར་ཟིང་གི་དུས་སྐབས་ཤིག་ཏུ་གནས་པར་མ་ཟད། ད་དུང“དྲ་ཚིགས”དང“མི་སྒེར་སྙན་དེབ”སོགས་སུ་སྙན་ངག་གི་མཚན་དོན་ཕར་ཞོག་ཐ་ན་ཚིག་སྦྱོར་དང་ཐོབ་ཐང་གི་ངེས་སྲོལ་ཙམ་ཡང་མེད་པའི“གད་སྙིགས་སྙན་ངག”ཧ་ཅང་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་ནི་ཤིན་ཏུ་ནས་ཡིད་སྐྱོ་བ་ཞིག་རེད།
         ཁྲི་སེམས་དཔའ། ཁོ་བོས་ཀྱང་སྙན་ངག་ཁ་ཤས་བྲིས་མྱོང་། ལར་སྙན་ངག་ཚན་པ་གཅིག་གྲུབ་རྗེས་སྣང་ངོར་སྙན་ངག་དེ་ཅུང་ལེགས་པོ་འདུག་སྙམ་པའི་ཚོར་བ་སྟེར། ཡང་སྐབས་འགར། བྲིས་ཚར་བའི་སྙན་ངག་གང་དེས་རྩོམ་མཁན་རང་ཉིད་ལ་ཡིད་འགུལ་ཐེབས་པར་བྱེད་ཅིང་མིག་ཆུ་འབྱིན་དུ་འཇུག  ཁོ་བོའི་བསམ་ཚུལ་ལ། སྙན་ངག་ལེགས་པོ་ཞིག་ཡིན་ཚེ། ཐོག་མར་རྩོམ་མཁན་རང་ཉིད་ཡིད་འགུལ་ཐེབས་སུ་འཇུག་པ་དེ་འདྲ་ཞིག་ཡིན་དགོས་སྙམ། ཁྱེད་ལ་དེ་འདྲའི་ཚོར་བ་ཡོད་དམ། ཡང་ན་ཁྱེད་ཀྱི་སྙན་ངག་གི་ལེགས་ཉེས་དེ་ཇི་ལྟར་དབྱེ་བ་ཡིན།
        འབྲོང་། དེ་འདྲ་ཞིག་རེད་ཀྱང་རེད་ལ་ཡིན་ཡང་དགོས་རྒྱུ་རེད། རང་གི་བརྩམས་ཆོས་ཀྱིས་རང་ཉིད་ཀྱང་ཡིད་འགུལ་ཐེབས་སུ་འཇུག་མི་ནུས་ན་གཞན་ནི་སྨོས་ཅི་དགོས། རང་གིས་བྲིས་པའི་སྙན་ངག་ཅུང་ལེགས་པོ་ཞིག་རེད་འདོད་པ་རེ་འགས་རང་ཉིད་ལ་སེམས་འགུལ་ཐེབས་སུ་བཅུག་ནས་ལན་རེར་མཆི་མ་ཤམ་ཤམ་དུ་བཞུར་འོང་དུས་ཀྱང་ཡོད་སྲིད། ཡིན་ན་ཡང་། རང་ཉིད་གཅིག་པུ་ཡིད་འགུལ་ཐེབས་པ་དེས་ཁྱོད་ཀྱི་སྙན་ངག་དེ་ནི་བཟང་པོ་ཞིག་ཡིན་པའི་ངེས་པ་མེད་དེ། ད་དུང་མི་གཞན་དག་ཀྱང་ཡིད་འགུལ་ཐེབས་སུ་འཇུག་དགོས་པ་རེད། དེ་ནི་སེམས་ཁོང་གི་སྦྲེལ་ཟམ་ཞིག་བཙུགས་ཏེ། ཁྱོད་ཀྱི་སྙན་ངག་གིས་ཀློག་པ་པོ་བཟི་ཞིང་མྱོས་པར་བྱས་ཏེ། རང་དང་གཅིག་མཚུངས་ཀྱི་ཚོར་འདུ་ལུད་དུ་འཇུག་དགོས་པ་དེ་རེད། ངས་སྔར་ཡང་བཤད་མྱོང་བ་སྟེ། “སྙན་ངག་འབྲི་བ་ནི་བླ་སྲོག་གི་གཤག་བཅོས་ཐེངས་ཤིག་དང་། རང་སེམས་ཀྱི་མནར་གཅོད་ཐེངས་ཤིག་རེད།” དངོས་གནས་ང་ལ་མཚོན་ན་དེ་འདྲ་ཞིག་རེད། ལན་རེར་སྙན་ངག་ཚན་པ་གཅིག་འབྲི་བཞིན་པའི་སྐབས་དང་ཡང་ན་བྲིས་ཚར་མ་ཐག་འདུག་བཟོད་མེད་པར་གྱུར་ཏེ། སྨྱོ་ལ་ཁད་དུའང་བཟོ་ཡོང་གི  དེ་བས་ང་སྙན་ངག་འབྲི་བར་ཧ་ཅང་ཞེད་པོ་འདུག་ཅེས་བཤད་ན་གཞན་གྱིས་འཕྱ་སྨོད་བྱེད་ཀྱང་སྲིད་ངེས།
         སྙན་ངག་གི་ལེགས་ཉེས་ཞེས་ན་དེ་ནི་ཧ་ཅང་ཁག་པོ་ཞིག་རེད། སྤྱིར་ན་སྙན་ངག་ལ་ལེགས་ཉེས་ཀྱི་གཅིག་གྱུར་ཚད་གཞི་ཞིག་ཡོད་དམ། གལ་ཏེ་ཡོད་ན་དེ་ནི་སུས་བཟོས་པ་རེད། དེ་བཟོ་བའི་དབང་ཆ་སུ་ལ་ཡོད། གང་ཞིག་ལ་རྒྱབ་རྟེན་ལུང་བཅོལ་བྱས་ནས་བཟོས་པ་རེད། ཡིན་ན་ཡང་། སྙན་ངག་གི་ལེགས་ཉེས་སམ་དགེ་སྐྱོན་དེ་ནང་དོན་དང་བརྗོད་བྱ་ཁོ་ནའི་སྟེང་ཡོད་པ་ཞིག་མ་རེད། དེ་ནི་སྙན་ངག་པས་རང་ཉིད་སྙན་ངག་ཅེས་པའི་གསེར་ནག་འདི་དང་ལྷན་དུ་བཙོ་སྦྱང་བྱས་པའི་གར་ཚད་ལ་རག་ལས་ཡོད་པ་ཞིག་རེད། དབྱིན་ཇུའི་མིང་དུ་གྲགས་པའི་དེངས་རབས་གྲུབ་མཐའི་སྙན་ངག་པ་དང་རིག་རྩལ་དཔྱད་བརྗོད་པ་ཨེ་ལོས་ཐི་ཡིས“སྙན་ངག་ནི་ཁ་བ་སྣག་ཚའི་ཤུལ་རྗེས་སུ་བསྒྱུར་བའི་ཟུག་གཟེར་རེད”ཅེས་པ་ལྟར། ང་ཚོས་དོན་བྱ་གང་ཞིག་མྱོང་བརྒྱུད་བྱས་ཤིང་།བརྒྱུད་རིམ་དེ་ཟུངས་ཁྲག་ཏུ་བསྲེས་ཏེ། སླར་ཡང་དེ་སྣག་ཚ་རུ་བསྒྱུར་ན་ད་གཟོད་ཆེས་རྣལ་མ་དང་ཆེས་མི་སེམས་སྒུལ་བའི་སྙན་ངག་འབྱུང་ཐུབ་པ་རེད་འདོད།
         ཁྲི་སེམས་དཔའ། ཁོ་བོའི་བསམ་ཚུལ་ལ། དེང་གི་དཔྱད་བརྗོད་པར་རློམ་མཁན་མང་ཤས་ཀྱིས་མཐོང་ཐོས་རེག་ཡུལ་དུ་གྱུར་པའི་ཐུན་མོང་གི་མྱོང་བ་གང་ཞིག་ཀློག་འགྲེལ་བྱེད་པ་ལས། སྙན་ངག་པའི་འགན་འཁྲིས་བརླམས་པའི་ཡིད་འགྱུར་གང་ཞིག་རིས་སུ་འཁྱུག་པའི་དམིགས་བསལ་གྱི་ཚོར་བ་དག  ང་ཚོའི་ཁོར་ཡུག་ཏུ་བྱུང་དང་འབྱུང་བཞིན་པའི་དོན་རྐྱེན་སྣ་ཚོགས་པ་དང་། ཡང་ན་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་མཐུག་པོ་ཞིག་དང་སྦྱར་ནས་དཔྱད་ཐུབ་མཁན་རེ་གཉིས་ལས་མི་འདུག  དེ་བས། དཔྱད་བརྗོད་པ་དང་སྙན་ངག་པ་གཉིས་ནམ་ཡང་བར་ཐག་གིས་བཀྱེད་འདུག་ལ། ཕན་ཚུན་སྐུལ་འདེད་ཀྱི་ནུས་པ་ཡང་ཆེན་པོ་ཐོན་ཀྱིན་མི་འདུག ཁྱེད་ཀྱིས་བལྟས་ན་དེ་འདྲ་རེད་དམ། དེར་ཁྱེད་ལ་ལྟ་ཚུལ་ཅི་ཞིག་མཆིས། 
        འབྲོང་། ད་ལྟ་ང་ཚོ་བོད་ལ་དཔྱད་བརྗོད་པ་ཧ་ཅང་དཀོན་པོ་རེད། ལྷག་པར་དུ་མིང་དོན་མཚུངས་པའི་སྙན་ངག་དཔྱད་བརྗོད་པ་ནི་བརྒྱ་ལམ་ཙམ་ནའང་རྙེད་ཁག་པོ་རེད། དེང་སྐབས་ང་ཚོ་བོད་པའི་སྙན་ངག་ཀྱང་སེམས་ཁྲལ་སྐྱེས་སུ་འཇུག་པ་ཞིག་རེད། སྙན་ངག་པར་རློམ་མཁན་མང་ཡང་སྙན་ངག་ཏུ་བགྲང་ཆོག་པའི་བརྩམས་ཆོས་ཉུང་ཤོས་རེད། འདི་ལས་སྙན་ངག་དཔྱད་བརྗོད་ཀྱི་ནུས་མེད་གཅོམ་ཆུང་གི་སྣང་ཚུལ་སྟོན་གྱིན་ཡོད་ལ། དཔྱད་བརྗོད་ཀྱི་ཁྲིད་སྟོན་ནུས་པ་ཆེ་ཆེར་ཐོན་གྱིན་མེད་པའང་མཚོན་འདུག  ཡང་དཔྱད་བརྗོད་པ་རེ་འགའ་ནས་སྙན་ངག་གི་ཚིག་གྲུབ་དང་སྙན་ངག་གི་སྣང་གཟུགས། སྙན་ངག་གི་ཡིད་བརྙན། སྙན་ངག་གི་རྒྱབ་ལྗོངས། སྙན་ངག་གི་ཤུགས་བསྟན་སོགས་ལ་སྣང་དོག་མི་བྱེད་པའམ་ཡང་ན་མ་རྟོགས་པར་ཕྱི་ངོས་ཙམ་དང་ཚིག་དུམ་རེ་གཉིས་ལ་འཐམ་ནས། བྱུང་རྒྱལ་དུ་སྨོས་པའི་ཚིག་ཉོག་དག་གིས་ཀློག་པ་པོར་ལོག་སྟོན་དང་སྙན་ངག་གསར་རྩོམ་ལོག་ཁྲིད་བྱེད་ཀྱིན་ཨེ་ཡོད་སྙམ། དེ་མིན་ད་དུང་རང་རེའི་དཔྱད་བརྗོད་པ་སྤྱི་ལ་ནད་རྙིང་ཞིག་ཡོད་པ་ནི“བསྟོད་པ”ཡི་མཆོད་སྤྲིན་གང་སར་གཏིབས་ཀྱིན་པ་དེ་རེད།  སྙན་ངག་ལ་ཡང་སྒྱུ་རྩལ་ལས་སྣེ་གཞན་དག་དང་འདྲ་བར་གཞན་གྱིས་དཔྱད་བརྗོད་དང་དོ་སྣང་བྱེད་དགོས་པར་མ་ཟད། ད་དུང་རྩོད་གླེང་དང་ཐ་ན་སུན་འབྱིན་དང་རྩིས་མེད་དུ་ཡང་བཏང་ཆོག  དེ་ལྟ་དེ་ལྟར་ང་ཚོས་རང་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་ལ་དམིགས་ནས། སྙན་ངག་གསར་རྩོམ་ལ་སྣང་ཚུལ་ལེགས་པོ་ཞིག་དང་། སྙན་ངག་གསར་རྩོམ་གྱི་རྒྱབ་བརྟེན་ཏེ། སྙན་ངག་དཔྱད་བརྗོད་ཀྱི་ལས་འདི་གང་ལེགས་སྒོས་སྤེལ་ན་འོས་སྙམ།
        ཁྲི་སེམས་དཔའ། ཁྱེད་ཀྱི་གསར་རྩོམ་ལྟ་བ་མཚོན་པའི《སྙན་ངག་པའི་འགན་འཁྲི་དང་སྙན་ངག་པའི་ན་ཟུག》ཅེས་པའི་རྩོམ་དུ“སྙན་ངག་པའི་རང་ཉིད་ཀྱི་ཁོར་ཡུག་ཆུང་ངུ་ཞིག་ནས་ནད་མེད་འཁུན་སྒྲ་འབྱིན་པ་དང་། ཚོར་སྣང་མཚར་བོ་ཙམ། ཚིག་སྦྱོར་བདེ་མོ་ཙམ་ལ་ཤི་འཐམ་རོ་འཐམ་མི་བྱེད་པར། མི་དམངས་ཀྱི་ཕྱོགས་ནས་ལངས་ཏེ་མི་དམངས་ཀྱི་བདེ་སྡུག་ཡིད་དུ་བརྣག་དགོས་ལ། བདེན་དོན་གྱི་རང་སྒྲ་སྒྲོག་དགོས”ཞེས་བྲིས་འདུག  ཁྱེད་ཀྱིས་བལྟས་ན་བོད་དུ་དེ་ལྟ་བུའི་སྙན་ངག་པ་ཡོད་དམ་མེད། ཡང་ན་ཁྱེད་རང་ཉིད་ཀྱིས་དེ་ལྟ་བུའི་ནུས་ཐོན་ཐུབ་ཡོད་དམ། 
         འབྲོང་།  རེད་ཡ། ང་ཚོ་བོད་པའི་སྙན་ངག་པ་དག་ཀྱང་སྤྱི་ཚོགས་འཕེལ་འགྱུར་གྱི་ལོ་རྒྱུས་གོ་རིམ་ཁྲོད་གནས་ཡོད་ལ། རིག་གནས་ཀྱི་དར་རྒུད། གཞིས་ཡུལ་གྱི་ཆགས་འཇིག  མི་རིགས་སམ་མི་དམངས་ཀྱི་ལས་དབང་སོགས་ལ་རང་ཉིད་ཀྱི་ལྟ་ཞིབ་དང་བསམ་གཞིག  ཐ་ན་ན་ཟུག་གི་མྱོང་གྲུབ་ཀྱང་ཡོད་ངེས་རེད། ཁོ་ཚོས་རང་ཉིད་ཀྱི་བརྩམས་ཆོས་དག་ལས་འདི་དག་ཡོད་ཚད་མངོན་པར་མཚོན་དུ་བཅུག་སྟེ། སྤྱི་ཚོགས་དང་མི་དམངས་ལ་བསམ་བློའི་རྒྱགས་ཕྱེ་བྲོ་བཅུད་ལྡན་པ་ཞིག་མཁོ་འདོན་བྱས་ན་འོས། ཡིན་ན་ཡང་། དོན་དངོས་སྟེ་འདི་འདྲའི་རང་རྟོགས་ཀྱི་འདུ་ཤེས་ལྡན་པའི་སྙན་ངག་པ་ཧ་ཅང་དཀོན་ཞིང་། སྤྱི་ཚོགས་དང་དུས་རབས། མི་རིགས་བཅས་ཀྱི་ན་ཟུག་དང་འོ་དོད། དགའ་སྐྱོ་དང་ཆགས་སྡང་། བླ་སྲོག་དང་བདེན་དོན་སོགས་ཀྱི་འོད་སྣང་མ་ཡལ་བའི་བརྩམས་ཆོས་ནི་དེ་བས་དཀོན་པར་སྣང་། དེ་བས་སྙན་ངག་པས་ལོ་རྒྱུས་ཀྱི་ལས་སྐལ་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ། མི་དམངས་དང་གཞིས་ཡུལ། མི་རིགས་བཅས་དང་ཤི་གསོན་མཉམ་གནས་ཀྱི་ལས་དབང་ཐེགས་པར་བྱ་དགོས། 
         ཕྲན་རང་ཉིད་ནས་དེ་འདྲའི་ནུས་པ་ཐོན་གྱིན་མེད་པ་ཀུན་གྱི་མིག་མཐོང་ལག་ཟིན་རེད་ལ། རང་ཉིད་ལ་དེ་འདྲའི་འཇོན་ཐང་ཡང་མི་འདུག  ཡིན་ན་ཡང་། ངས་བརྩམས་ཆོས་གང་ཞིག་འབྲི་ན་ཡང་སྤྱི་ཚོགས་དང་དུས་རབས། གཞིས་ཡུལ་དང་མི་རིགས་ཀྱི་ཤ་ཁྲག་རུས་གསུམ་གྱི་གཏིང་རིམ་ན་འཚེར་བའི་བླ་སྲོག་དེ་བརྗེད་ཀྱིན་མེད། རྒྱུ་མཚན་ནི་རང་ཉིད་སྤྱི་ཚོགས་འདི་དང་དུས་རབས་འདིའི་མི་རབས་ཁྲོད་ཀྱི་གཅིག་ཡིན་པ་དང་། གཞིས་ཡུལ་འདི་དང་མི་རིགས་འདིས་ནུ་ཞོས་གསོས་པའི་བུ་ཕྲུག་ཅིག་ཡིན་པའི་རྐྱེན་གྱིས་ཡིན།
        ཁྲི་སེམས་དཔའ། ལ་ཤས་ཀྱིས་སྒྱུ་རྩལ་ཡོད་དོ་ཅོག་རང་རང་གི་འདོད་མོས་ལ་བསྟུན་པའམ་ཡང་ན་རང་གི་ཆེད་དུ་ཡིན་པར་རློམ། སྐད་ཆ་དེ་འདྲ་བཤད་མཁན་ནི་རང་རེ་ཚོའི་ཁྲོད་དུ་ཡོད་ལ། འཛམ་གླིང་གི་གྲགས་ཆེ་བའི་མཁས་པའི་ཁྲོད་དུ་ཡང་ཡོད།  དེར་ལྟ་ཚུལ་ཞིག་གླེང་ན་ཆོག་གམ།  
         འབྲོང་། འདི་ནི་དྲི་བ་ཅུང་ཁག་པོ་ཞིག་རེད། འོན་ཀྱང་ངས་བསམ་ན་དེ་ནི་སྒྱུ་རྩལ་གསར་རྩོམ་པ་རང་ཉིད་ཀྱི་དགོས་མཁོ་གང་ཞིག་སྟེ། རྒྱུ་ཟོག་གི་དགོས་མཁོ་དང་བསམ་བློའི་དགོས་བསྐང་བའི་ཕྱིར་འདོད་ཀྱིན་པ་འདྲ། ལྷག་པར་དུ་ཚོང་ཟོང་དཔལ་འབྱོར་གྱི་དུས་འདིར“སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་གཉེར་མཁན”ཅུང་དཀོན་པོ་ཡིན་རྒྱུ་རེད། “སྒྱུ་རྩལ་ནི་རང་ཉིད་ཀྱི་ཆེད་དུ་རློམ”ནའང་མི་ཆོག་པ་ཆེར་མི་འདུག  ཐོག་མར་ཁྱོད་རང་ཉིད་ཀྱི་སྒྱུ་རྩལ་བརྩམས་ཆོས་ལ་བསྟེན་ནས་རང་གི་ཁེ་གྲགས་ཇེ་མཐོར་བཏང་ཆོག་ཆོག་རེད། ཁེ་ནི་འཚོ་གནས་ཀྱི་གནད་དོན་རེད་ལ། གྲགས་ནི་གོང་བཀུར་ཀྱི་གནད་དོན་རེད། དེ་ལྟར་འཚོ་གནས་ཀྱི་རྨང་གཞིའི་སྟེང་ནས་སྙན་གྲགས་རྒྱས་ཚེ། ཁྱོད་ཀྱི་སྒྱུ་རྩལ་བརྩམས་ཆོས་དེ་ལ་ཀུན་གྱིས་ཁས་ལེན་དང་རིན་ཐང་ཡོད་པའང་རྟོགས་ཐུབ་ལ། མཐར་ཁྱོད་ཀྱི་སྒྱུ་རྩལ་བརྩམས་ཆོས་དེས་མི་དམངས་ལ་ཞབས་འདེགས་ཀྱང་ཞུ་ཐུབ་ངེས་རེད། འོན་ཀྱང་ང་ཚོ་ལ“སྒྱུ་རྩལ་དཀའ་ཐུབ་པའི”སྙིང་སྟོབས་ཀྱང་མེད་དུ་མི་རུང་བ་ཞིག་རེད་འདོད། ཁོ་ཚོས་རང་ཉིད་བློས་བཏང་གིས་སྒྱུ་རྩལ་ཁོ་ན་གཉེར་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཡོད་ཚད་དམིགས་པའི་བསམ་བློ་དེས་ང་ཚོ་ལ་རྟོག་སད་དང་བློ་སྒོ་གཞན་ཞིག་ཀྱང་འབྱེད་ངེས།
       ཁྲི་སེམས་དཔའ།  མཇུག་ཏུ། རང་དང་ན་མཉམ་པའི་བོད་ཀྱི་སྙན་ངག་པ་དང་རྗེས་རབས་པ་རྣམས་ལ་ཅིས་ཀྱང་ཚིག་ཀ་འགའ་བརྗོད་རོགས་ཞེས་བསྐུལ་ཚེ། འཆད་འདོད་པ་དེ་ཅི་ཞིག་ཡིན་ནམ།
        འབྲོང་། ད་ངས་གོང་གི་དྲིས་ལན་དག་ལས་ཕལ་ཆེར་བཤད་ཟིན་པ་འདྲ། ཡང་ཡིན་གཅིག་མིན་གཉིས་ཚིག་འགའ་བཤད་དགོས་ཟེར་ན། སྙན་ངག་ནི་ཐ་སྙད་ཡོད་ཚད་བཙོ་སྦྱང་བྱས་པའི་ཉིང་བཅུད་ཡིན་ལ། དེ་ནི་ས་ཆེན་པོ་འདི་དང་མིའི་རིགས་འདིའམ་འགྲོ་བ་ཡོད་དོ་ཅོག  དེ་མིན་མི་རིགས་འདིའི་ཤ་དང་རྐང་གི་གཏིང་ནས་གཞིབ་ཏེ། རང་ཉིད་ཀྱི་ཟུངས་ཁྲག་དང་རྔུལ་ཆུ་རུ་བསྲེས་ནས་ཟོལ་གྱི་མ་བཅོས་ཤིང་གཡམ་ལ་མ་རྒྱུག་པའི་གཙང་ལྷང་ལྷང་གི་ཚིག་སྦྱོར་སྤེལ་རྒྱུ་དེ་ཡིན།
        ཁྲི་སེམས་དཔའ། བདག་གི་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ་ཞུ། 
        འབྲོང་། བཀའ་དྲིན་ཆེ། ཁ་དྲོ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།