སྒྲུང་གཏམ་རྩོམ་པ་པོ་སྟག་འབུམ་རྒྱལ་ལ་བཅར་འདྲི་བྱེད་པ།
རྩོམ་པ་པོ། སྟག་འབུམ་རྒྱལ། མདོ་འཛིན་པ། ཆོས་སྐྱོང་།
མདོ་འཛིན་པ། 《ལྷིང་འཇགས་ཀྱི་རྩྭ་ཐང》ནི་མཚོ་སྔོན་ཞིང་ཆེན་གྱི་བོད་ཡིག་གི་སྒྲུང་རིང་ཐོག་མར་ངོས་འཛིན་པའི་ཆ་ནས། ཁྱོད་ལ་སྒྲུང་རིང་འབྲི་བའི་ཐད་བསམ་ཚུལ་ཅིང་འདྲ་འདུག ཁྱོད་ཀྱིས་བལྟས་ན་སྒྲུང་གཏམ་རིང་མོ་ཞེས་པའི་གོ་དོན་ཅི་འདྲ་རེད།
རྩོམ་པ་པོ་སྟག་འབུམ་རྒྱལ། 《ལྷིང་འཇགས་ཀྱི་རྩྭ་ཐང》ནི་ང་རང་གི་སྒྲུང་རིང་ཐོག་མ་ཡིན་པའི་ཆ་ནས་དང་ཐོག་པར་སྐྲུང་བྱས་མ་ཐག་ཧ་ཅང་སྤྲོ་སྣང་ཆེ་བ་སྨོས་ཅི་དགོས། འོན་ཀྱང་རང་ཉིད་ལ་འཚོ་བར་ཟབ་ཞུགས་ཀྱིས་མྱོང་འདོན་བྱས་པའི་རྨང་གཞི་ཞན་པ་དང་རྒྱུ་ཆ་འཛོམས་པོ་མེད་པ། སྒྲུང་རིང་འབྲི་བའི་ཉམས་མྱོང་དབུལ་བ་བཅས་ཀྱིས་སྒྲུང་གཏམ་དེ་ལེགས་འགྲུབ་བྱུང་བའི་ཚད་དུ་བསླེབས་མི་འདུག་ངས་ནམ་རྒྱུན་དེ་ལྟར་བཤད་པའི་ཚེ་ན། གཞན་གྱི་ཟེར་སྒྲོས་ཐམས་ཅད་རང་ཉིད་ཀྱི་ལྟ་ཚུལ་དུ་སྒྲོས་པར་དགའ་བའི་མི་རེ་འགས་ངའི་སྐད་ཆ་དེར་སྒོ་བསྟུན་ཏེ་སྒྲུང་གཏམ་རིང་བོ་འདིའི་དོན་དངོས་རིན་ཐང་ལ་སྨད་ཅི་ཐུབ་བྱེད་པའི་སྣང་ཚུལ་ཡང་འདུག དེ་ནི་ཁོ་ཚོས་སྒྲུང་གཏམ་འབྲི་རྒྱུ་དེ་ནི་རྐང་གཟུག་ཡུལ་མེད་པའི་གཏམ་རྒྱུད་ཀྱི་བབ་ཅོལ་ཙམ་མིན་ལ་འཚོ་བའི་ཟང་ཟིང་ཨུ་ཚུགས་ཀྱིས་བྲིས་པའི་ཟིན་ཐོ་རྐྱང་བ་ཙམ་ཡང་མ་ཡིན་པར་གཏིང་མཐའ་བྲལ་པའི་རྣམ་ཤེས་ཀྱི་བཟོ་སྐྲུན་ཆེན་པོ་ཞིག་ཡིན་པར་གོ་བ་མ་ལོན་པས་རེད། དེ་ནི་ད་ལྟ་གཞུང་ལུགས་ཀྱི་ཤེས་བྱས་སྟོང་བའི་དཔྱད་བརྗོད་པ་འགའ་རེས“རྩོམ་པ་པོ་དང་བརྩམས་ཆོས་སོ་སོར་གྱེས་འདུག”ཅེས་ཀུ་ཅོ་འདོན་པ་དང་གཉིས་སུ་མ་མཆིས། སྤྱིར་བརྩམས་ཆོས་ཤིག་ཡིན་ཕྱིན་དེའི་བརྗེད་བྱ་དང་མཚོན་ཐབས། ཐ་ན་ཐ་སྙད་ཅིག་བཀོལ་སྤྱོད་བྱས་པའི་ཆ་ལའང་རྩོམ་པ་པོའི་གཤིས་ཀ་དང་བརྩེ་དུངས་ངེས་ཅན་ཞིག་འདྲེས་ཡོད་པས་ན་དེ་སོ་སོར་འབྱེད་པའི“ངང་བ”འམ“ཀེ་ཏ་ཀ”ཞིག་ཨེ་ཡོད་དམ། ངོ་མ་བཤད་ན《ལྷིང་འཇགས་ཀྱི་རྩྭ་ཐང》བྲིས་པ་བརྒྱུད་ནས་ང་ལ་སྒྲུང་རིང་འབྲི་བའི་ཉམས་མྱོང་ལེགས་པོ་ཞིག་ཐོབ་བྱུང་བར་མ་ཟད། སྒྲུང་གཏམ་རིང་བོ་ཞིག་ཡིན་ན་ངེས་པར་དུས་སྐབས་ངེས་ཅན་ཞིག་གི་ལོ་རྒྱུས་མཚོན་པར་བྱེད་པའི་མེ་ལོང་ལྟ་བུར་འགྱུར་དགོས་པ་སྟེ། གསོན་ཉམས་ལྡན་པའི་སྣང་བརྙན་རབ་དང་རིམ་པ་གསར་སློང་བྱས་པ་བརྒྱུད་ལོ་རྒྱུས་ཟིན་ཐོ་རུ་སྐྲུན་པ་དང་། སྣང་བརྙན་ལ་བརྟེན་ནས་ལོ་རྒྱུས་ལ་ངོས་འཛིན་དང་གོ་བ་སྐྱེས་པར་བྱེད་པ་ཞིག་ཡིན་པའི་ངེས་ཤེས་སྐྱེས་བྱུང་།
མདོ་འཛིན་པ། ཁྱོད་ལ་དེ་སྔ“སྦྲང་ཆར་རྩོམ་རིག་བྱ་དགའ”ཐེངས་གསུམ་དང་གཞན་ཡང་འབྲེལ་ཡོད་ཀྱི་བྱ་དགའ་ཐེངས་ཁ་ཤས་ཐོབ་པ་རེད། དེ་ནི་ཁྱོད་ཀྱི་གསར་རྩོམ་གྱི་གྲུབ་འབྲས་ལ་དགོས་ངེས་ཀྱིས་གདེང་འཇོག་ཐོབ་པ་ཡིན་ལ། དུས་མཚུངས་སུ་ཁྱོད་ལ་སྔར་ལས་མཐོ་བའི་བླང་བྱ་བཏོན་པའང་རེད། གསར་རྩོམ་བརྒྱུད་རིམ་ཁྲོད་དུ་ཁྱོད་ཀྱིས་རང་ཉིད་ལ་རེ་བ་ཇི་ལྟར་བཏོན་པ་ཡིན།
རྩོམ་པ་པོ་སྟག་འབུམ་རྒྱལ། གསར་རྩོམ་གྱི་བརྒྱུད་རིམ་ནི་ཧ་ཅང་དཀའ་ཚེགས་ཆེ་བའི་འགྲུལ་བཞུད་རིང་མོ་ཞིག་རེད་ལ་ཧ་ཅང་སྤྲོ་སྐྱིད་ལྡན་པའི་འཚོ་བ་ཞིག་ཀྱང་རེད། གསར་རྩོམ་གྱི་ལས་ལ་ཞུགས་པ་ནས་ཅི་ཚོར་འདི་ཚོར་མེད་པར་ལོ་ངོ་ཉི་ཤུ་ལྷག་འདས་སོང་ཡང་གྱེན་ལ་བཙུགས་འདུག་པ་ནི་ནམ་ཡང་ཡང་རྩེར་བུད་པ་མེད་པའི་དཀའ་ཚེགས་ཀྱི་སྐས་རིམ་ཁོ་ན་རེད། ཧུར་བརྩོན་བྱེད་དགོས་པ་ནི་དཀའ་ཚེགས་ཡོད་པའི་རྐྱེན་གྱིས་ཡིན་པས་ན་ངས་མུ་མཐུད་དུ་རང་ཉིད་ཀྱི་གོམ་པ་ལྕི་མོ་དག་བཀོད་དེ་སྡོད་པ་མེད་པར་ཨུ་ཚུགས་ཀྱིས་སྐས་རིམ་རེ་རེ་བཞིན་ཡར་འགོ་བར་ཧུར་བརྩོན་བྱས་པ་དང་། རང་ཚོད་ཀྱི་ཡར་སྐྱེད་ཅུང་ཙམ་བྱུང་ཚེ་དེ་ནི་རང་ཉིད་ཀྱི་ཆེས་སྒྲུན་དུ་མེད་པའི་བདེ་སྐྱིད་ཅིག་ཏུ་བརྩིས་པ་ཡིན། བྱ་དགའ་ནི་མ་གཞི་ནས་འབྱོལ་ཐབས་མེད་པའི་སྐུལ་ལྕག་ཅིག་ཡིན་པས་ན། ལན་རེར་རྒྱུ་དང་རྐྱེན་དུ་མའི་དབང་གིས་རྩོམ་ཡིག་འབྲི་ཐབས་མ་བྱུང་བའམ་འབྲི་རྒྱུ་མ་བྱུང་བ་དེ་ནི་ང་ལ་མཚོན་ན་ཧ་ཅང་བཟོད་དཀའ་བའི་སེམས་ངལ་ཞིག་གམ་རང་ཉིད་ཀྱིས་མ་གཏོགས་སུས་ཀྱང་མི་ཚོར་བའི་མནར་གཅོད་ཅིག་རེད། དེ་ནི་རང་གིས་རང་ལ་བཏོན་པའི་གསར་རྩོམ་གྱི་རེ་བ་ཞིག་ཡིན་ཀྱང་སྲིད།
མདོ་འཛིན་པ། ད་བར་དུ་ཁྱོད་ཀྱིས་གསར་རྩོམ་གྱི་ལས་ཀར་བཏང་ལྷོད་བྱས་མ་མྱོང་བས་བརྩམས་ཆོས་མང་བའི་རྩོམ་མཁན་དུ་བརྩིས་ཆོག་ཁྱོད་ཀྱིས་ཇི་ལྟར་བརྩམས་ཆོས་རེ་རེའི་སྤུས་ཀར་ཁག་ཐེག་བྱས་པ་ཡིན།
རྩོམ་པ་པོ་སྟག་འབུམ་རྒྱལ། བརྩམས་ཆོས་རེ་རེའི་སྤུས་ཚད་ལ་ཁག་ཐེག་བྱེད་རྒྱུ་ཟེར་ན་དེ་ནི་ཧ་ཅང་སྒྲུབ་དཀའ་བ་ཞིག་རེད། འོན་ཀྱང་རྩོམ་ཡིག་འབྲི་བའི་བརྒྱུད་རིམ་ཁྲོད་ངས་དུས་དང་རྣམ་པ་ཀུན་ཏུ་རྩོམ་ཡིག་སྔ་མ་སྔ་མའི་ཁྲོད་ནས་མི་འདང་སའམ་ཁ་བསྐང་དགོས་པའི་ཆ་དག་འཚོལ་ཞིབ་ཡང་ཡང་བྱས་པ་ཡིན་ལ། རྩོམ་ཡིག་ཕྱི་མ་ཕྱི་མ་འབྲི་དུས་རང་གིས་རྟོགས་པའི་གནད་དོན་དེ་རིགས་ལ་མཉམ་འཇོག་གང་ལེགས་བྱས་པ་ཡིན། དེ་ལྟར་བཤད་ན་རང་རེའི་ཧམ་པ་ཆེ་བའི་གྲོགས་པོ་འགའ་རེས“གནད་དོན་ཅི་ཞིག་རྙེད་བྱུང”ཞེས་སྐྱོན་རི་རང་ཙམ་དང་ཉམས་མྱོང་གསེར་རྡོག་འདྲ་བ་རེ་ཨེ་ལོན་གྱི་རེ་བ་ཆེ་མོད་ངས་ནམ་ཡང་ཁོ་ཚོའི་རེ་བ་སྐོང་ཐབས་བྲལ། རྒྱུ་མཚན་ནི་ང་ཚོས་ནམ་རྒྱུན་མི་ལ་གདེང་འཇོག་བྱེད་དུས་སུ“མི་དེའི་རྣམ་འགྱུར་ལ་བལྟས་ན་བཟང་བོ་ཞིག་མ་རེད”ཟེར་གྱིན་ཡོད་མོད། འོན་ཀྱང“རྣམ་འགྱུར་གང་ལ”ཞེས་དྲིས་ཚེ་ལན་ཧ་ཅང་འདེབས་དཀའ་བ་དང་གཉིས་སུ་མ་མཆིས་ཏེ། བརྩམས་ཆོས་ཤིག་གི་ལེགས་ཉེས་ཀྱང་དེའི་བརྗོད་བྱ་དང་རྒྱུ་ཆ། མཚོན་ཐབས། སྐད་ཆ་བཅས་ཕྱོགས་སོ་སོ་བའི་ཆ་ཕྲ་མོ་དག་ལའང་འབྲེལ་བ་དམ་པོ་ཡོད་པས་རེད། རང་རེའི་རྩོམ་སྟེགས་སུ་སྒྲུང་གཏམ་ལ་ལ་གླུ་བརྒྱ་གདངས་གཅིག་ཏུ་གྱུར་པ་དང་སྒྲུང་གཏམ་ལ་ལ་གླུ་གཅིག་གདངས་བརྒྱ་རུ་གོམས་པའི་སྣང་ཚུལ་ཡང་གདའ་བས། ངས་ནི་བརྗོད་བྱ་གཅིག་བསྐྱར་ཟློས་བྱེད་པར་མི་དགའ་ལ་མཚོན་ཐབས་སྣ་གཅིག་ཅན་དུ་འགྱུར་བར་ཡང་མི་སྤྲོ་བར། བརྗོད་བྱ་མི་འདྲ་བ་སྣ་ཚོགས་པར་དེ་མཚུངས་ཀྱི་མཚོན་ཐབས་མི་འདྲ་བ་བཀོལ་པ་ཡིན་ཏེ། བརྗོད་བྱའི་ཐད་དངོས་ཡོད་དང་འབྲེལ་ཞིང་གསར་བ་ཡིན་པ་དང་། མཚོན་ཐབས་ཀྱི་ཐད་བརྗོད་བྱ་མཚོན་ནུས་ཆེ་ཞིང་ལྟ་འདོད་ཀྱི་སྤྲོ་བ་སློང་ཐུབ་པའི་ཐད་གཞོལ་ཅི་ཐུབ་བྱས་པ་ཡིན།
མདོ་འཛིན་པ། ཁྱོད་ཀྱི་བརྩམས་ཆོས་ཁྲོད་དུ“ཁྱི”བརྗོད་བྱར་བྱས་པ་ཧ་ཅང་མང་བོ་འདུག་ལ་དེའི་ཁྲོད་སྣང་བརྙན་ལ་ལ་དྲང་ཕྱོགས་ཡིན་པ་དང་ལ་ལ་ལྡོག་ཕྱོགས་རེད། དེ་ལྟར“ཁྱི”འབྲི་རྒྱུར་དགའ་བའི་རྒྱུ་མཚན་ཅི་ཡིན།
རྩོམ་པ་པོ་སྟག་འབུམ་རྒྱལ། ངའི་བརྩམས་ཆོས་ཁ་ཤས་ཀྱི་བརྗོད་བྱ“ཁྱི”ཡིན་པའམ“ཁྱི”དང་འབྲེལ་བ་ཡོད་པ་དངོས་གནས་ཡིན་ལ། དེའི་ཁྲོད་དུ་དྲང་ཕྱོགས་ནས་བྲིས་པ་དང་ལྡོག་ཕྱོགས་ནས་བྲིས་པའང་ཡོད། འོན་ཀྱང་དེ་ནི“ཁྱི”འབྲི་བར་དམིགས་བསལ་གྱི་སྤྲོ་བ་ཡོད་པ་མིན་ལ། དེ་ལས་གཞན་པའི་རྒྱུ་རྐྱེན་གང་ཞིག་ཆེད་དུ་བརྗོད་ཡོད་པའང་མིན། འོན་ཀྱང་ང་ཚོས་འཚོ་བའི་ཁྲོད་དུ་ལྟ་ཞིབ་རེ་བྱས་ན་ཁྱི་ནི་མིའི་རིགས་ཀྱི་བློས་ཐུབ་གྲོགས་པོ་ཡིན་ཟེར་བ་ལྟར། ཁྱི་ནི་ནམ་རྒྱུན་དུ་མི་དང་འབྲེལ་འདྲིས་ཆེ་བའི་སྲོག་ཆགས་ཤིག་ཡིན་པར་མ་ཟད། མི་ཡི་སེམས་དོན་རྟོགས་ཤིང་བདག་གཞན་གྱི་དབྱེ་བ་ཧ་ཅང་གསལ་བའི་སྲོག་ཆགས་ཤིག་ཀྱང་ཡིན་པ་རེད། དེ་བས་ན། ང་ཚོས་སྒྲུང་གཏམ་འབྲི་བའི་གོ་རིམ་ཁྲོད་དུའང་མི་ཡི་ཆགས་ཞེན་གྱི་ལྟ་བས་ཁྱི་ལ་གདེང་འཇོག་བྱེད་པའམ་ཁྱི་ཡི་རྣམ་པ་གཡར་ནས་མི་ལ་དཔྱད་འཇོག་དང་འཚོ་བར་རྒྱུས་ལོན་རེ་བྱས་ན་མི་འཚམ་པ་ཅི་ཡང་མེད་སྙམ།
མདོ་འཛིན་པ། ཁྱོད་ཀྱིས་དབྱང་ཀྲི་ཅུན་གྱི《ལ་ཁྱི》ཞེས་པར་བལྟས་ཨེ་མྱོང་། དེ་ལྟ་བུའི་སྒྲུང་རིང་ཞིག་འབྲི་བའི་བསམ་ཚུལ་ཨེ་ཡོད།
རྩོམ་པ་པོ་སྟག་འབུམ་རྒྱལ། དབྱང་ཀྲི་ཅུན་གྱིས《ལ་ཁྱི》ཞེས་པའི་སྒྲུང་རིང་ཞིག་བརྩམས་ཤིང་ཚང་མ་དེ་ལ་བལྟ་རྒྱུར་དགའ་བའི་ཚུལ་མཐོང་མོད། ང་ལ་དེར་བལྟ་རྒྱུའི་གོ་སྐབས་མ་བྱུང་།ང་རང་ཉིད་ལ་མཚོན་ན་ད་ལྟ་སྒྲུང་ཐུང་འབྲི་བའི་དུས་ཚོད་ཙམ་ཡང་མེད་པའི་སེམས་ངལ་ཆེ་བས་ན་དེ་ལྟ་བུའི་སྒྲུང་རིང་ཞིག་སྨོས་ཅི་དགོས། འོན་ཀྱང་ལས་འཁྱུར་ངལ་གསོ་བྱས་རྗེས་ཁྱི་མ་ཟད་སེང་གེ་འབྲི་ཡང་སྲིད་དེ། ཇི་སྲིད་ཚེ་ཡི་འདུ་བྱེད་མ་སྟོང་བར་དུ། དབུགས་ཀྱི་རྒྱུ་བ་སྨྱུ་གུའི་གར་ལ་རོལ་ཆོག
མདོ་འཛིན་པ། མི་སྐོར་ཞིག་གིས་བཤད་པ་ལྟར་ན་ཁྱོད་ཀྱི་སྒྲུང་རིང་ནི་སྒྲུང་ཐུང་ལ་མི་དོ་ཟེར། དེར་ཁྱོད་ལ་ལྟ་ཚུལ་ཅི་འདྲ་འདུག
རྩོམ་པ་པོ་སྟག་འབུམ་རྒྱལ། དེ་འདྲ་ཡིན་ཀྱང་སྲིད། སྤྱིར་སྒྲུང་གཏམ་འབྲི་རྒྱུ་དེ་ནི་འཚོ་བའི་རྨང་གཞི་ཅི་ཡང་མེད་པར་རང་ཉིད་ཀྱི་ཀུན་རྟོག་ཁོ་ནར་བརྟེན་ནས་བྲིས་ཡོང་བ་ཞིག་མ་རེད། ལྷག་པར་སྒྲུང་གཏམ་རིང་བོ་ཞིག་འབྲི་ན་ངེས་པར་འཚོ་བའི་རྨང་གཞི་ཧ་ཅང་མཐུན་པོ་ཞིག་ཡོད་དགོས་པ་མ་ཟད་དགོས་ངེས་ཀྱི་རྒྱུ་ཆ་འཚོལ་སྡུད་བྱེད་པ་དང་། རྒྱུས་མངའ་མེད་པའི་འཚོ་བའི་ཕྱོགས་འགའ་རེ་གཞན་གྱི་བཤེད་སྒྲོས་ཙམ་ལ་བརྟེན་པས་མི་ཆོག་པར་རང་ཉིད་ཀྱིས་དངོས་སུ་ཉམས་ལེན་ནམ་མྱོང་འདོན་བྱེད་དགོས་པ་རེད། ད་དུང་སྒྲུང་གཏམ་དངོས་འབྲི་བའི་གོ་རིམ་ཁྲོད་རྒྱུ་ཆ་གདམ་གསེས་བྱེད་པ་དང་བྱུང་རིམ་བཀོད་སྒྲིག་བྱེད་པ། མི་སྣ་སློང་སྐྲུན་བྱེད་པ་སོགས་མགོ་བརྩམས་པ་ནས་མཇུག་བསྡུ་བའི་བར་ནི་ཧ་ཅང་རྒྱུན་རིང་བའི་བླ་སྲོག་གི་བཟོ་སྐྲུན་རིང་མོ་ཞིག་ཡིན་ཅིང་། དེ་ལ་རྒྱུན་མཐུད་རང་བཞིན་ལྡན་པའི་དུས་ཚོད་ཀྱི་ཆ་རྐྱེན་དགོས་པར་མ་ཟད་རྩེ་གཅིག“ཏིང་འཛིན”དུ་ཞུགས་ཆོག་པའི་ཁོར་ཡུག་གི་ཆ་རྐྱེན་ཡང་དགོས་པ་རེད། དེ་ལས་ལྡོག་སྟེ་དུས་ཚོད་བར་གསེང་གི་ཁོམ་སྐབས་ཙམ་པོ་བ་རེ་དང་ཟང་ཟིང་འདུ་འཛི་ཡི་བར་གྱི“དབེན་པ”ལྟར་སྣང་ཙམ་ལ་བསྟུན་ནས་སྒྲུང་གཏམ་རིང་མོ་ཞིག་འགྲུབ་ཏུ་འཇུག་རྒྱུ་སྙམ་ན་ཧ་ཅང་དཀའ་སྟེ། རྒྱུ་མཚན་ནི་མི་ཡི་བསམ་གཞིག་གཏོང་སྟངས་ཀྱང་དུས་ཚོད་དང་ཁོར་ཡུག་མི་འདྲ་བ་དང་བསྟུན་ནས་སྐད་ཅིག་དང་སྐད་ཅིག་ལ་འགྱུར་ལྡོག་འབྱུང་གིན་ཡོད་པས་རེད། དེ་བས་ང་ལྟ་བུའི་ཆ་རྐྱེན་ཅི་ཡང་མི་འཚོམ་པ་ཞིག་གིས་སྒྲུང་རིང་ལེགས་པོ་ཞིག་འབྲི་རྒྱུ་ནི་མིག་སྔའི་གནས་བབ་འོག་ཧ་ཅང་དཀའ་བར་སྣང་།
མདོ་འཛིན་པ། གཞི་རིམ་དུ་བྱ་བར་སྒྲུབ་པ་དེས་ཁྱོད་ཀྱི་གསར་རྩོམ་ཐད་དམིགས་བསལ་གྱི་ཁེ་བཟང་ཞིག་རེག་གིན་ཡོད་པ་ཨེ་རེད། དཔེར་ན་རོང་གྲོང་གི་འཚོ་བར་རྒྱུས་ལོན་བྱེད་པའི་ཐད་དུ་སྟབས་བདེ་ཅི་དང་ཅི་ཡོད།
རྩོམ་པ་པོ་སྟག་འབུམ་རྒྱལ། ཚང་མས་དེ་ལྟར་སྙམ་གྱིན་འདུག་ལ། ང་ལ་དེ་ལྟར་འདྲི་མཁན་ཡང་མང་། ཡིན་ནའང་ངས་རང་ཉིད་གཞི་རིམ་དུ་ཡོད་པ་དེས་གསར་རྩོམ་ལ་ཕན་ཐོགས་ལེགས་པོ་ཡོད་མེད་བཤད་དཀའ་བར་འདུག རྒྱུ་མཚན་ནི་ད་བར་དུ་ངས་གཞི་རིམ་ཁོ་ན་ནས་མ་གཏོགས་བྱ་བ་སྒྲུབ་མ་མྱོང་བས་རེད། ཞིབ་ཏུ་བསམས་ན་ཁོ་ཚོའི་སྐད་ཆར་གནས་ལུགས་ཡོད་ཀྱང་སྲིད་དེ། གྲོང་ཁྱེར་ལ་གྲོང་ཁྱེར་གྱི་དགེ་མཚན་ཡོད་པ་བཞིན་དུ་གཞི་རིམ་ལའང་གཞི་རིམ་གྱི་ཁྱད་ཆོས་ཅི་ལ་མེད། དེ་སྔ་གྲོགས་པོ་ཞིག་གིས་ང་ལ་ཁྱོད་འབྲོག་ཕྱོགས་ནས་སྐྱེས་པ་ཡིན་ན་ཡང་སྒྲུང་གཏམ《སྡེ་དཔོན》ལ་བལྟས་ན་རོང་ཕྱོགས་ཀྱི་འཚོ་བར་ཆ་རྒྱུས་ཆེ་བར་མངོན་ཟེར། སྐབས་ཐོག་དེར་ངས་ཁོ་ལ་ཞིང་གྲོང་གི་འཚོ་བ་ཧ་ཅང་འབྲི་སླ་སྟེ། དེ་ནི་རྒྱ་མིའི་ཞིང་གྲོང་གི་འཚོ་བ་དག་ང་ཚོས་སྒྲུང་གཏམ་དང་བརྙན་འཕྲིན་དག་ལས་མཐོང་གིན་ཡོད་པ་དང་གཅིག་མཚུངས་རེད་ཅེས་རྫུན་ཡག་པོ་ཞིག་གཏམ་པ་ཡིན། དོན་དངོས་སུ་དེ་འདྲ་མིན་ཏེ། སྤྱི་ལོ༡༩༩༤ལོ་ནས༡༩༩༩ལོའི་བར་ངས་གཞི་རིམ་ཞིང་གྲོང་གི་སློབ་ཆུང་ཞིག་ཏུ་བྱ་བ་བསྒྲུབས་པ་ཡིན་ལ། ཧ་ཅང་བབ་ཆགས་པའི་ཁོར་ཡུག་དོག་མོ་དང་ཧ་ཅང་བབ་ཆགས་པའི་གྲོང་ཚོ་ཐར་ཐོར། ཧ་ཅང་བབ་ཆགས་པའི་ཞིང་པ་ཕོ་མོ་བཅས་ཀྱིས་ངའི་སེམས་ལ་ཚོར་སྣང་གསར་བ་ཞིག་བྱིན་སོང་། དེའི་ཁར་ལོ་དེ་དག་ལ་ལོག་གར་གྱི་རིན་གོང་ཧ་ཅང་མཐོ་བས་ཡུལ་ཚོའི་ལས་བྱེད་པ་དག་གིས་ནོར་སྲིད་དངུལ་བུན་བསྐྱི་རྩོད་བྱས་ཏེ་ཞིང་ས་གླས་ཤིང་ལོག་གར་བཏབ་ནས་ཕྱུག་པོར་འགྱུར་གྱིན་ཡོད་པ་དང་། ཞིང་པ་དག་ནི་དེ་ལས་ལྡོག་སྟེ་ལུད་རྫས་ཉོ་བྱེད་ཀྱི་དངུལ་བུན་མ་ཐོབ་པར་འུ་ཐུག་ངང་བྲེལ་ཟིང་ཆེ་བའི་སྐབས་ཀྱང་རེད། དེར་མ་ཟད་ཞིང་པ་འགའ་རེས་ལྐོག་ཏུ་ཡུར་རྐའི་ནང་གི་ཨར་འདམ་པང་ལེབ་ཁྱེར་ནས་ཕག་ཀང་ཞིག་གསོ་བྱེད་པ་སོགས་ནི་ངས་དངོས་སུ་མཐོང་བ་ཡིན། དེ་དག་ནི་སྒྲུང་གཏམ《སྡེ་དཔོན》འགྲུབ་བྱེད་ཀྱི་རྒྱུ་ཆ་ཡིན་ལ། ཕལ་ཆེར་ཁྱོད་ཀྱིས་བཤད་པའི་གཞི་རིམ་དུ་བྱ་བ་སྒྲུབ་པའི་ཁེ་བཟང་ཡིན་ཀྱང་སྲིད། འོན་ཀྱང་གཞི་རིམ་ནས་དགེ་རྒན་གྱི་བྱ་བ་གཉེར་མྱོང་མཁན་ཞིག་ཡིན་ཚེ་གསལ་བོར་ཤེས་ངེས་ཏེ། ཉིན་བཞིན་རྩེ་གཅིག་གིས་གསར་རྩོམ་ཁོ་ནར་གཞོལ་བའི་གོ་སྐབས་མེད་པར་ནངས་སྔ་ལང་དང་དགོང་འཕྱི་ཉལ་བྱས་ཏེ་ཉི་མ་རེ་རེའི་སློང་ཁྲོད་ལ་གྲ་སྒྲིག་བྱེད་པ་དང་། རྫོགས་མཐའ་མེད་པའི་བསྐྱར་ཟློས་ཀྱི་སློབ་ཁྲིད་བྱེད་པ། རྔམས་མཐུག་པའི་ལས་བྱ་རྩེག་མ་རེ་རེ་གཟབ་ནན་གྱིས་ཞུ་དག་བྱེད་པ། ད་དུང་འཛིན་གྲྭའི་བདག་དམ་དང་སློབ་ཕྲུག་གི་སློབ་གསོ། སློབ་ཁྲིད་སྐབས་ཀྱི་དགེ་རྒན་དང་སློབ་གསེང་དུས་ཀྱི“ཕ་མ”ཡིན་དགོས་པ་ན། དེ་འདྲའི་ཁོར་ཡུག་དང་ཆ་རྐྱེན་འོག་ཏུ་གསར་རྩོམ་ཟེར་བ་ནི་མཛེས་སྡུག་གི་རྨི་ལམ་ཞིག་དང་བསླུ་བྲིད་ཀྱི་མནར་གཅོད་ཅིག་མ་རེད་དམ།
མདོ་འཛིན་པ། འོ་ན། དགེ་རྒན་གྱི་བྱ་བ་བསྐྱུར་ཏེ་གསར་རྩོམ་ཁོ་ན་གཉེར་བ་ཡིན་ཚེ། མིག་སྔའི་གནས་བབ་འོག་ཁྱོད་ཀྱི་འཚོ་བ་ཅི་འདྲ་ཞིག་ཡིན་རྒྱུ་རེད། དེའི་ཐད་ལ་བསམ་བློ་བཏང་ཨེ་མྱོང་།
རྩོམ་པ་པོ་སྟག་འབུམ་རྒྱལ། ལོ་ན་གཞོན་པའི་དུས་སུ་དངོས་གནས་དེ་ལྟ་བུའི་བསམ་ཚུལ་སྐྱེས་མྱོང་མོད་དོན་འཁྱོལ་བྱེད་པའི་གདེང་ཚོད་ཅི་ཡང་མེད། ད་ལྟ་ཁྱིམ་དུ་བཟའ་མི་མང་བ་དང་བྱིས་པ་དག་སློབ་གྲྭར་འགྲོ་བཞིན་ཡོད་པས་ཁྱིམ་བདག་ལ་འགན་ཁུར་ལྕེ། དེ་ལྟར་ཕྱི་ནང་གང་གི་ཆ་རྐྱེན་ཡང་མི་འཛོམ་པ་དེ་ལྟ་བུའི་གནས་བབ་འོག་ཏུ་ངས་གཞུང་གི་བྱ་བ་བསྐྱུར་ཏེ་གསར་རྩོམ་ཁོ་ན་གཉེར་བ་ཡིན་ཚེ། ངའི་ཁྱིམ་ཚང་ནི་ཆེས་ཕུལ་དུ་བྱུང་བའི་སྒྲུང་གཏམ་རིང་མོ་ཞིག་ཡིན་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com