༄༅།།སུམ་ཅུ་བའི་གཞུང་གི་དོགས་པའི་དྲི་བ་འགའ་ལ་དཔྱད་པའི་ལན།

རྩོམ་པ་པོ།:ཚེ་དབང་རྡོ་རྗེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-02-27 09:24:43 ཀློག་གྲངས།:
སུམ་ཅུ་བའི་གཞུང་གི་དོགས་པའི་དྲི་བ་འགའ་ལ་དཔྱད་པའི་ལན།
                          —དགེ་རྒན་ཆེན་མོ་བདེ་མཆོག་ལགས་ལ་བཅར་འདྲི་ཞུས་པ།
དུང་དཀར་པ་ཚེ་དབང་རྡོ་རྗེ།
མཚོ་སྔོན་མི་རིགས་སློབ་ཆེན།
ཚེ་དབང་རྡོ་རྗེ། དགེ་རྒན་ལགས། བདེ་མོ་ཡིན་ནམ། ཐོག་མར་མཚོ་སྔོན་མི་རིགས་སློབ་གྲྭའི་རིག་གཞུང་དུས་དེབ་ཀྱི་བཅར་འདྲི་དང་ལེན་བྱས་པ་ལ་ཐུགས་རྗེ་ཆེ་ཞུ། བོད་ཀྱི་རིག་གནས་དོན་གཉེར་བ་རྣམས་ཀྱིས་རྒན་ལགས་ཀྱི་མི་ཚེའི་ལོ་རྒྱུས་ཤེས་པར་འདོད་པས་ན་རགས་བསྡུས་ཤིག་ཅིས་ཀྱང་གསུང་རོགས་ཞུ།
ལན། ཕྲན་གྱི་མི་ཚེ་ལ་རྫབ་རྫོབ་ཀྱིས་བཀང་བས་བཤད་རྒྱུ་མེད་མོད། ཤོད་ཟེར་ན། འདི་ལྟར། ཕྲན་ནི་སྤྱི་ལོ1941ལོར་བླ་བྲང་དུ་སྐྱེས། དྲིན་ཅན་གྱི་ཕ་ལ་འོད་གསལ་རྡོ་རྗེ་དང་། མ་ལ་བདེ་ཆེན་དབང་མོ་ཞེས་བྱ་བ་དང་། མིང་སྲིང་བདུན་གྱི་གསུམ་པ་ཡིན། ལོ་ངོ་གསུམ་གྱི་ཐོག་ནས་ནད་ཀྱི་དབང་གིས་བིས་མདོ་དགོན་ཆེན་གྱི་ཞབང་བོ་དགེ་སློང་ལ་བྱིན་ནས་དགོན་པར་བསྡད། རང་ལོ་བཅུ་གཅིག་ཐོག་ཏུ་རབ་ཏུ་བྱུང་ནས་ཚོགས་ལ་ཞུགས། དེ་ནས་བཟུང་བཀའ་དྲིན་ཅན་གྱི་ཨ་ལགས་དགེ་རྒན་ཨ་ཁུ་བརྩོན་འགྲུས་ནོར་བུའི་དྲུང་ནས་ཀ་ཁ་སོགས་འདོན་ཆའི་རིགས་བསྩབས། བྲིས་ཀྱང་སྦངས། རང་ལོ་བཅུ་གསུམ་ནས་བཅོ་བརྒྱད་ཀྱི་བར་དུ་དྲིན་ཅན་གྱི་ཨ་ལགས་དགེ་རྒན་ཨ་ཁུ་ཐུབ་བསྟན་དོན་གྲུབ་ཀྱི་མདུན་ནས་བསྡུས་གྲྭ་སྦྱངས། སྤྱི་ལོ1958ལོར་མཚོ་སྔོན་མི་རིགས་དགེ་ཐོན་སློབ་གྲྭར་འགྲིམས་ནས1961ལོའི་བར་དུ་བསྡད། སྤྱི་ལོ1961ལོའི་ལོ་སྟོད་དུ་སློབ་གྲྭ་གཏོར་ཏེ་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་སོང་ནས1965ལོའི་བར་དུ་བོད་ཡིག་སོགས་སློབ་སྦྱོང་བྱས། སྤྱི་ལོ1965ལོའི་ཟླ་བ་བདུན་པར་མཐར་ཕྱིན་ཏེ་མཚོ་སྔོན་མི་རིགས་སློབ་འབྲིང་དུ་བོད་ཡིག་གི་དགེ་རྒན་བྱས་ཏེ1969ལོའི་ལོ་སྟོད་བར་དུ་བསྡད། སྤྱི་ལོ1969ལོའི་ལོ་སྨད་ནས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་བོད་ཡིག་གི་དགེ་རྒན་བྱས། སྤྱི་ལོ1974ལོ་ནས1977ལོའི་བར་དུ་སློབ་གྲྭའི་རྒྱ་ཡིག་སྡེ་ཁག་ཏུ་སློབ་གྲྭ་ཆེན་མོ་བའི་མཐར་ཕྱིན་འཛིན་ཡིག་བླངས། སྤྱི་ལོ1977ལོའི་ལོ་སྨད་ནས་བོད་ཡིག་སྡེ་ཁག་ཏུ་སུམ་རྟགས་ཀྱི་སློབ་ཁྲིད་ཀྱི་འགན་ཁུར་ཏེ2004ལོའི་བར་དུ་བསྡད། ཞོར་དུ་དྲིན་ཅན་གྱི་རྩ་བའི་བླ་མ་རྗེ་ཤར་གདོང་རིན་པོ་ཆེའི་མདུན་ནས་དཔེ་ཁྲིད་ཀྱི་སྐལ་བ་ཐོབ་ནས1989ལོའི་བར་དུ་བསྡད། སྤྱི་ལོ2007ལོར་རང་ཡུལ་གཤོང་དཔལ་རྫོང་བིས་མདོ་མིང་ཡུལ་ན་ཉི་མ་ཕུད་པར་འདུག་གོ །འདི་ནི་རང་གིས་རང་ལ་མཚམས་སྦྱོར་བྱས་ཁུལ་ལགས།
དགེ་རྒན་ཆེན་མོ་བདེ་མཆོག་ལགས།
དྲི་བ་དང་པོ། སྲོང་བཙན་སྔོན་དུ་བོད་ལ་ཡི་གེ་ཡོད་དང་མེད་ཀྱི་འགལ་བ་ཇི་ལྟར་སེལ།
ལན། སློབ་དཔོན་ཐོན་མིས་རྒྱལ་པོའི་བཀའ་བཙན་པོ་གཙུག་ཏུ་བཀུར་ནས་གངས་ཅན་སྐད་ཀྱི་ཡི་གེར་དབྱངས་གསལ་སོ་བཞི་བཟོས་ཏེ་ཇི་ལྟར་སྦྱོར་བའི་གདམས་ངག་གི་གཞུང་སུམ་རྟགས་མཛད། དྲིན་ཅན་གྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་གཞུང་དེ་ལ་བརྟེན་ནས་བཀའ་དང་བསྟན་བཅོས་སོགས་ལེགས་སྦྱར་གྱི་གཞུང་གང་མང་ཞིག་གངས་ཅན་སྐད་དུ་བསྒྱུར་བཏུབ་པས། མཁྱེན་རྒྱ་ཡངས་པའི་དམ་པ་རྣམས་ཀྱིས་ཡི་གེ་བྱེད་པོ་སློབ་དཔོན་ཐོན་མིའི་གཞུང་གི་མཐུ་ལས་གཞན་གྱི་གཞུང་ཐམས་ཅད་གངས་ཅན་སྐད་དུ་ཇི་ལྟར་འདོད་འདོད་དུ་བསྒྱུར་བས་ཡི་གེ་ཡོད་པས་ཡོད་གོ་ཆོད་པ་དང་། ཐོན་མི་ཞབས་ཉིད་མ་བྱོན་པའི་སྔོན་གྱི་དྲན་རྟེན་ལྟ་བུའི་རི་མོ་དང་ཆོ་ག་ཐན་ཐུན་གྱི་རི་མོའི་ཕྲེང་བས་འཆད་རྩོད་རྩོམ་པའི་གཞུང་ཤོག་ལྷེ་ཙམ་ཡང་བྱས་མེད་པས་མེད་གོ་ཆོད་དེ། བརྡ་ཡང་དག་པར་སྦྱོར་བའི་གཞུང་ཡོད་དང་མེད་ཀྱི་ཆ་ནས་འཇོག་དགོས་པ་ལས་རི་མོ་ཙམ་གྱིས་མི་འཇོག་གོ །
དྲི་བ་གཉིས་པ། སུམ་རྟགས་ཀྱི་གཞུང་འདི་ཉིད་སློབ་དཔོན་ཐོན་མི་ཞབས་ཀྱིས་སཾ་སྐད་དུ་བརྩམས་ཏེ་གངས་ཅན་སྐད་དུ་བསྒྱུར་བར་འདོད་པ་ཅན་དང་། དང་པ་ཉིད་ནས་གངས་ཅན་སྐད་དུ་བརྩམས་པར་འདོད་པ་ཅན་གཉིས་ལས་གང་འཐད་ལྡན་དུ་འདོད།
ལན། གནས་འདི་ལ་དམ་པ་དག་གིས་ཡིག་བཞག་མཛད་པ་ལ་བརྟེན་ནས་ངེས་པ་རྙད་དགས། ཐན་མིའི་མགུར་དུ་རྒྱལ་བའི་སྲས། བྱན་གྱས་ཝོབས་ཞས་ཐ་སྙད་འབྱུང་བ་ལས་བསྟེན་བྱའི་སློབ་དཔོན་རྣམས་བྱང་ཆུབསེམས་དཔའ་ཡིན་པར་གོ། ཐབས་ཤས་གཉས་ཀྱ་རྒྱུ་སྐར་ཤར། སྨོན་ལམ་དག་པ། སྒྲ་ཚད་ཡི་གེའི་ནོར་བུ་ཞེས་པ་ལས་མདོ་རྒྱུད་ཀྱི་གཞུང་གི་ཡོན་ཏན་ལྡན་པ་གོ། ཐབས་ཤེས། མེ་ཏོག་ཤར། འབྲས་བུ་སྨིན། ཐུགས་ལ་བཏགས་ཞེས་པ་ལས་བཤེས་ཀྱིས་བསྩལ་བའི་གདམས་ངག་མ་ལུས་པ་ཐོན་མི་རང་ལ་ལེགས་པར་འབྱོར་བ་ལ་གོ་བ་སོགས་འཕགས་ཡུལ་དུ་སློབ་གཉེར་གྱི་འདུན་པ་ཡོངས་སུ་འགྲུབ་པ་དང་། མ་ལུས་ཁོང་དུ་ཆུད་པ་ཡིན་ཅེས་པ་ལས། ཡི་གེ་དང་ཡི་གེའི་གཞུང་དོན་ཇི་ལྟ་བ་བཞིན་དུ་གནང་བ་ཐམས་ཅད་བློ་ལ་ངེས་པ་དང་། ངེས་པའི་ཚད་ཀྱང་གཞུང་གི་གདམས་ངག་དང་མན་ངག་ལ་བརྟེན་ནས་གངས་ཅན་སྐད་ཀྱི་ཡི་གེ་ཡང་ཇི་ལྟར་སྦྱོར་བར་བྱེད་པའི་ཐབས་རྣམས་བློ་ལ་འཆར་བ་འདི་ལྟར་ལགས་ཞེས་གངས་ཅན་སྐད་ཀྱི་ཡི་གེའི་སྦྱོར་བའི་གཞུང་རགས་པ་ཞིག་མཛད་དེ་རང་གི་སློབ་དཔོན་ལ་ཕུལ་པས། ཁོང་རྣམས་ཐུགས་དགྱེས་ནས་བསྟན་བཅོས་ལ་སོགས་ཀྱི་དངོས་གྲུབ་བསྩལ། ཐུགས་དགྱེས་པ་ཡང་རིག་པ་རྣོ་བ་ཙམ་ལ་མ་ཡིན་པར་གཞུང་གི་གདམས་ངག་དང་། བཤེས་གཉེན་གྱི་མན་ངག་དང་། རང་གི་རྣམ་དཔྱོད་ཚེ་གསལ་མྱུར་ཟབ་ལ་བརྟེན་ནས་ས་སྐད་དུ་སུམ་རྟགས་ཀྱི་གཞུང་མཛད་པ་དང་། གཞུང་མཛད་ཀྱིས་གངས་ཅན་སྐད་དུ། བསྒྱུར་བཏུབ་པའི་ཚུལ་གཟིགས་སུ་ཕུལ་བ་འདི་ལ་ཐུགས་དགྱེས་པར་འདོད། དེ་བས་རང་གཞུང་ན་ཤན་སྱར་དང་ཚིག་ཕྲད་ཀྱི་ཐོབ་ཐང་ཆ་ཚང་བར་མི་བཞུགས་པ་དང་། ཨ་ནུས་མཛད་པ་རྫོགས་སོ་ཞེས་འབྱུང་བ་འདི་དག་ལ་བརྟེན་ནས་འཕགས་ཡུལ་དུ་སུམ་རྟགས་ཀྱི་མ་ཕྱི་ནི་ས་སྐད་དུ་བརྩམས་སྙམ། དེ་བས་སྒོ་མང་གུང་རུ་བསྟན་པ་བསྟན་འཛིན་གྱི་སུམ་རྟགས་དཀའ་གནད་གསལ་བྱེད་ཉི་ཟླ་ཟུང་འཇུག་ལས། སློབ་དཔོན་འདིས་ཀྱང་འཕགས་ཡུལ་གྱི་བཀའ་བསྟན་རྣམས་ཇི་བཞིན་བསྒྱུར་བཏུབ་མིན་ཚོད་ལྟའི་ཆེད་གཙོ་བོ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ས་སྐད་དུ་བརྩམས་ནས་ཤན་སྦྱར་དང་། འགྱུར་མཐར་ཕྱིན་པའི་ཕྱག་ཀྱང་མཛད་ནས་བོད་སྐད་དུ་བསྒྱུར་བར་མཛད་པ་འདི་གཉིས་ཀྱི་སྲོལ་ཡང་ཐུ་མི་རང་ཉིད་ཀྱིས་ཕྱེ་བ་ཡིན་ནོ་ཞེས་གསུངས་པ་མད་པར་སྣང་། དེར་མ་ཟད་གངས་ཅན་པའི་རྩོམ་པ་པོ་དང་པོ་ཐོན་མི་དང་། གངས་ཅན་སྐད་ཀྱི་བསྟན་བཅོས་དང་པོ་སུམ་རྟགས་ཀྱི་སྒོའི་ཡན་ལག་རྣམས་ཀྱང་གཞུང་འདི་ཉིད་ལས་བྱུང་བར་འདོད་དོ། །
དྲི་བ་གསུམ་པ། སུམ་ཅུ་པའི་མཚན་དོན་ལ་བཞེད་པ་ཐམས་ཅད་བསྡུས་ན། བརྗོད་བྱ། རྗོད་བྱེད། རྣམ་གྲངས་བཅས་གསུམ་དུ་འདུས་ཤིང་། དེ་གསུམ་ལས་རང་ལུགས་ལ་གང་འཐད།
ལན། དེ་གསུམ་ག་ལན་དུ་སོང་བས་རིག་པ་ཡང་དག་ཏུ་མཆིས་ཀྱང་རྗོད་བྱེད་ཀྱི་ཚིག་ལ་ཚིགས་བཅད་སུམ་ཅུ་བཞུགས་པ་དང་། མཆོད་བརྗོད་དང་དམ་བཅའི་ཚིག་སུམ་རྟགས་སོགས་ཀྱི་ཐུན་མོང་དུ་མ་ཟད། སྨྱུག་ལས་པ་ལ་བླང་བྱ་བཏོན་པ་དང་པོ་ཡིན་པ་དང་། རྗེས་འཇུག་གི་བྱ་བ་གཙོ་བོར་བྱས་ཏེ་བརྗོད་པ་ལ་གཞིགས་ན་རྗོད་བྱེད་ཚིག་གི་གྲངས་ཀྱིས་བཞག་པ་འདི་འཐད་ལྡན་དུ་བཟུང་ནས་བཤད་པའི་སི་ཏུས་མཛད་པ་འདི་ལེགས་སྙམ།
དྲི་བ་བཞི་པ། སུམ་ཅུ་པའི་གཞུང་གི་དབུ་འཛུགས་སྐབས་ཤན་སྦྱར་དང་། མཆོད་བརྗོད་དང་། དམ་བཅའ་མཛད་པ་ལ་དགོས་པ་ཅི།
ལན། གོང་དུ་བཤད་པ། གངས་ཅན་པའི་ལོ་ཙཱ་པ་དང་པོ་དང་། རྩོམ་པ་པོ་དང་པོ་དང་ཡི་གེ་བྱེད་པོ་སློབ་དཔོན་ཐོན་མི་ཡིན་ལ། བརྩམས་ཆོས་ཀྱི་དང་པོ་ནི་སུམ་རྟགས་ཀྱི་གཞུང་འདི་ཡིན་པ་དང་། དེ་ལ་དང་པོ་ཞེས་པའི་རྒྱུ་མཚན་ཡང་བྱུང་བ་ཙམ་དང་། བརྡ་སྤྲོད་ཀྱི་གཞུང་འཛུགས་ཙམ་མ་ཡིན་པ་སྟེ། རྒྱལ་བསྟན་འདྲེན་པ་དང་། ཡི་གེ་བྱ་བ་བཀྲ་ཤིས་པའི་བྱ་བ་དང་། མངའ་འབངས་ལ་འདི་ཕྱིའི་སྐྱབས་གནས་འཁྲུལ་མེད་པ་དཀོན་ཅོག་དང་། དེར་འཇུག་པར་འཇམ་པའི་དབྱངས་བསྟེན་ནས་རྒྱལ་བའི་གཞུང་ལ་སློབ་གཉེར་དང་། འཇིག་རྟེན་པའི་ཡ་རབས་ཀྱི་བྱ་བ་ལ་བྱས་པ་གཟོ་བ་སོགས་ཀྱི་བསླབ་བྱ་འགངས་ཆེ་བར་འདོམས་པའི་དགོས་པ་དང་། ངན་འགྲོའི་སྒོ་གཅོད་པ་དང་། བདེ་འགྲོའི་སྒོ་འབྱེད་པ་ནི་འདི་ཕྱིའི་བྱ་བའི་གཙོ་བོ་ཡིན་ལ། དེ་ནི་གཞུང་གི་ཐོས་པ་ལ་རག་ལས། དེ་ཡང་ཡི་གེའི་བྱ་བ་ལ་རག་ལས་པ་བསྟན་པ་ནི་དངོས་བསྟན་གྱི་དགོས་པ་དང་། སློབ་དཔོན་གྱི་དགོངས་པ་ཡིན། མདོར་ན། སྐྱབས་གནས་དང་། བཤེས་གཉེན་དང་། བྱས་པ་ཤེས་ཤིང་གཟོ་བ་ནི། བསྟན་བཅོས་རྩོམ་པ་ལ་འཇུག་པའི་སྒོའི་ཡན་ལག་གི་བརྗོད་བྱའི་སྙིང་བོ་ཡང་དེ་ཡིན་ནོ། །
དྲི་བ་ལྔ་བ། སུམ་ཅུ་པའི་རྩ་བའི་མཆོད་བརྗོད་དུ་རྟག་ཞི་བ་ཞེས་པའི་འགྲེལ་དུ་ཕྱི་ནང་གི་ལྷ་སྣ་ཚོགས་ཤིག་ཕྱག་ཡུལ་དུ་བྱས་ནས་གསུངས་པ་ལ་ཇི་ལྟར་ལྟ།
ལན། གང་གི་མིང་གཞི་སྔོན་གསུངས་ཞེས་པའི་གསུང་བྱའི་དོན་དེ་གང་ལ་བྱེད་རྒྱུ་ནི་གཙོ་བོ་ཡིན། འདིར་རྒྱུད་འགྲེལ་དུ་ཚེ་ལོ་དཔག་མེད་ཀྱི་དུས་སུ་སྔོན་གྱི་དྲང་སྲོང་ཆེན་པོ་དག་གིས་འཇིག་རྟེན་ཡ་རབས་ཀྱི་གཞུང་མཛད་པ་ལ་རྟག་པའི་གཞུང་དང་ཆད་པའི་གཞུང་ཞེས་ཕྱོགས་གཉིས་སུ་བྱས་པ་དེ་ལ་འཕགས་ཡུལ་གྱི་སྲོལ་ལྟར་རྟག་པ་དང་ཆད་པའམ་ཞི་བའི་གཞུང་ལ་མིང་གཞི་སྔོན་གསུངས་དང་དེ་ལ་བདག་སྒྲ་སྦྱར་ཏེ་རྟག་ཞི་བ་ཞེས་གཞུང་དང་གཞུང་མཛད་པ་པོ་ལ་དྲིན་གཟོ་བའི་ཆེད་དུ་ཕྱག་བྱས་པ་དང་། དེ་ཡང་སློབ་དཔོན་གྱིས་ཕྱི་མ་རྣམས་ཀྱིས་ཀྱང་དྲིན་ཅན་དྲིན་དུ་གོ་ནས་དྲིན་གཟོ་དགོས་པའི་བསླབ་བྱ་བཏོན་པ་ཡིན་སྙམ།
དྲི་བ་དྲུག་པ། རྩ་བར་ཡི་གེ་ཨཱ་ལི་ཀཱ་ལི་གཉིས་ཞེས་པའི་ཡི་གེ་དེ་གང་ལ་ངོས་འཛིན་དགོས།
ལན། མིང་དང་ཚིག་གི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་དེ་ཡི་གེའི་མཚན་ཉིད་ཅེས་གསུངས་པ་ལྟར་རང་སྒྲ་སོ་ན་གནས་ཤིང་དོན་ཅི་ཡང་མི་སྟོན་པ་ཞིག་ལ་ཡི་གེ་ཞེས་བརྗོད། རང་སྒྲ་ཞེས་པ་ང་རོའི་གདངས་ཀྱི་ཡུན་ཚད་མིག་འཛུམ་པ་གཅིག་གི་ཡུན་དེ་ལ་བྱ། དཔེར་ན། ཀ། ཅ། ཏ། པ། ཙ། ཞ། ར། ཧ་ཞེས་མཐའ་རྟེན་མེད་པའི་གདངས་དེ་ཡིན། མཐའ་རྟེན་མ་ཞུགས་པའི་ཀ་ཡི་ང་རོས་དོན་ཅི་ཡང་སྟོན་མི་ནུས་ཏེ་རང་སྒྲ་སོ་ན་གནས་པ་ཙམ་ཡིན་པས་སོ་དང་། རྗེས་འཇུག་བཅུ་བོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མ་སྲིད། །ཅེས་གསུངས་པའི་ཕྱིར། སོ་ན་གནས་པ་ཞེས་པས་ཁྱོད་ལ་མགོ་འདོགས་དང་འཕུལ་རྟེན་གང་ཡང་མ་ཞུགས་པ་གདངས་རྐྱང་བ་ལ་བྱ། ཀ་བའི་མིང་གི་རྩོམ་གཞིར་གྱུར་པའི་ཀ་དང་བ་ནི། དེའི་རྩོམ་གཞིར་གྱུར་པའི་ཀ་དང་བ་ཡིན་ལ། ཀ་དང་བ་མ་ཡིན་ཞེས་བརྗོད་པའི་རྒྱུ་མཚན་ཡང་དེ་ཡིན། ཡི་གེ་ཨཱ་ལི་ཀཱ་ལི་གཉིས་ཞེས་པའི་ཡི་གེ་ནི། ཁྱོད་ལ་མཐའ་རྟེན་མ་ཞུགས་ཤིང་རང་སྒྲ་སོ་ན་གནས་པའི་ཡི་གེ་སྟེ། དེ་ལ་ང་རོའི་འབྱིན་པ་མི་གསལ་བའི་དབྱངས་བཞི་དང་ང་རོའི་འབྱིན་པ་གསལ་བའི་གསལ་བྱེད་སུམ་ཅུ་བཞུགས་པ་འདིས་ཆོས་ཐམས་ཅད་གསལ་བར་བྱེད་ནུས་སོ། །དེའི་ཕྱིར་ཡི་གེ་དེ་གཞིའི་ཡི་གེ་ལ་ངོས་འཛིན་དགོས།
དྲི་བ་བདུན་པ། སུམ་གཞུང་དུ་ལུས་ཀྱི་ཡི་གེ་དང་ཡན་ལག་གི་ཡི་གེ་ཞེས་པའི་ལུས་དང་ཡན་ལག་གི་འཇོག་ཚུལ་ཅི།
ལན། གངས་ཅན་པའི་ཡི་གེ་ལ་ལུས་དང་ཡན་ལག་གི་ཡི་གེ་གཉིས་སུ་བཞག་པའི་རྒྱུ་མཚན་ནི། མིང་དང་ཚིག་སྒྲུབ་པའི་རྩ་བའི་ཡི་གེའམ། རྒྱུའི་ཡི་གེའམ། གཞིའི་ཡི་གེ་ལ་ལུས་ཀྱི་ཡི་གེ་ཞེས་པ་དང་། ཁྱོད་ཀྱིས་དབྱངས་དང་མཐའ་རྟེན་གྱི་རྟེན་བྱེད་པ་ལུས་ཀྱི་ཡི་གེ་དང་། དེ་ལ་གཞིའི་ཡི་གེ་སུམ་ཅུ(ཀ་ཁ་སུམ་ཅུ)མགོ་འདོགས་བརྩེགས་གསུམ་གྱི་ཡི་གེ་བདུན་ཅུ་དོན་གཅིག འཕུལ་པའི་སྡེའི་ཡི་གེ་བརྒྱ་དང་དྲུག་སྟེ་ཁྱོན་བསྡོམས་པས་ཉིས་བརྒྱ་དང་བདུན་བཞུགས་ཤིང་། དེའི་ཐོག་བགླན། དམྲ། སྲིད་ཙམ་དེ་བཞག་ན་ཉིས་བརྒྱ་དང་བཅུ་ཡས་མས་བཞུགས། འདིའི་ནང་དུ(ཀྭ་ཁྭ་གྭ་ཅྭ་ཉྭ་ཏྭ་ཐྭ་དྭ་ཚྭ་ཛྭ་ཞྭ་ཟྭ་རྭ་ཤྭ་སྭ་ཧྭ)ཝ་བཏགས་ཀྱི་ཡི་གེ་མི་འདྲེན་པ་ནི། 1.ཁྱོད་ཀྱི་སྒྲ་ཟུར་བ་ཞིག་བཀླག་རྒྱུ་མེད་པ། 2.ཡན་ལག་གི་ཡི་གེའི་རྟེན་དུ་མ་གྱུར་བས་ལུས་ཀྱི་ཡི་གེར་མི་བགྲང་ངོ་།། དབྱངས་བཞི་དང་རྗེས་འཇུག་བཅུ་ལ་ཡན་ལག་གི་ཡི་གེ ཞེས་བརྗོད་པའི་རྒྱུ་མཚན་ནི། རང་སྒྲ་འབྱིན་པ་མེད་པ། ལུས་ཀྱི་ཡི་གེའི་བརྟེན་བྱེད་པ་ཡིན་པས་ན་ཡན་ལག་ཅེས་བཞག་པའོ། །
དྲི་བ་བརྒྱད་པ། ཡི་གེ་བདེ་བླག་ཏུ་ཀློག་པའི་ཕྱིར་ཚེག་དང་ངག་ཁྱིམ་མི་འདྲེས་པའི་ཕྱིར་ཤད་འཇོག་པ་ལྟར་དབུ་ཁྱུད་ཀྱི་དགོས་པ་ཡང་ཅི།
ལན། ཡི་གེའི་ལས་ནི་དགེ་བའི་ལས་ཡིན་པ་དང་། དགེ་བའི་ལས་ཀྱིས་འབྲས་བུ་བདེ་བ་འབྱིན་པ་ལ་བཀྲ་ཤིས་སྟོན་པའི་ཕྱིར། གླང་ཆེན་གྱི་སྣ་ཡི་ཕན་པ་ལེན་པ་དང་། དགྲ་འཇོམས་པའི་མཚོན་ཆ་འཛིན་པ་ལྟར་གླང་ཆེན་སྣ་ལ་དཔེ་བླངས་ནས་བཀྲ་ཤིས་འདྲེན་པའི་བརྡ་རུ་བཞག དེ་ཡང་རྒྱལ་བའི་བཀའ་ལ་འཁྱིལ་བ་གསུམ་དང་། བསྟན་བཅོས་ལ་འཁྱིལ་བ་གཉིས་དང་། གཏའ་གཏོ་སོགས་འཇིག་རྟེན་གྱི་ལས་སྣ་ཚོགས་སྟོན་པའི་གཞུང་ལ་འཁྱིལ་བ་གཅིག་དང་བཀྲ་མི་ཤིས་པ་ལ་སྤངས། འཁྱིལ་བའི་ཞབས་སུ་ནང་འཁྱོག་འབྲི་བ་ནི་ཐབས་ཤེས་དག་པ་དང་། རི་མོ་འདི་ཨ་ཡི་ཡས་རི༦འདི་གཞི་བྱས་པ་སྟེ་རི་མོ༄འདི་ལྟ་བུ་ཡོད་པ་ནི་གངས་ཅན་པའི་ཡི་གེའི་ཐུན་མོང་མ་ཡིན་པའི་ཕྱག་སྲོལ་ཡིན་པས། ལོ་ཙཱ་པའི་ལྷག་བསམ་ལ་ཡི་རངས་བྱས་ཏེ་སྲོལ་བསྐྱངས་ན་མཛེས་སོ། །གཞན་ཡང་གངས་ཅན་པའི་ཡི་གེ་ལ་དབུ་ཅན་དང་། དབུ་མེད་གཉིས་སུ་མཆིས་པ་དང་། རྒྱལ་བའི་བཀའ་ལ་དབུ་ཅན་དང་། བསྟན་བཅོས་དང་ལས་ཚོགས་ལ་དབུ་མེད། འབྲི་སའི་གཞི་གང་ཡིན་གྱི་སྟེང་གོང་མའི་ས་ཆོད་ཆེ་བ་དང་། འོག་རང་ས་ས་ཆོད་ཆུང་བ་དང་། གཡས་ཆེ་བ་དང་གཡོན་ཆུང་བ། བྲི་བྱའི་དོན་ལ་བཀའ་བསྩལ་དང་བཅས་པ་དང་། རྟེན་བཤད་བཅས་ལ་སུག་རིང་། འཕྲིན་དང་། ཐོ་དང་། ཡིག་ཙིར་ལ་བར་བྲིས(ཟླུམ་པོ) གླེགས་བམ་ལ་ཚིག་བྲིས(གྲུ་བཞི་མ)འཁྲིད་རྒྱུན་དག་པའི་སྨྱུག་འཛིན་དབང་བོའི་སྨྱུག་རྩལ་རྫོགས་ན་ཁྱུག་ཡིག་གམ་ལྕགས་ཐག་མ་ཞེས་པ་སོགས་ནི་གངས་ཅན་བྲིས་ཀྱི་སྲོལ་བཟང་པོ་མ་ཉམས་ན་ཨང་།
དྲི་བ་དགུ་པ། ན་དང་ལ་གཉིས་དེ་ཉིད་ལ་འཇུག་དང་མི་འཇུག་གི་མཚམས་ཇི་ལྟར་འབྱེད།
ལན། གང་གི་གཞུང་དོན་ཐམས་ཅད་བརྡ་སྤྲོད་ཀྱི་སྦྱོར་བ་ལ་བརྟེན་ནས་སྟོན་པ་དང་། སྟོན་པའི་གོ་རིམ་དུ་བཀའ་དང་བསྟན་བཅོས་དང་བཤད་པ་དང་གསུམ་གྱིས་ཁྱད་པར་ཡོད་པ་དེ་ཚེག་ཁྱིམ་དང་ངག་ཁྱིམ་གང་གི་ནང་དུ་ཐོན་པ་དཔེར་ན། དེ་བཞིན་གཤེགས་པས་བཀའ་བསྩལ་བ། སློབ་དཔོན་ཆེན་པོས་གསུངས་པ། མཁས་པས་བཤད་པ་བཅས་ངག་ཁྱིམ་ནང་དུ། བསྩལ། གསུངས། བཤད་པ་བཅས་སོ་སོར་འབྱུང་བ་ནི་སོ་སོའི་ཆེ་བའི་གོ་རིམ་ལ་ཁྱད་ཞུགས་པའི་རྒྱུ་མཚན་གྱིས་ཡིན། དེ་བཞིན་དུ་ཕལ་སྐད་ལ་དེ་ཀ་རང་ན་འདུག་ཅེས་དེ་ཉིད་ལ་ན་ལ་འཇོག་ཆོག་པ་དང་། བསྟན་བཅོས་ལ་དེ་ཀ་རང་དུ་འདུག་ཅེས་ཐོབ་ཐང་ལྟར་འགྲོ་བ་ནི་དེ་ཉིད་ཀྱི་ཁྱད་པར་བསྟན་བཅོས་དང་ཕལ་སྐད་ཀྱི་མཚམས་ནས་འཇོག་པ། ངོ་ཐོག་ཏུ་འདུག་ནི་བསྟན་བཅོས་དང་། ཁ་མ་ན་འདུག་ནི་ཕལ་སྐད་དུའོ། །ཀུན་ཏུ་ཁྱབ་ནི་སྨྱུག་ལམ་དང་། ཀུན་ལ་ཁྱབ་ངག་ལམ་དུ་མ་ཟད་དང་པོ་ནི་དེ་ཉིད་དང་། གཉིས་པ་གནས་གཞིར་བཞག་པ་ཡང་ཐབ་ཐང་ཡོད་མེད་ཀྱིས་བཞག་གོ །འདིར་སྨྱུག་ལམ་དང་ངག་ལམ་ཙམ་གྱིས་ཕྱེ་ན་ཡི་གེའི་ཆེ་བ་ཞིག་ཀྱང་ཡིན་ནོ། །ཕལ་སྐད་ཅེས་པའི་ནང་དུ་ཡིག་སྐད་དང་གྲོང་སྐད་གཉིས་ཀ་འདུས། བདེ་གཤེགས་ཀྱི་བཀའ་དང་སློབ་དཔོན་ཆེན་པོའི་བསྟན་བཅོས་དང་བཤད་པ་བཅས་སྒྲུབ་པའི་ཚེ། ཡི་གེ་དང་། མིང་དང་། ཚིག་ལ་རིམ་པ་དང་གོ་རིམ་ཡོད་པ་ནི་སྨྱུག་འཛིན་པས་ངེས་པར་ཤེས་དགོས་པ་ཞིག་ཏུ་སྣང་ཡང་། དེང་སང་སླ་སླ་ཞིག་གིས་ཟིན་ནས་རྡོ་རྗེ་རྐེད་བཟུང་ལ་བསྙེགས་པ་ནི་དམ་པའི་ཕྱག་ལེན་ལ་རྩིས་མེད་པའི་རྐྱེན་ཡིན།
དྲི་བ་བཅུ་པ། གོ་ངོ་སོགས་ཀྱི་ཕྲད་ལ་སླར་བསྡུ། ཟླ་སྡུད། རྫོགས་ཚིག་ཅེས་བཏགས་དོན་ཅི།
ལན། ཚེག་ཁྱིམ་དང་ངག་ཁྱིམ་གྱི་ནང་དུ་གང་བསྟན་པའི་སྒྲ་དེ་ལས་རྗོད་བྱེད་ཀྱི་སྒྲ་གཞན་བསྟན་པ་མེད་པར་བསྡུས་པས་སླར་བསྡུ་དང་། སྡུད་བྱེད་ཀྱི་ཕྲད་ལ་གོ་ངོ་སོགས་བཅུ་གཅིག་ཡོད་པར་སྟོན་པས་ཟླ་སྡུད། ཕྲད་དེ་དག་གི་ནུས་པ་ནི་གང་གི་སྐབས་དོན་རེ་ཞིག་རྫོགས་པ་སྟོན་པས་རྫོགས་ཚིག་ཅེས་བསྡུ་བྱ་དང་སྡུད་བྱེད་དང་དགོས་པ་གསུམ་ལ་སོ་སོར་དམིགས་ནས་དེ་ལྟར་བཏགས་སོ། །
དྲི་བ་བཅུ་གཅིག་པ། བྱེད་འབྲེལ་གྱི་ཕྲད་སྦྱོར་བའི་སྐབས་སུ་མཁན་པོ་གསུང་། མཁན་པོས་གསུང་ངོ་། མཁན་པོའི་གསུང་ཞེས་ཕྲད་སྦྱོར་དང་མི་སྦྱོར་བ། ཕྲད་གང་སྦྱོར་བའི་མཚམས་དེ་ཇི་ལྟར་འབྱེད།
ལན། བྱེད་འབྲེལ་གྱི་ཕྲད་སྦྱོར་སའི་ཡུལ་ནི་བྱེད་པ་དང་ཡུལ་གཉིས་ཀྱི་འབྲེལ་བ་ལ་བལྟོས་ཏེ། ཡུལ་དང་བྱེད་པ་དང་གཞི་དངོས་པོ་དང་གསུམ་གྱི་ཕན་ཚུན་གྱི་འབྲེལ་བ་ལས་ཡུལ་ལ་བྱ་བ་བྱེད་པ་སྟོན་པ་ལ་ལ་དོན་དང་། གཞིའི་དངོས་པོ་ལ་བྱེད་པ་སྟོན་པ་ན་བྱེད་སྒྲ་དང་། གཞི་དངོས་པོ་དེའི་བདག་པོ་སྟོན་པ་ལ་འབྲེལ་སྒྲའོ། །དེ་ཡང་སེང་ཁྲི་ཐོག་ཏུ་མཁན་པོས་གཞུང་གསུངས་པ་ལྟ་བུའི་ངག་ཁྱིམ་ནང་སེང་ཁྲི་ཐོག མཁན་པོ། གཞུང་། གསུངས་ཞེས་ཐ་སྙད་བཞི་པོ་ལ་ཡུལ། བྱེད་པ། ལས་ཀྱི་དངོས་པོ། གསལ་བྱེད་ཀྱི་སྒྲ་དང་བཞི་རུ་བཞག་པ་བརྡ་སྤྲོད་ཀྱི་ཐ་སྙད་ཀྱི་རིགས་མི་འདྲ་བ་བཞི་ཡིན། གོང་གི་དཔེར་བརྗོད་ནང་དུ་ཡུལ་སྤངས་ཏེ་མཁན་པོ་གསུང་ཞེས་བྱེད་འབྲེལ་གྱི་ཕྲད་གང་ཡང་མི་སྦྱོར་བ་ནི། གསལ་བྱེད་ཀྱི་སྒྲ་གསུང་ནི་དངོས་པོ་བདག་དང་གཞན་གཉིས་ཀ་སྟོན་ནུས་པ། ཤེད་མཚུངས་ཀྱིས་སྟོན་པ་དང་། སུས་གསུངས་པ་སྟོན་པས་མཁན་པོས་གསུང་ངོ་ཞེས་བྱེད་སྒྲ་དང་། གཞུང་དེའི་བདག་པོ་སྟོན་པར་མཁན་པོའི་གསུང་ཞེས་པ་སྟེ། སྐབས་འདིའི་གསུང་གིས་ལས་མི་སྟོན། ལས་ཀྱི་དངོས་པོ་སྟོན་པ་ཡིན་ནོ། །དེའི་ཕྱིར་བྱེད་པོ་མི་སྟོན་བདག་པོ་སྟོན་ན་འབྲེལ་སྒྲ། བདག་པོ་མི་སྟོན་བྱེད་པོ་སྟོན་ན་བྱེད་སྒྲ། བདག་གཞན་གཉིས་ཀ་སྟོན་པར་ཕྲད་སྤངས་པའོ། །
དྲི་བ་བཅུ་གཉིས་པ། གམ་ངམ་སོགས་ཀྱི་འབྱེད་སྡུད་དང་། དང་སྒྲའི་འབྱེད་སྡུད་ལ་ཁྱད་པར་ཡོད་དམ་མེད།
ལན། དེ་གཉིས་ལ་ཁྱད་པར་ཡོད་དེ། 1.བྱེ་བྲག་གི་ཆོས་འགའ་ཞིག་གདམ་ངས་འབྱེད་པའམ་སྡུད་པ་ལ་གམ་ངམ་སོགས་དང་། བྱེ་བྲག་གི་ཆོས་ཐམས་ཅད་ཚང་བར་འབྱེད་པ་དང་སྡུད་པ་ལ་དང་སྒྲ། 2.དབྱེ་བྱ་དང་བསྡུ་བྱའི་ཆོས་དེ་རང་ལྡོག་ཙམ་གྱིས་འབྱེད་པའམ་སྡུད་པ་ལ་གམ་སོགས་དང་། དབྱེ་བྱ་དང་བསྡུ་བྱའི་ཆོས་ཀྱི་རང་ལྡོག་མ་ཟད་ཆོས་དེའི་ཁྱད་ཆོས་དང་སྦྱར་བའི་དོན་ལ་དང་སྒྲ་སྟེ། ཁྱད་པར་གྱི་ཆོས་ཤིག་གིས་འབྱེད་སྡུད་ལ་དང་སྒྲ་ཉིད་གཙོ་ཆེ་སྟེ། འབྱུང་བ་བཞི་བོ་གྲངས་འདྲེན་ཙམ་ལ། སའམ། ཆུའམ། མེའམ། རླུང་བཞི་ནི་འབྱུང་བའོ་ཞེས་དང་། འདུས་བྱས་ཐམས་ཅད་འབྱུང་བ་བཞི་ལས་སྐྱེས་ཏེ། ས་དང་། ཆུ་དང་། མེ་དང་། རླུང་དང་བཅས་འབྱུང་བ་བཞིའོ་ཞེས་བརྗོད་པའི་ཚེ་ན་སས་འཛིན་པ་དང་། ཆུས་སྡུད་པ་དང་། མེས་སྨིན་པ་དང་། རླུང་གིས་འཕེལ་བར་བྱེད་པས་ན་འབྱུང་བ་ཞེས་སོ་སོའི་བྱེད་ལས་ཀྱི་ཆོས་སྦྱར་དགོས་པ་དང་སྒྲ་ཉིད་ཡིན་ནོ། ། ཁྱད་པར་གྱི་གནད་འདི་ཉིད་དོ། །
དྲི་བ་བཅུ་གསུམ་པ། ཕྲད་རང་དབང་གི་དེ་སྒྲ་དང་ཕྲད་གཞན་དབང་གི་དེ་སྒྲས་ལྷག་བཅས་སྟོན་ཚུལ་གཅིག་གམ་མི་གཅིག
ལན། དེ་གཉིས་ཀྱི་ཁྱད་པར་ངེས་པའི་ཆེད་དུ་པྲ་སྟིའི་དཔེ་འདི་ལ་བརྟག་པར་བྱ། ལྷའི་གཟུགས་ནི་མཛེས་པར་ཡོད་དེ། ད་ནི་མིའི་གཟུགས་ལ་ལྟའོ་ཞེས་པ་འདིའི་ལྷའི་གཟུགས་ནི་མཛེས་པར་ལྡན་དེ། ད་ནི་མིའི་གཟུགས་ལ་ལྟའོ་ཞེས་དང་། ལྷའི་གཟུགས་ནི་མཛེས་པར་མངའ་དེ། ད་ནི་མིའི་གཟུགས་ལ་ལྟའོ་ཞེས་བརྗོད་ན། མི་ལེགས་པ་ནི་གཞན་དབང་གི་ལྷག་བཅས་དང་། རང་དབང་གི་ལྷག་བཅས་གཉིས་མི་གཅིག་པའི་རྒྱུ་མཚན་གྱིས་ཡིན། དེས་ན་ཕྲད་རང་དབང་གི་དེ་སྒྲས་ལྷག་བཅས་སྟོན་ཚུལ་ནི་གཞུང་གི་ངག་ཁྱིམ་གྱི་མགོ་ན། དེ་ན། དེ་བས། དེའི་ཕྱིར། དེ་ནས། དེ་ལྟར་ན་ཞེས་འབྱུང་བའི་དེ་སྒྲ་འདི་ནི་ཐ་སྙད་དབང་དུ་གསུམ་ཞེས་པའི་གསུམ་པ་ལྷག་མ་འདྲེན་པར་འཇུག་ཚུལ་གྱི་དཔེར་བརྗོད་འཁྲུལ་མེད་ཡིན་སྙམ། དེ་སྒྲ་དེ་དག་ལས་ན་དང་། བས་དང་། ཕྱིར་དང་། ལྟར་བཞི་ནི་རྒྱུ་མཚན་གྱི་ལྷག་མ། ནས་སྒྲ་མཚམས་སྦྱོར་གྱི་ལྷག་མ་འདྲེན་པ་དང་། འདྲེན་ཚུལ་ནི་གང་བརྗོད་པ་དེའི་བར་མ་ཆོད་པར་དེ་མ་ཐག་ལྷག་མ་བརྗོད་པ་འདི་དེ་སྒྲས་རྗོད་པར་བྱེད་པའོ། །དཔེར་ན། འཇིག་རྟེན་མི་ཆོས་གསུང་མ་ཐག དེ་ནས་དམ་པའི་ལྷ་ཆོས་འཚམ་པར་གསུངས་སོ་ལྟ་བུའོ། །
དྲི་བ་བཅུ་བཞི་པ། བརྡ་སྤྲོད་ཀྱི་ཐོབ་ཐང་དུ་ག་ད་བ་དང་ད་དྲག་མཐར། ཅིང་ཅེས་ཅེའོ་ཅེ་ན་ཅིག་སོགས་བྱུང་ཡང་རྩ་བའི་གཞུང་ན་ཕྲད་ཀྱི་གྲངས་དང་སྒྲ་འཇུག་གི་ཐོབ་ཐང་བསྟན་མེད་པའི་རྒྱུ་མཚན་ཅི།
ལན། སློབ་དཔོན་གྱི་སུམ་གཞུང་འདི་འཕགས་ཡུལ་ནས་སཾ་སྐད་དུ་མཛད་པའི་དུས་སུ་སྟོད་ཀྱི་ཅ་ཆ་ཇ་གསུམ་དང་། སྨད་ཀྱི་ཞ་ཟ་འ་གསུམ་མཛད་མེད་པ་དང་། སུམ་གཞུང་དུ་གཙོ་བོ་རྗེས་འཇུག་གི་བྱ་བ་སྟོན་པ་དང་། ཅིང་ཅེས་ཅེའོ་ཅེ་ན་ཅིག་སོགས་ཕྲད་བཅོ་ལྔ་བོ་གང་རུང་དང་འབྲེལ་བའི་རྗེས་འཇུག་གི་ཕྲད་ཅིག་མེད་པ་དང་། རྗེས་འཇུག་གི་ཕྲད་རྣམས་སུ་རྣམ་དབྱེའི་སྦྱོར་བ་དང་ཕྲད་ཀྱི་འཇུག་པ་གཙོ་བོར་སྟོན་པ་ཞིག་ཡིན་པས་སོ། །གཞན་ཡང་འགྱུར་རྙིང་དུ་ཤིང་ཤིག་ཤེའོ་ཤེ་ན་ལས་གཞན་མཐོང་བ་ཉུང་བ་ལ་གཞིགས་ན་ཕྲད་བཅོ་ལྔའི་ཐོབ་ཐང་ནི་ཕྱིས་ཀྱི་ཞུས་ཆེན་གྱི་ལོ་ཙཱ་པ་ཆེན་པོ་དག་གིས་ཅིང་ཅེས་ཅེའོ་ཅེ་ན་ཅིག ཞིང་ཞེས་ཞེའོ་ཞེ་ན་ཞིག ཤིང་ཤེའོ་ཤེ་ན་ཤིག་ཅེས་བཅུ་བཞི་མཛད་པ་དང་། བཅོ་ལྔ་བ་ཤེས་ནི་འདུ་ཤེས་ཀྱི་ཤེས་ལ་མི་འཁྲུལ་བའི་ཕྱིར་དུ་ཤེས་ཀྱི་དོབ་ཏུ་ཞེས་བཅོས་པ་ནི་དམིགས་བསལ་གྱིས་སོ། །
དྲི་བ་བཅོ་ལྔ་པ། སྒྲུབ་པ་དང་དགག་པའི་ཕྲད་པ་པོ་དང་མ་མི་སྟོན་པ་ལ་ད་དུང་བ་བོ་མ་མོ་ཅན་ལྡན་མཁན་བསྣན་པ་དང་། མིན་དང་མེད་བསྣན་ནས་གསུངས་པ་དེ་རྩ་བ་དང་ཨེ་མཐུན།
ལན། པ་པོ་བ་བོ་ཅན་ལྡན་མཁན་ལ་སྒྲུབ་པ་དང་བདག་སྒྲ་ཞེས་གསུངས་པ་ནི་རགས་པས་བཤད་པ་ཡིན། ཞིབ་བུར་ན་བདག་པོ་སྟོན་པ་དང་བདག་པའི་དོན་ཅན་སྟོན་པ་ལ་ཁྱད་པར་ཆེ་སྟེ། བདག་པོ་སྟོན་ཞེས་པས་གང་གི་བྱེད་པའི་འབྲས་བུ་ལ་དབང་ཟ་བའི་ཟ་བ་བོ་ཞིག་སྟོན་དགོས། དཔེར་ན། ཐེག་ཆེན་པ། གསེར་གཉེར་པ་པོ་ཞེས་པ་པོ་དང་བརྗོད་བདེ་དབང་གིས་སེ་ར་འགྲིམ་པ་པོ་ལ་སེ་ར་བ་ཞེས་བ་སྒྲ་སྟེ་པ་དང་པོ་དང་བ་གསུམ་ནི། ལས་གང་དབང་ཟ་བའི་ཟ་བ་པོ་སྟེ་བྱེད་པ་སྟོན་པ་ཞིག་ཡིན་དགོས། ཡང་རྟ་ཞོན་པ་པོ་ལ་རྟ་བ་ཞེས་ཚིག་གང་ཞིག་ཐ་སྙད་དུ་སྒྲུབ་པ་ཅན་ནི་བདག་སྒྲ་དངོས་ཡིན་ཅིང་། དེ་སྟོན་བྱེད་དུ་ཕྲད་ལ་པ་པོ་བ་གསུམ་ལས་མ་འདས་སོ། །ཆོས་གང་ཞིག་ལྡན་པའི་གང་ཟག་ཙམ་སྟོན་པ་ནི། ཤེས་ཅན། གོ་ས་ཅན། འབྱོར་ལྡན། སྟོབས་ལྡན། བཤད་མཁན། ཟ་མཁན་ལྟ་བུ་ནི་ཡོན་ཏན་གང་ཞིག་ལྡན་པ་དང་། དེ་ལྡན་པ་གང་ཟག་ཙམ་ལས་ལས་གང་ལ་དབང་ཟ་བར་སྟོན་པ་མ་ཡིན་པས་བདག་པོའི་སྒྲ་ལ་འཇུག་པ་མ་ཡིན་ནོ། །ཡང་སློབ་མ། བྱང་མ། འབྱོར་མོ་ལྟ་བུའི་མ་དང་མོ་ནི་ཐ་སྙད་ཙམ་ལས་ཚིག་མ་ཡིན་པས། དེ་ཡང་ལས་ལ་དབང་ཟ་བར་གཙོ་བོར་མི་སྟོན་པས་བདག་སྒྲ་མ་ཡིན་ནོ། །སྤྱིར་ཚིག་ཕྲད་ཀྱི་ཡོན་ཏན་བཤད་པའི་ཚེ་མིང་གང་གི་རྗེས་སུ་ཚིག་ཕྲད་སྦྱར་བ་དེ་ནི་ཚིག་ཏུ་འགྱུར་བ་ཞིག་ཡིན་དགོས་ཏེ། ཁྱོད་སྦྱར་བ་ན་སྔ་ན་མེད་པའི་དོན་གསར་བ་ཞིག་སྟོན་དགོས་ཞེས་པ་འདི་ལས་ཤེས་ནུས་སོ། །དེའི་ཕྱིར་སློབ་མ། འབྱོར་མོ། གཡུང་མོ་ཞེས་པ་རྣམས་ཀྱི་མ་དང་མོ་ནི་ཐ་སྙད་སྒྲུབ་བྱེད་ཀྱི་ཆ་ཤས་སུ་སོང་བ་ལས་ཚིག་ཕྲད་དུ་མི་བྱའོ། །ཡང་དགག་སྒྲ་སྟོན་པའི་ཚེ་ན་མ་མི་མིན་མེད་བཞི་རུ་འདྲེན་པ་ཡང་དགག་པའི་དོན་ཅན་དུ་སོང་བའི་སྒོ་ནས་ཡིན་གྱི་མིང་ལ་གྲོགས་བྱས་ཏེ་དགག་པ་སྟོན་པ་མ་ཡིན་ཏེ། མིན་དང་མེད་ཀྱིས་དགག་པའི་དོན་དངོས་སུ་སྟོན་པ་དང་། རང་ཉིད་དགག་པ་གསལ་བྱེད་ཀྱི་སྒྲར་གྱུར་བ་ཡིན། མ་དང་མི་ཡིས་ཐ་སྙད་དང་མ་སྦྱར་བར་རང་ཉིད་ཀྱིས་དོན་མི་མི་སྟོན་པའི་སྒོ་ནས་ཚིག་ཕྲད་རྐྱང་བར་བཞག་པ་དང་། མིན་དང་མེད་གཉིས་ཐ་སྙད་གཞན་ལ་མ་བརྟེན་པར་རང་ཉིད་ཀྱིས་དོན་སྟོན་པའི་སྒོ་ནས་དེ་གཉིས་དགག་པ་གསལ་བྱེད་ཀྱི་སྒྲ་ཡིན། གཞན་ཡང་ཡ་མཐའ་ན་ཞེས་པས་ཀྱང་མིན་མེད་གཉིས་བསྟན་པ་མ་ཡིན་པར་གོ་བས་ཕྲད་དང་གསལ་བྱེད་ཀྱི་སྒྲའི་ཁྱད་པར་དེ་བརྡགསྤྲོད་ཀྱི་གཞུང་ལ་གལ་ཆེའོ། །
དྲི་བ་བཅུ་དྲུག་པ། ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས། །ཅུང་ཟད་བསྡུས་པ་ཡོད་ན་ཡང་ཞེས་པའི་གདམས་ངག་འདོམས་པའི་གཞུང་ལ་འགྲེལ་བ་མཛད་པའི་སྐབས་སུ་འགྱུར་གྱི་ལས་དང་སྦྱར་ནས་འགྲེལ་མཛད་པ་དེས་ཆོག་གམ།
ལན། འགྱུར་གྱི་ལས་དང་སྦྱར་ནས་འགྲེལ་མཛད་པ་ནི་བསྡུས་པའི་སྒོ་ནས་འགྲེལ་མཛད་པ་ཡིན་གྱི་ཡི་གེ་ཨཱ་ལི་ཀཱ་ལི་གཉིས་ཞེས་པ་ནས་མཇུག་གི་བར་གྱི་རྗོད་བྱེད་ཀྱི་ཚིག་དང་སྦྱར་ན་ད་དུང་བསྟན་ཟིན་པའི་ཚིག་ཕྲད་དེ་དག་གི་དོན་གྱི་སྦྱོར་བའི་ཐད་ནས་ན་སྒྲ་རྒྱུ་མཚན་སོགས་དང་། ར་སྒྲ་སྡུད་པ་སོགས་དང་། ལ་སྒྲ་མཚམས་སྦྱོར་ལ་འཇུག་པ་སོགས་དང་། ཨི་ལྡན་དང་། རྒྱན་སྡུད་སོགས་ཚིག་ཕྲད་ཀྱི་དོན་གྱི་སྦྱོར་བ་ཚང་བར་མ་བཤད་པ་རྣམས་ཀྱང་གོང་དུ་བཤད་ཟིན་པའི་དོན་ལ་གཞིགས་ནས་སྦྱར་བར་བྱ་ཞེས་ལྷན་ཐབས་སུ་འགྲེལ་ན་གངས་ལ་ཟླ་ཟེར་དུ་ཨེ་འགྲོ་སྙམ་མོ། །
དཔྱད་གཞུང་འདིའི་ནང་དུ་བརྡ་སྤྲོད་ཀྱི་གཞུང་ལ་མ་བྱང་བའི་དབང་གིས་དང་སློབ་གཉེར་ཞན་པའི་དབང་གིས་ཡི་གེ་དང་། མིང་དང་། དོན་ལ་འཁྲུལ་བ་དང་ནོར་བ་ཡོད་སྲིད་པ་འགོག་པའི་ཕྱིར་དང་། གཞུང་འཛུགས་ལེགས་པ་འབྱུང་བའི་ཕྱིར་དུ་དགོངས་འཆར་སྦ་གསང་དང་ཚོམ་ཚོམ་མེད་པར་གནང་རྒྱུ་ནི་བཀའ་དྲིན་མི་ཆུང་ཞུའོ་ཞེས་ཡང་ཡང་གསོལ་ལོ། །
རྩོམ་སྒྲིག་འགན་འཁུར་པ། རྡོ་རྗེ་ཐར།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།