ང་བསླབ་བྱ་ཚང་མ་ལ་དགའ་ཞིང་དགེ་རྒན་ཡོད་ཚད་ལ་དུངས།

རྩོམ་པ་པོ།:འབྲོང་ཕྲུག་ལྷ་ཆེན་རྒྱལ། ཡོང་ཁུངས།:༢༠༢༡ལོའི«མང་རྫོང་སློབ་གསོའི་ལྟ་སྐུལ»དེབ་གཉིས་པ། དུས་ཚོད།:2021-12-07 09:44:14 ཀློག་གྲངས།:
བཅར་འདྲི་བྱེད་མཁན། དགེ་རྒན་འབྲོང་ཕྲུག།
བཅར་འདྲི་བྱེད་ཡུལ། སློབ་བུ་ཟླ་བ་ནོར་བུ།
བཅར་འདྲིའི་ཡུལ་དངོས། དྲ་ལམ།
བཅར་འདྲིའི་དུས་ཚོད། ༢༠༢༡ལོའི་ཟླ་དགུ་བ།


དགེ་རྒན་འབྲོང་ཕྲུག། སློབ་ཕྲུག་ཟླ་བ་ནོར་བུ་ལགས། ཁྱོད་བདེ་མོ། ཐོག་མར་ཁྱོད་ཀྱིས་ད་ལོའི་འབྲིང་རྒྱུགས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས་པར་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག ཁྱོད་ཀྱིས་སློབ་ཕྲུག་ཁྱོད་ཀྱིས་«མང་རྫོང་སློབ་གསོ་ལྟ་སྐུལ་»གྱི་ཀློག་པ་པོ་དག་ལ་རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱ་རོགས།   
སློབ་བུ་ཟླ་བ་ནོར་བུ། དགེ་རྒན་འབྲོང་ཕྲུག་ལགས་བདེ་མོ། རྒན་ལགས་ཀྱིས་དུས་དང་རྣམ་པ་ཀུན་དུ་ང་ཚོ་སློབ་ཕྲུག་དག་གི་སློབ་སྦྱོང་དང་འཚོ་བལ་སོགས་ཕྱོགས་གང་ཅིའི་ཐད་ནས་ཐུགས་ཁུར་བྱས་པར་བཀའ་དྲིན་ཆེ། ང་ནི་མང་རྫོང་མི་རིགས་སློབ་འབྲིང་ནས་ཉིས་སྟོང་ཉི་ཤུ་ལོར་སློབ་མཐར་ཕྱིན་པ་ཡིན་ལ། ལོ་དེའི་འབྲིང་རྒྱུགས་ལ་ཕུལ་དུ་བྱུང་བའི་རྒྱུགས་འབྲས་བླངས་ཏེ་ནན་ཅིང་ཅིང་ཉིན་མཐོ་འབྲིང་དུ་ཞུགས་པ་ཡིན། 
དགེ་རྒན་འབྲོང་ཕྲུག། སློབ་གསོའི་ཤོམ་ཞེས་པའི་ལེ་ཚན་འདི་ནི་ཆེད་དུ་རང་རེའི་མང་རྫོང་ཡུལ་གྱི་སློབ་གྲྭ་ཆེ་འབྲིང་གི་སློབ་བུ་དག་ལ་དམིགས་ནས་སྒྲུབ་པའི་ལེ་ཚན་ཞིག་ཡིན་པས། དེའི་བཅར་འདྲི་བྱ་ཡུལ་དང་ཁ་གཏད་ས་གཙོ་བོའང་མང་རྫོང་ཡུལ་གྱི་སློབ་གྲྭ་ཆེ་འབྲིང་གི་སློབ་མར་དམིགས་པ་ཞིག་ཡིན། སློབ་ཕྲུག་ཁྱོད་ལ་མཚོན་ན། ད་ལོ་ཁུལ་ཡོངས་ཀྱི་འབྲིང་རྒྱུགས་ཀྱི་རྒྱུགས་འབྲས་རྩེ་གྲ་ལེན་མཁན་དེ་རེད། དེ་འདྲ་ཞིག་ཡིན་ཕྱིན། སློབ་ཕྲུག་ཁྱོད་ལ་ན་མཉམ་གྱི་སློབ་ཕྲུག་གཞན་དག་དང་མི་འདྲ་བའི་སློབ་སྦྱོང་གི་བྱེད་ཐབས་ཁྱད་པར་བ་ཞིག་ཡོད་ངེས་རེད། ཁྱོད་ཀྱིས་རྒྱུན་ལྡན་གྱི་སློབ་གསོ་སློབ་ཁྲིད་སྐབས་སུ་སློབ་སྦྱོང་བྱེད་ཐབས་གཙོ་བོ་ཅི་ཞིག་བཀོལ་བ་ཡིན།
སློབ་བུ་ཟླ་བ་ནོར་བུ། སྤྱིར་སློབ་མ་ཞིག་ཡིན་ན། རྒྱུགས་འབྲས་བཟང་བོ་ཞིག་ལེན་རྒྱུ་དེ་ནི་དམིགས་འབེན་གཙོ་བོ་ཡིན་པས། ཁོ་བོའི་ཐེངས་འདིའི་རྒྱུགས་འབྲས་ཀྱང་དུས་རྒྱུན་གྱི་སློབ་སྦྱོང་ལ་འབྲེལ་བ་དམ་དུ་ཡོད་ངེས། ཡིན་ནའང་། ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན་སློབ་སྦྱོང་བྱེད་ཐབས་ཞེས་ཁྱད་པར་བ་ཞིག་གླེང་རྒྱུ་མི་འདུག དེ་ནི་ཕལ་ཆེར་སློབ་ཁྲིད་ཀྱི་སྦྱོར་དངོས་རྗེས་གསུམ་གྱི་གྲ་སྒྲིག་དང་ལག་ལེན་བཅས་པར་རག་ལས་པར་སེམས། རྒྱུན་ལྡན་གྱི་སློབ་ཁྲིད་མ་ཚོགས་སྔོན་ལ། ངས་བསླབ་བྱ་གང་ཡིན་ཐུན་དེའི་འཁྲིད་བྱའི་ནང་དོན་སྦྱོར་ཀློག་ཐེངས་གཅིག་བྱས་རྗེས། མི་ཤེས་པ་དང་དོགས་གཞི་ཅན་གྱི་སྐོར་ལ་མཚོན་ལྡན་སྣུམ་སྨྱུག་གིས་རྟགས་བརྒྱབ་ནས་དགེ་རྒན་གྱིས་མཛུབ་ཁྲིད་དང་དོགས་གནད་སེལ་བར་གྲ་སྒྲིག་བྱས་པ་དང་། སློབ་ཁྲིད་དངོས་ལ་ཞུགས་རྗེས། བློ་རྩེ་གཅིག་སྒྲིམ་དང་ལུས་ངག་ཡིད་གསུམ་གྱི་སྒོ་མོ་ཡོངས་སུ་དགེ་རྒན་ལ་ཕྱེས་ནས་དོགས་གཞི་མང་དུ་དྲིས་པ་ཡིན། དགེ་རྒན་གྱིས་སེལ་བའི་དོགས་གཞི་དང་དེ་དག་གི་ཡང་དག་པའི་དྲིས་ལན་དག་ཀྱང་ཟིན་བྲིས་སུ་བཏབ་པ་ཡིན། སློབ་ཁྲིད་གྲོལ་རྗེས། བསླབ་ཟིན་པའི་ཤེས་བྱར་བསམ་གཞིག་དང་ཕྱིར་རྟོག སྐྱོར་སྦྱངས་མང་དུ་བྱས་པ་ཡིན། དེ་ལས་ལྷག་པའི་ཉམས་མྱོང་ཞིག་གླེང་རྒྱུ་མི་འདུག   
དགེ་རྒན་འབྲོང་ཕྲུག། སྤྱིར་ན་སློབ་མ་སུ་དང་གང་ཞིག་ཡིན་རུང་། སློབ་སྦྱོང་གི་འབྲས་བུ་དེ་ནི་སློབ་མ་རང་ཉིད་ཀྱི་སློབ་སྦྱོང་བྱེད་ཐབས་ཁྱད་པར་བ་ཕུད། བསླབ་བྱ་སོ་སོའི་སློབ་ཁྲིད་དགེ་རྒན་གྱི་སློབ་ཁྲིད་དང་མཛུབ་སྟོན་ལའང་འབྲེལ་བ་དམ་ཟབ་ཅིག་ཡོད་སྲིད། སློབ་ཕྲུག་ཁྱོད་ལ་མཚོན་ནས་བཤད་ན། དམའ་འབྲིང་སྐབས་སུ་ཆེས་དགའ་བའི་བསླབ་བྱ་དང་བསླབ་བྱའི་དགེ་རྒན་སུ་སུ་ཡིན། བསླབ་བྱ་དེ་དང་དགེ་རྒན་ལ་དེ་ལ་དགའ་བའི་རྒྱུ་མཚན་ཅུང་ཙམ་བཤད་རོགས། 
སློབ་བུ་ཟླ་བ་ནོར་བུ། ང་རང་བསླབ་བྱ་གང་ཡིན་ལ་ཕྱོགས་རེས་ཆེར་མེད་དེ། རྒྱ་བོད་དབྱིན་གསུམ་གྱི་སྐད་ཡིག་ནི་རང་ཉིད་དང་རྒྱལ་ཁམས་མཐོང་བའི་མེ་ལོང་དུ་མཐོང་བས་ཤུགས་བརྒྱབ་ལ། རྩིས་དངོས་རྫས་གསུམ་ནི་རང་གི་བློ་གྲོས་དང་འཇོན་ནུས། བསམ་གཞིག་སོགས་ཀྱི་སྒོ་མོ་འབྱེད་པའི་ལྡེ་མིག་ཏུ་མཐོང་བས་དེ་ལ་དགའ་ཞིང་། ཡིག་གཟུགས་ནི་གཞན་གྱི་མིག་དབང་འཕྲོག་པའི་སྣ་བརྒྱའི་མེ་ཏོག་ཏུ་མཐོང་བས་དེ་ལའང་དགའ་བོ་བྱུང་། མདོར་ན། ང་བསླབ་བྱ་ཚང་མ་ལ་དགའ་ཞིང་དགེ་རྒན་ཡོད་ཚད་ལ་དུངས། དེ་དག་གིས་ང་མི་ཡི་གྲས་སུ་ཚུད་ཅིང་མི་བློ་གྲོས་ཅན་དང་རྣམ་དཔྱོད་ཅན་ཞིག་འཁྱོངས་པར་སྐུལ་མ་དང་ལམ་ལ་ཆས་སུ་བཅུག་པ་རེད།
དགེ་རྒན་འབྲོང་ཕྲུག། སྔོན་ཆད་ཀྱི་སློབ་གྲྭའི་སློབ་གསོ་ནི་སློབ་ཁྲིད་ལ་རྩེ་གཅིག་གིས་ཉན་རྒྱུ་དང་ལས་བྱ་ནན་ཏན་གྱིས་འགྲུབ་རྒྱུ། བསྐྱར་སྦྱོང་བྱང་ཆུབ་པ་ཞིག་བྱེད་རྒྱུ་དེ་ནི་གཙོ་བོ་ཡིན་ཞིང་། དེ་དག་གིས་རྒྱུགས་འབྲས་བཟང་བོ་ཞིག་ལེན་པར་རྨང་གཞི་བཞག་པ་རེད། ཁྱོད་ལ་སློབ་གསོ་བྱེད་ཐབས་དེའི་ཐད་དུ་ལྟ་ཚུལ་མཐུན་མི་མཐུན་གང་འདྲ་ཞིག་ཡོད། སློབ་མ་ཞིག་གི་སློབ་སྦྱོང་གི་བཟང་ངན་དེ་རྒྱུགས་འབྲས་ཀྱིས་ཐག་གིས་བཅད་ན་འགྲིག་གམ། རྒྱུ་མཚན་ཅི།   
སློབ་བུ་ཟླ་བ་ནོར་བུ། སྔོན་ཆད་ཀྱི་རྒྱུགས་བསྟུན་སློབ་གསོར་མཚོན་ན། རྒྱུགས་འབྲས་ཀྱིས་སློབ་མའི་སློབ་སྦྱོང་གི་བཟང་ངན་དང་དགེ་རྒན་གྱིས་སློབ་ཁྲིད་ཀྱི་ལེགས་ཉེས་འབྱེད་ཀྱིན་ཡོད་ནའང་། ད་ལྟའི་སྤུས་ཚད་སློབ་གསོར་མཚོན་ནས་བཤད་ན། རྒྱུགས་འབྲས་ཀྱིས་སློབ་མའི་ཡོད་ཚད་འཇལ་བ་ནི་སློབ་གསོའི་ལོག་ལམ་ཞིག་ཏུ་མཐོང་། དེ་བས། བདག་གིས་དུས་དང་རྣམ་པ་ཀུན་ཏུ་སློབ་མ་ཞིག་གི་བཟང་ངན་དང་བྱ་བ་ཞིག་གི་ལེགས་ཉེས་གང་ཡིན་དེ་ནི། སློབ་མ་གང་དེའི་མི་གཞི་དང་ཀུན་སྤྱོད་་དང་བྱ་བར་བཟུང་བའི་རྣམ་འགྱུར་གྱིས་མཚོན་དགོས་པར་འདོད། ཡིན་ནའང་། རྒྱུགས་འབྲས་ཕལ་བར་བརྩིས་ནས་སློབ་སྦྱོང་ལ་འཐུས་ཤོར་འབྱུང་དུ་འཇུག་གཏན་ནས་མི་རུང་བས། བདག་གིས་སློབ་སྦྱོང་ལ་སློབ་སྦྱོང་གི་ཐབས་ལམ་ལེགས་ཤོས་དང་ལྟ་སྟངས་ཡང་དག་བཟུང་ནས་གྲུབ་འབྲས་ཕུལ་དུ་བྱུང་བ་ཞིག་ལ་བརྩོན་བཞིན་ཡོད།
དགེ་རྒན་འབྲོང་ཕྲུག། སྐད་ཡིག་དགེ་རྒན་ཐམས་ཅད་ལ་གཅིག་མཐུན་གྱི་ངོས་ཟིན་ཞིག་ཡོད་པ་ནི། སྐད་ཡིག་སློབ་སྦྱོང་དེ་ནི་འབྲི་ཀློག་གཉིས་ཀར་ངོས་འཛིན་པ་རེད། ཁྱོད་ཀྱིས་སློབ་གྲྭ་ཆུང་འབྲིང་གི་སྐབས་སུ་སྐད་ཡིག་སློབ་དེབ་ལས་གཞན་པའི་ཤེས་བྱ་ཅི་ཞིག་བློར་བཟུང་མྱོང་། དེ་བཞིན་དུ། སྐད་ཡིག་གི་སློབ་དེབ་ལས་གཞན་པའི་བསླབ་ཕྱིའི་ཀློག་དེབ་གང་དག་ལ་བལྟ་མྱོང་། བསླབ་ཕྱིའི་དཔེ་ཀློག་དེ་དག་གིས་ཁྱོད་ཀྱི་སྐད་ཡིག་གི་རྨང་གཞི་མཐོར་འདེགས་ལ་ནུས་པ་ག་འདྲ་ཞིག་ཐོན་གྱིན་འདུག 
སློབ་བུ་ཟླ་བ་ནོར་བུ། སྐད་ཡིག་གི་རྨང་གཞིའི་ཤེས་བྱ་མཐོར་འདེགས་དང་རྩོམ་འབྲིའི་ནུས་པ་སྐྱེད་བསྲིང་བྱ་དགོས་ན། སློབ་དེབ་ཁོ་ན་ལས་མང་པོ་ཞིག་ཤེས་ཐུབ་ཀྱི་མེད་པས། ངས་དབྱར་དགུན་གནང་གི་དུས་ཚོད་བེད་སྤྱད་ནས་བསླབ་ཕྱིའི་དཔེ་ཀློག་མང་དུ་བྱས་པ་ཡིན། དེ་ལ་ཕ་མ་གཉིས་ནས་ཀྱང་ངེད་མིང་སྲིང་གཉིས་ལ་དཔེ་ཀློག་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད་དེ། ངེད་གཉིས་ཉལ་སའི་ཕྱི་ནང་ཚང་མ་དཔེ་སྒྲོམ་དང་དཔེ་ཆ་ཡིན་པས། ངས་«མི་རོ་རྩེ་སྒྲུང་»དང་«གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་»གཙོ་བོར་བྱས་ཏེ། རང་རྒྱལ་གྱི་གནའ་བོའི་སྒྲུང་གཏམ་གྲགས་ཆེན་བཞི་ལས་«ཐོག་ཁང་དམར་པོའི་རྨི་ལམ་»དང་«ཆུ་ངོགས་གཏམ་རྒྱུད།» «རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་»སོགས་དང་། ད་དུང་རྩོམ་པ་པོ་ཚེ་རིང་དོན་གྲུབ་ལགས་དང་དགེ་རྒན་སྟག་འབུམ་རྒྱལ་སོགས་ཀྱི་སྒྲུང་གཏམ་མང་པོ་བཀླགས་ནས། ངའི་བོད་རྒྱ་སྐད་ཡིག་གཉིས་ཀྱི་རྨང་གཞིའི་ཤེས་བྱ་མཐོར་འདེགས་དང་རྩོམ་འབྲིའི་ནུས་པ་སྐྱེད་བསྲིང་བྱེད་པར་ཕན་འབྲས་མི་དམན་པ་ཐོབ་སོང་བ་མ་ཟད། ང་རང་དྲ་རྒྱ་ལས་ཆ་འཕྲིན་མང་པོ་སྡུད་ལེན་བྱེད་པར་དགའ་བས། དེས་ནི་ངའི་རྩིས་དངོས་རྫས་ལས་གཞན་ད་དུང་ལོ་རྒྱུས་དང་ས་ཁམས། ཆབ་སྲིད་ལྟ་བུའི་བསླབ་བྱར་རམ་འདེགས་ཆེ་ཆེར་བྱས་ཡོད་ངེས།
དགེ་རྒན་འབྲོང་ཕྲུག། སློབ་ཕྲུག་ཁྱོད་ནི་སློབ་སྦྱོང་གི་རྒྱུགས་འབྲས་ཕུལ་དུ་བྱུང་བ་ཁོ་ན་ཙམ་ཞིག་མ་ཡིན་པར། དམའ་འབྲིང་གི་སྐབས་སུ། སློབ་རའི་རིག་གནས་བྱེད་སྒོ་སྣ་ཚོགས་ལ་ཞུགས་རྒྱུར་དགའ་བ་མ་ཟད། ད་དུང་རྩོམ་འབྲིའི་ནུས་པ་ཁྱད་པར་བ་ཞིག་ཡོད་པར་གླེང་། ཁྱོད་ཀྱིས་རང་ཉིད་ཆེས་ཐོག་མར་རྩོམ་འབྲིའི་ལས་ལ་ཞུགས་པ་དང་། ད་ལྟའི་བར་དུ་བླངས་པའི་གྲུབ་འབྲས་ཀྱི་ཕྱོགས་ནས་ཁ་བརྡ་ཞིག་བྱས་ན་ག་འདྲ་འདུག    
སློབ་བུ་ཟླ་བ་ནོར་བུ། གོང་དུ་བཤད་པ་བཞིན། སྐད་ཡིག་དགེ་རྒན་གྱིས་སུན་སྣང་མེད་པར་རྩོམ་འབྲིའི་ཤེས་བྱ་ཁྲིད་སྟོན་དང་རྩོམ་འབྲིའི་ཉམས་མྱོང་མཛུབ་སྟོན། རྩོམ་ཡིག་ལས་བྱར་ཞུ་དག དེ་བཞིན་དུས་དེབ་དང་ཚགས་པར་སོགས་སུ་འོས་སྦྱོར་བྱས་པ་དང་གཅིག ང་ཚོ་མང་རྫོང་མི་རིགས་སློབ་འབྲིང་གི་སློབ་གྲྭའི་ཁོར་ཡུག་ན་བོད་ཁུལ་ན་མིང་དུ་གྲགས་པའི་རྩོམ་པ་པོ་མང་པོ་ཞིག་བཞུགས་པའི་ཤུགས་རྐྱེན་དང་གཉིས། ང་ཚོ་སློབ་གྲྭས་བསླབ་ཕྱིའི་དཔེ་ཀློག་གི་མཐུན་རྐྱེན་མང་དུ་བསྐྲུན་པ་དང་བསླབ་ཕྱིའི་དཔེ་ཀློག་གི་བྱེད་སྒོ་མང་དུ་སྤེལ་བ། «གསེར་གྱི་འདབ་གཤོག་»ལྟ་བུའི་སློབ་རའི་དུས་དེབ་དཔར་བསྐྲུན་བྱས་པ་དང་གསུམ། འདི་ལྟ་བུའི་སློབ་རའི་རིག་གནས་ཁོར་ཡུག་ཕུན་སུམ་ཚོགས་པ་ལ་རྐྱེན་བྱས་ནས། ང་ཡང་རྩོམ་འབྲིའི་དགའ་མོས་སྐྱེས་ཤིང་རྩོམ་འབྲིར་འབད་བརྩོན་བྱས་པ་ཡིན་ལ། གོ་རིམ་དེའི་ཁྲོད་ནས་རྩོམ་ཡིག་རེ་འགའ་ཞིང་ཆེན་རིམ་པའི་དུས་དེབ་དང་ཚགས་པར་དུ་བཀོད་མྱོང་བ་མ་གཏོགས། ཆེད་དུ་རྩོམ་འབྲིའི་ཐད་བླངས་པའི་གྲུབ་འབྲས་ཟེར་ན་ང་ལ་ཅི་ཡང་གླེང་རྒྱུ་མེད་མོད། རྩོམ་ཡིག་འབྲི་སྦྱོང་གི་ཐད་ལ་ངས་སྔར་མུས་བཞིན་ཤུགས་སྣོན་གྱིན་ཡོད། 
དགེ་རྒན་འབྲོང་ཕྲུག། སློབ་ཕྲུག་ཁྱོད་ནི་དགའ་ཕྱོགས་སྣ་མང་ཅན་གྱི་སློབ་ཕྲུག་ཅིག་ཡིན་པར་བཤད། ཁྱོད་ལ་དགའ་ཕྱོགས་གཙོ་བོ་ཅི་ཞིག་ཡོད། གཞན་ཡང་ཁྱོད་ཀྱི་མ་འོངས་པའི་ཕུགས་བསམ་ཅི་ཞིག་ཡིན། ཕུགས་བསམ་དེ་མངོན་གྱུར་བྱེད་པར་འཆར་གཞི་དང་གྲ་སྒྲིག་ཅི་ཞིག་ཡོད། 
སློབ་བུ་ཟླ་བ་ནོར་བུ། ངོ་མ། ང་ནི་དགའ་ཕྱོགས་སྣ་མང་ཅན་གྱི་སློབ་མ་ཞིག་ཡིན་པ་ལས་དགའ་ཕྱོགས་གཙོ་བོ་འདི་ཡིན་ཞེས་བྱེ་བྲག་ཏུ་བཤད་རྒྱུ་མེད། ཡིན་ནའང་། ང་ནི་དགའ་ཕྱོགས་གང་ལའང་ཧུར་བརྩོན་གྱིས་ཞུགས་མཁན་ཞིག་དང་ནན་ཏན་གྱིས་སྒྲུབ་མཁན་ཞིག་ཡིན། ང་རང་ཤེས་བྱ་སྣ་མང་དང་སྐད་ཡིག་སྣ་མང་སྦྱངས་ནས་རང་ཉིད་དང་རྒྱལ་ཁམས་མཐོང་བའི་མི་ཞིག་བྱེད་ན་འདོད། དེ་ངའི་ད་ལྟའི་རྨི་ལམ་དང་མ་འོངས་པའི་ཕུགས་བསམ་ཡང་ཡིན་སྲིད། རྨི་ལམ་དེ་དང་ཕུགས་བསམ་དེའི་ཆེད་དུ་ངས་རང་ནུས་ཅི་ལྕོགས་ཀྱིས་ཤུགས་བརྒྱག་ངེས་ཡིན།
དགེ་རྒན་འབྲོང་ཕྲུག། མཇུག་ཏུ། སློབ་ཕྲུག་ཁྱེད་ཀྱིས་རང་གི་ནུ་བོ་ནུ་མོ་ལྟ་བུའི་དམའ་འབྲིང་གི་སློབ་ཕྲུག་དག་ལ་བཤད་འདོད་པའི་སྐད་ཆ་དེ་ཅི་ཡིན།
སློབ་བུ་ཟླ་བ་ནོར་བུ། ང་ཚོ་ལ་ཕ་མ་དང་དགེ་རྒན་གྱི་དྲིན་ལས་རིག་གནས་ཡོན་ཏན་སྦྱང་བའི་བསྐལ་བ་ཡག་པོ་ཞིག་ཐོབ་ཡོད་པས། རང་གི་གཞོན་པའི་ལང་ཚོ་དང་རྣམ་དཔྱོད། བློ་རིག་སོགས་བག་འཁུམས་སུ་མ་བཅུག་པར། རིག་གནས་ཤེས་བྱ་མང་དུ་བསླབ་ནས་དེ་དག་གིས་རང་རྒྱུད་གྱོང་བོ་བཏུལ་ནས་མི་གཞི་དང་ཀུན་སྤྱོད་ཡག་པོ་ཞིག་ཆགས་རྒྱུ་ནི་དེ་ལས་ཀྱང་གལ་ཆེ་སྙམ། དེ་ནི་རང་དོན་རང་གིས་སྒྲུབ་པ་ཡིན་ལ་དགེ་རྒན་དང་ཕ་མར་དྲིན་གཟོ་བྱས་པའང་ཡིན།  

སློབ་ཕྲུག་ཟླ་བ་ནོར་བུ་ནི༢༠༠༥ལོའི་ཟླ་༣པར་མང་རྫོང་སྐེ་བ་སྡེ་བར་སྐྱེས་པ་དང་། ཁོ་ནི་མང་རྫོང་མི་རིགས་སློབ་འབྲིང་གི་དམའ་གསུམ་འཛིན་གྲྭ་ལྔ་བའི་ཕུལ་བྱུང་མཐར་ཕྱིན་སློབ་མ་ཡིན། སློབ་མ་འདི་མང་རྫོང་མི་རིགས་སློབ་འབྲིང་དུ་ཞུགས་པ་ནས་བཟུང་། བརྩོན་འགྲུས་ཆེ་ཞིང་སྦྱངས་འབྲས་ལེགས་པ་དང་། མི་གཤིས་བཟང་ཞིང་སྤྱོད་ལུགས་ཡག་པར་མ་ཟད། ཆེ་བཀུར་ཆུང་བྱམས་དང་བདག་མེད་གཞན་གཅེས་ཀྱི་སློབ་མ་ཡ་རབས་ཤིག་ཡིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།