ང་ཚོས་ད་དུང་དགེ་བཤེས་ཤེས་རབ་རྒྱ་མཚོར་རྗེས་དྲན་ཞུ་དོན་ཅི་ཡིན།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ དུས་ཚོད།:2023-07-13 09:41:49 ཀློག་གྲངས།:
       ནང་བསྟན་ཆོས་ལུགས་ཀྱི་སྐྱེས་ཆེན་དམ་པ་དགེ་བཤེས་ཤེས་རབ་རྒྱ་མཚོ་ལ་ཀྲུང་གོ་གསར་པའི་འགོ་ཁྲིད་མི་རབས་དང་པོས་རྒྱལ་གཅེས་བགྲེས་སོང་ཞེས་པའི་མཚན་གྱི་ཅོད་པན་བསྩལ་ཞིང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོའི་ངོས་ནས་རྒྱལ་ཁབ་མང་པོར་འཚམས་འདྲིར་ཕེབས་པར་བཀུར་བསྟི་ཆེན་པོ་ཐོབ།
       བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ཁོང་ལ་རྒྱལ་གཅེས་བགྲེས་སོང་ཞེས་བསྔགས་བརྗོད་ཞུ་དགོས་དོན་ཅི་ཡིན། ཁོང་ལ་བོད་བརྒྱུད་ནང་བསྟན་ཐད་ཀྱི་སྐུ་ཡོན་དང་མཛད་རྗེས་ཅི་འདྲ་ཡོད། ཁོང་གིས་ཀྲུང་གོའི་ནང་བསྟན་ཆོས་ཕྱོགས་དང་རྒྱལ་ཁབ་གཞན་པའི་ནང་བསྟན་ཆོས་ཕྱོགས་བར་གྱི་སྤེལ་རེས་ཐད་སྐུལ་འདེད་གང་འདྲ་བཏང་གནང་ཡོད། ད་ཆ་དགེ་བཤེས་ཤེས་རབ་རྒྱ་མཚོར་ཞིབ་འཇུག་དང་རྗེས་དྲན་ཞུ་བར་དོན་སྙིང་ཅི་འདྲ་ཡོད།
       ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པས་ཉིན་ཤས་གོང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པ་སློབ་གླིང་གི་དགེ་རྒན་ཆེན་མོ་ཡུལ་ལྷ་ཐར་ལ་གོང་གསལ་དྲི་བ་དེ་དག་སྐོར་ནས་བཅར་འདྲི་ཞུས་ཡོད།
གཤམ་གསལ་ནི་བཅར་འདྲིའི་ནང་དོན་གནད་བསྡུས་དེ་རེད།
གསར་འགོད་པ། དགེ་བཤེས་ཤེས་རབ་རྒྱ་མཚོར་རྒྱལ་གཅེས་བགྲེས་སོང་ཞེས་པའི་མཚན་སྙན་ཐོབ་དོན་ཅི།
ཡུལ་ལྷ་ཐར། དགེ་བཤེས་ཤེས་རབ་རྒྱ་མཚོ་ནི་སྤྱི་ལོ1884ལོར་དེང་གི་མཚོ་སྔོན་ཞིང་ཆེན་ཡ་རྫི་ས་ལའར་རིགས་རང་སྐྱོང་རྫོང་རྡོ་སྦིས་བོད་རིགས་ཤང་དུ་འཁྲུངས་པ་དང་། ཀྲུང་གོའི་ནང་བསྟན་ཆོས་ཕྱོགས་ཀྱི་སྐྱེས་ཆེན་དམ་པ་ཞིག་ཡིན་ལ། བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་མིག་དཔེ་བཟང་པོ་ཞིག་ཀྱང་རེད།
       བོད་བརྒྱུད་ནང་བསྟན་ལ་མ་གཞི་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་ཡོད། དགེ་བཤེས་ཤེས་རབ་རྒྱ་མཚོས་དགེ་འདུན་བདེ་འགོད་དང་འགྲོ་དོན་ཆོས་སྤེལ་གྱི་ཆོས་ལུགས་དད་འདུན་དང་རྒྱལ་གཅེས་དམངས་གཅེས་གཉིས་ཐོག་མཐའ་བར་གསུམ་དུ་ཟུང་འབྲེལ་རྒྱུན་འཁྱོངས་གནང་བ་དང་། བོད་བརྒྱུད་ནང་བསྟན་གྱི་མཁས་དབང་ཞིག་ཡིན་པའི་ངོས་ནས། མེས་རྒྱལ་གྱི་ལྷིང་འཇགས་གཅིག་གྱུར་ལ་སྲུང་སྐྱོབ་དང་། མི་རིགས་ཀྱི་མཐུན་སྒྲིལ་མཛའ་བཤེས་དང་མི་དམངས་ཀྱི་བདེ་འཇགས་བདེ་སྐྱིད་ལ་སྐུལ་འདེད་གཏོང་བའི་བྱ་གཞག་ཁྲོད་ཧུར་བརྩོན་ཆེན་པོས་ཞུགས་ཤིང་། ལེགས་སྐྱེས་ཆེན་པོ་འབུལ་གནང་མཛད།
དགེ་བཤེས་ཤེས་རབ་རྒྱ་མཚོའི་སྐུ་པར།
       དགེ་བཤེས་ཤེས་རབ་རྒྱ་མཚོར་སྐུ་ཡོན་དང་དབང་གྲགས་ཆེན་པོ་མངའ་བས། སྤྱི་ལོ1936ལོའི་གཡས་གཡོན་དུ་པེ་ཅིང་སློབ་གྲྭ་ཆེན་མོ་དང་ཆིང་ཧྭ་སློབ་གྲྭ་ཆེན་མོ་སོགས་སློབ་གྲྭ་ལྔ་ཡིས་ཁོང་བོད་ཀྱི་རིག་གནས་ཐད་ཀྱི་འཆད་ཁྲིད་དགེ་རྒན་ལ་དངོས་སུ་གདན་ཞུ་གནང་། དེ་ནས་སྤྱི་ལོ1942ལོར། ཁོང་གིས་ཕ་ཡུལ་དུ་དམིགས་བསལ་གྱི་ཁྲིད་སྦྱོང་ཁང་ཞིག་བཙུགས་ནས། བོད་བརྒྱུད་ནང་བསྟན་གྱི་ཆོས་གཞུང་དང་རྒྱ་ཡིག་སོགས་ཀྱི་ཤེས་བྱ་སློབ་ཁྲིད་གནང་སྟེ། རྒྱལ་ཁབ་དང་མི་རིགས་ལ་ཕན་པའི་ཤེས་ཡོན་ཅན་གསོ་སྐྱོང་མཛད། ཕྱིས་སུ་ཁྲིད་སྦྱོང་ཁང་དེའི་རྗེས་ཤུལ་དུ་དེང་རབས་སློབ་གྲྭ་བསྐྲུན།
       མིན་གོའི་དུས་སུ་ཟང་ཟིང་ཡོ་ལང་ཆེ་བའི་དུས་བབ་འོག དགེ་བཤེས་ཤེས་རབ་རྒྱ་མཚོ་རང་འགུལ་ཐོག་ལྗར་འགོག་སྒྲོག་འགྲེལ་ཚོགས་པའི་ནང་ཞུགས་ཤིང་། སྙན་ངག་རྩོམ་པ་དང་། འཕྲིན་ཡིག་འབྲི་བ། གཏམ་བཤད་སྤེལ་བ་སོགས་ཀྱི་ཐབས་ལམ་བརྒྱུད། དབུས་གཙང་ཁུལ་དང་དེ་བཞིན་ཀན་སུའུ་དང་མཚོ་སྔོན་གྱི་བོད་སོག་ས་ཁུལ་དུ་སེར་སྐྱ་མང་ཚོགས་ལ་གོ་བདེ་བའི་ཚིག་གི་ཐོག་ནས་ལྗར་འགོག་རྒྱལ་སྐྱོབ་ཀྱི་གལ་ཆེའི་རང་བཞིན་སྒྲོག་འགྲེལ་གནང་། དེ་བས་ཚང་མས་ཤེས་གསལ་ཞིག་ནི་ཁོང་གིས་དགེ་འདུན་པ་དང་ཚོ་པའི་འགོ་པ་སོགས་སྐུལ་སློང་མཛད་ནས་གནམ་གྲུ་ཞལ་འདེབས་སུ་ཕུལ་ཏེ། ལྗར་འགོག་རྒྱལ་སྐྱོབ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་དེ་རེད།
       སྤྱི་ལོ1949ལོར་ཀྲུང་གོ་གསར་པ་དབུ་བརྙེས་རྗེས། དགེ་བཤེས་ཤེས་རབ་རྒྱ་མཚོས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་འགན་བཞེས། ནང་བསྟན་ཆོས་ལུགས་པ་ཞིག་ཡིན་པའི་ཆ་ནས་དགེ་བཤེས་ཤེས་རབ་རྒྱ་མཚོས་ཐོག་མཐའ་བར་གསུམ་དུ་འགྲོ་དོན་འབའ་ཞིག་ལ་གཞོལ་ཞིང་། འཕྲིན་ཡིག་བསྐུར་བ་སོགས་ཀྱི་ཐབས་ལམ་ཐོག་ནས་བོད་འབྲེལ་ས་ཁུལ་གྱི་འགོ་པ་དང་བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་ལ་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་སྒྲོག་འགྲེལ་གནང་བ་མ་ཟད། ད་དུང་མཚོ་སྔོན་རྨ་ལྷོ་གཅན་ཚའི་སྣང་རར་ཕེབས་ནས་ས་གནས་དེ་གར་དབྱེན་འདུམ་མཛད།
       པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་ནས། དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་ནས་རྒྱ་བོད་བར་གྱི་རིག་གནས་སྤེལ་རེས་ཆེད་སྐུ་ཚེ་གང་པོར་འཆད་རྩོམ་ལྷོད་མེད་གནང་ནས། རྒྱ་ཆེའི་དགེ་འདུན་པའི་སྡེར་མིག་དཔེ་བཟང་པོ་བསྟན་གནང་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་མེས་རྒྱལ་གྱི་གོང་བུ་གཅིག་གྱུར་དང་། མི་རིགས་ཀྱི་མཐུན་སྒྲིལ། གོང་འཕེལ་བཅས་ཀྱི་ཆེད་ཁྱད་དུ་འཕགས་པའི་མཛད་རྗེས་བཞག་ཡོད་ཅེས་གདེང་འཇོག་མཐོ་པོ་གནང་།
དགེ་བཤེས་ཤེས་རབ་རྒྱ་མཚོའི་སྐུ་པར།
གསར་འགོད་པ། བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ཀྱི་མཚན་གནས་འཛིན་པ་ཞིག་ཡིན་པའི་ཆ་ནས། དགེ་བཤེས་ཤེས་རབ་རྒྱ་མཚོར་བོད་བརྒྱུད་ནང་བསྟན་ཐད་ཀྱི་སྐུ་ཡོན་གང་འདྲ་ཡོད་མེད་དང་མཛད་རྗེས་དམིགས་བསལ་ཅན་ཅི་འདྲ་བཞག་ཡོད།
ཡུལ་ལྷ་ཐར། དགེ་བཤེས་ཤེས་རབ་རྒྱ་མཚོ་སྐུ་ན་གཞོན་དུས་ནས་བློ་འཛིན་ནུས་པ་ཁྱད་དུ་འཕགས་པ་ཞིག་ཡོད་ཅིང་། དགུང་ལོ7ལ་ཕེབས་སྐབས་རྡོ་སྦིས་ཡུལ་གྱི་དགེ་ལྡན་འཕེལ་རྒྱས་གླིང་དུ་ཆོས་སྒོར་ཞུགས། དེ་རྗེས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྡེར་ཞུགས་ནས་སྡེ་སྣོད་གཞུང་ལ་སྦྱངས་པ་གནང་། དགུང་ལོ21ལ་ཕེབས་སྐབས་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས།
       སྤྱི་ལོ1916ལོའི་གཡས་གཡོན་དུ་མདོ་སྔགས་གཞུང་ལུགས་ཐད་ཐོས་བསམ་དཔྱིས་ཕྱིན་པར་གྱུར་ཅིང་། དགེ་བཤེས་ལྷ་རམས་པའི་མཚན་གནས་ཀྱང་ཐོབ། སྐབས་དེ་དུས་ཁོང་དགུང་ལོ32ལ་ཕེབས་ཙམ་ཡིན།
       དེ་རྗེས་དགེ་བཤེས་ཤེས་རབ་རྒྱ་མཚོས«བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་འབུམ»གྱི་པར་གཞི་གསར་བཞེངས་ཀྱི་ཞུ་དག་དང་། «བཀའ་འགྱུར»གྱི་དཔར་གཞི་གསར་བཞེངས་ཞུ་དག་གི་གཙོ་འགན་བཞེས། ལས་གཞི་ཆེན་མོ་དེར་སྔ་ཕྱིར་ལོ་བཅུ་ལྷག་ཙམ་འགོར་ཡོད། དེ་ལྟ་བུའི་ལས་གཞི་ཆེན་མོའི་འགན་ཕྲག་ཏུ་བཞེས་པ་དེའི་ཐོག་ནས་ཁོང་གི་འགྲན་ཟླ་བྲལ་བའི་མཁས་པའི་གོ་འཕངས་དེ་ལེགས་པར་མཚོན།
       སྤྱི་ལོ1956ལོར་ཀྲུང་གོ་ནང་བསྟན་སློབ་གླིང་གི་གནས་ས་དེ་པེ་ཅིང་ཧྥ་ཡོན་དགོན་པར་གཏན་འཁེལ་ཞིང་། དགེ་བཤེས་ཤེས་རབ་རྒྱ་མཚོ་ནི་སློབ་གླིང་དེ་གསར་འཛུགས་གནང་མཁན་གྱི་གྲས་ཡིན་ལ། ཡོན་ཀྲང་ལས་ཐོག་དང་པོ་དེ་ཡང་ཡིན། སློབ་གཉེར་དང་འཆད་ཁྲིད་སོགས་ཀྱི་ལག་ལེན་ཟམ་མི་ཆད་པར་གནང་བ་བརྒྱུད། དགེ་བཤེས་ཤེས་རབ་རྒྱ་མཚོའི་ཐུགས་སུ་སངས་རྒྱས་ཆོས་ལུགས་ཀྱི་སློབ་གསོར་བསྒྱུར་བཅོས་གནང་རྒྱུའི་འདུན་པ་འཆར་ཞིང་། དགོན་སྡེའི་སློབ་གསོར་ཁོང་ནས་རང་འགུལ་ཐོག་བསྒྱུར་བཅོས་གནང་སྟེ། ནང་བསྟན་ཆོས་ལུགས་ལས་རིགས་ཀྱི་ཤེས་ལྡན་མི་སྣ་གསར་པ་གསོ་སྐྱོང་ཐད་འབད་པ་ལྷུར་བཞེས་གནང་།
ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། ཀྲུང་གོ་ནང་བསྟན་སློབ་གླིང་གི་ཡོན་ཀྲང་དགེ་བཤེས་ཤེས་རབ་རྒྱ་མཚོས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གནང་བ།
       དགེ་བཤེས་ཤེས་རབ་རྒྱ་མཚོས་སྐུ་ཚེ་གང་པོར་བོད་རིགས་ཀྱི་མཁས་པ་དང་རྒྱ་རིགས་བོད་རིག་པ་མཁས་ཅན་འབོར་ཆེན་གསོ་སྐྱོང་མཛད། གཞན་ཡང་ཁོང་གིས་སྐུ་ཚེ་གང་པོར་བསྟན་བཅོས་པོ་ཏི་བཅུ་ལྷག་བརྩམས་གནང་བ་དང་། ད་ཆ་པར་སྐྲུན་ཞུས་པའི་དགེ་བཤེས་ཤེས་རབ་རྒྱ་མཚོའི་གསུང་འབུམ་པོ་ཏི་གསུམ་ཅན་དེ་ནི་ཁོང་གི་ཕྱག་རྩོམ་ཁྲོད་ཀྱི་ཆ་ཤས་ཙམ་ཡིན། བློ་ཕམ་དགོས་པ་ཞིག་ལ་ཁོང་གི་གསུང་རྩོམ་མང་ཆེ་བ་ཉར་ཚགས་སྲུང་སྐྱོབ་ཐུབ་མེད། ཁོང་གིས་བརྩམས་གནང་བའི«རྗེ་བླ་མའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ»ཞེས་པ་དེ་བོད་ཡིག་སློབ་མཁན་མང་པོ་ཞིག་གིས་ངག་སྐྱོར་བྱེད་པའི་དཔེ་མཚོན་བསྟན་བཅོས་ཤིག་ཡིན། ཁོང་གིས་བརྩམས་པའི«རྩོད་ཡིག་རིགས་པའི་གད་རྒྱངས་ལ་རྣམ་པར་དཔྱད་པ་བསྐལ་པའི་མེ་དཔུང»ཞེས་བྱ་བ་དེས་སྔར་བོད་རིག་པའི་ལོ་རྒྱུས་ཐོག་རྩོད་གླེང་ཆེན་པོ་བསླངས་པ་དེས་ཀྱང་བོད་རིག་པའི་དར་རྒྱས་དང་གོང་འཕེལ་ལ་སྐུལ་མ་ཆེན་པོ་ཐེབས།
དགེ་བཤེས་ཤེས་རབ་རྒྱ་མཚོ་གྲོས་ཚོགས་ལ་ཞུགས་པ།
གསར་འགོད་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས་རིང་། དགེ་བཤེས་ཤེས་རབ་རྒྱ་མཚོས་ཀྲུང་གོའི་ནང་བསྟན་ཆོས་ཕྱོགས་དང་རྒྱལ་ཁབ་གཞན་པའི་ནང་བསྟན་ཆོས་ཕྱོགས་བར་གྱི་སྤེལ་རེས་ཐད་སྐུལ་འདེད་ཅི་འདྲ་བཏང་ཡོད།
ཡུལ་ལྷ་ཐར། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་ནང་བསྟན་ཆོས་ཕྱོགས་ཀྱི་མི་སྣ་གྲགས་ཅན་གཞན་དག་ནས་མཉམ་དུ་ཀྲུང་གོ་ནང་བསྟན་མཐུན་ཚོགས་འཛུགས་རྒྱུའི་ཐད་ཀྱི་ལས་དོན་བསྒྲུབས་པ་མ་ཟད། ཚོགས་གཙོ་ལས་ཐོག་གཉིས་པ་དེ་གནང་ཡོད། དེའི་ཐོག་ནས་ཁོང་གི་ཆོས་སྲིད་གཉིས་ཀྱི་ཤུགས་རྐྱེན་ཆེན་མོ་མཚོན་གྱི་ཡོད།
       དགེ་བཤེས་ཤེས་རབ་རྒྱ་མཚོས་ཕྱི་དོན་བྱེད་སྒོ་གཙོ་སྐྱོང་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ལ་སྣེ་ལེན་ཐེངས་མང་གནང་མྱོང་ཡོད། སྤྱི་ལོ1955ལོར་འབར་མའི་ཙུང་ལི་ཝུ་ནུ་ཡི་གདན་ཞུས་ལྟར། སྐུ་ན་བགྲེས་པོར་ཕེབས་ཟིན་པའི་དགེ་བཤེས་ཤེས་རབ་རྒྱ་མཚོས་ཚོགས་གཙོ་གནང་ཐོག ཀྲའོ་ཧྥུ་ཁྲུའུ་སོགས་དང་ལྷན་དུ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་ཏེ་འབར་མར་མཛའ་གྲོགས་འཚམས་འདྲི་གནང་བར་ཕེབས་པ་དང་། དེ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་ནང་བསྟན་ཆོས་ལུགས་ཀྱི་ཚོགས་པས་ཕྱི་རྒྱལ་གྱི་ནང་བསྟན་ཆོས་ལུགས་ཚོགས་པའི་བར་སྤེལ་བའི་བྱེད་སྒོ་ཆེ་གྲས་ཐོག་མ་དེ་རེད།
       དེ་རྗེས་དགེ་བཤེས་ཤེས་རབ་རྒྱ་མཚོས་ཀྲུང་གོའི་ནང་བསྟན་འཐུས་མི་ཚོགས་པའི་སྣེ་ཁྲིད་ནས་ནེ་པ་ལར་སྐབས་བཞི་པའི་འཛམ་གླིང་ནང་བསྟན་ཆོས་ལུགས་པའི་མཛའ་འབྲེལ་ཚོགས་ཆེན་ལ་ཞུགས་པ་དང་། རྒྱ་གར་དུ་ཕེབས་ནས་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ2500འདས་པའི་དྲན་གསོའི་ཚོགས་ཆེན་ལ་ཞུགས་པ། ཚོགས་པའི་སྣེ་ཁྲིད་ནས་སི་རི་ལན་ཁར་ཕེབས་ནས་ས་གནས་དེ་གའི་ནང་བསྟན་ཆོས་ལུགས་པ་དང་སྤེལ་རེས་མཛད་པ། ཁོང་ད་དུང་ཁམ་བུ་ཀྲེ་དང་། སུད་ཏན། སུའུ་ལན་བཅས་སུ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བར་ཕེབས་མྱོང་ཡོད།
       དགེ་བཤེས་ཤེས་རབ་རྒྱ་མཚོའི་མཚན་སྙན་གྲགས་འཛམ་གླིང་རྒྱལ་ཁབ་མང་པོར་ཁྱབ་ཡོད། སངས་རྒྱས་ཆོས་ལུགས་རྒྱ་གར་ནས་དར་བ་དང་། སུང་རྒྱལ་རབས་ཀྱི་རྗེས་སུ་རྒྱ་བརྒྱུད་ནང་བསྟན་དང་རྒྱ་གར་གྱི་ནང་བསྟན་ཆོས་ལུགས་བར་གྱི་ཆོས་འབྲེལ་གནས་སྐབས་ཤིག་རིང་མཚམས་ཆད་པ་དང་། དུས་རབས15པའི་རྗེས་བོད་བརྒྱུད་ནང་བསྟན་དང་རྒྱ་གར་གྱི་ནང་བསྟན་ཆོས་ལུགས་བར་གྱི་འབྲེལ་བ་ཡང་ཆུང་དུ་ཕྱིན་ཡོད། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་མདུན་དུ། དགེ་བཤེས་ཤེས་རབ་རྒྱ་མཚོ་ནང་བསྟན་ཆོས་ལུགས་ཀྱི་བྱེད་སྒོ་ཆེ་གྲས་དེ་དག་ལ་ཞུགས་ཐུབ་པ་དེས་ཀྲུང་གོ་དང་རྒྱལ་ཁབ་གཞན་པའི་ནང་བསྟན་ཆོས་ལུགས་བར་གྱི་མཛའ་མཐུན་འགྲོ་འོང་ལ་མཐུན་ལམ་བསྐྲུན་ཡོད་ལ། ད་དུང་ཀྲུང་གོའི་མི་རིགས་འདྲ་མཉམ་དང་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཀྱང་ངོ་སྤྲོད་མཛད་ཡོད་པས། ཕན་ཚུན་བར་གྱི་སྤེལ་རེས་འབྲེལ་བ་ཟབ་ཏུ་ཕྱིན་ཡོད།
ཀྲུའུ་ཞི་མའོ་ཙེ་ཏུང་གིས་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་བཀའ་མོལ་གནང་བ།
གསར་འགོད་པ། དགེ་བཤེས་ཤེས་རབ་རྒྱ་མཚོ་སྐུ་བལྟམས་ནས་ལོ140འཁོར་བའི་དེང་གི་དུས་འདིར་ཁོང་ལ་ཞིབ་འཇུག་དང་རྗེས་དྲན་ཞུ་བའི་དོན་སྙིང་ཅི་ཡོད།
ཡུལ་ལྷ་ཐར། མགྱོགས་མྱུར་ངང་འཕེལ་འགྱུར་འགྲོ་བའི་དུས་རབས་འདིར། ང་ཚོས་དགེ་བཤེས་ཤེས་རབ་རྒྱ་མཚོའི་མཛད་འཕྲིན་ལ་ཕྱིར་དྲན་གྱིས་མི་མང་པོས་མཁས་དབང་ཁོང་ལ་རྒྱུས་ལོན་ཐུབ་པ་བྱ་རྒྱུ་ནི་དོན་སྙིང་དང་ལྡན་པ་ཞིག་རེད།
       རྒྱ་བོད་ལས་དབང་གཅིག་ཏུ་འབྲེལ་ཞེས་པ་ལྟར། དགེ་བཤེས་ཤེས་རབ་རྒྱ་མཚོས་རྒྱལ་ཁབ་ཀྱི་ལས་དབང་ལ་འགྱུར་ལྡོག་བྱུང་བའི་དུས་སྐབས་སུ། གོ་བདེ་བའི་སྐད་ཆའི་ཐོག་ནས་སྐབས་དེའི་སྲིད་དོན་དགོངས་པ་གལ་ཆེན་དང་། ཡིག་ཆ་གལ་ཆེན། ཆབ་སྲིད་ཀྱི་བརྡ་ཆད་གལ་ཆེན་བཅས་ཡིག་སྒྱུར་གནང་ནས། མི་རིགས་ཁག་གི་མང་ཚོགས་ནས་རྒྱལ་ཁབ་ལ་འཛིན་པའི་དགའ་མོས་ཤུགས་ཇེ་ཆེར་བཏང་ཡོད། དུས་སྐབས་དེའི་རྒྱ་བོད་གཉིས་ཀྱི་ནང་བསྟན་ཆོས་ལུགས་ཐད་ཀྱི་སྤེལ་རེས་ལ་གཏིང་ཟབ་པའི་ཆབ་སྲིད་དང་རྒྱལ་ཁབ་བདེ་འཇགས་ཀྱི་རྒྱབ་ལྗོངས་ཡོད་ཅིང་། ཁོང་གིས་འཕྲིན་ལས་དེས་རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱ་རྒྱུ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱ་རྒྱུ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ཐད་ལོ་རྒྱུས་ཀྱི་ཤུགས་རྐྱེན་གཏིང་ཟབ་ཐེབས་ནས། དེང་གི་མི་རིགས་དང་ཆོས་ལུགས་ལས་དོན་ལ་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་མཁོ་འདོན་གནང་ཡོད།
སྤྱི་ལོ2018ལོར་དགེ་བཤེས་ཤེས་རབ་རྒྱ་མཚོའི་རྒྱལ་གཅེས་ཆོས་གཅེས་ཀྱི་དགོངས་པའི་སྐོར་གྱི་འགྲེམ་སྟོན་མཚོ་སྔོན་ཟི་ལིང་དུ་གཉེར་བ།
ཡུལ་ལྷ་ཐར་གྱི་ངོ་སྤྲོད།
       རྨེ་རུ་ཡུལ་ལྷ་ཐར། མཚོ་སྔོན་མི་རིགས་སློབ་ཆེན་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ། འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། ལོ་རྒྱུས་རིག་པའི་ཕྱི་ཚར་འབུམ་རམས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྲོན་དངུལ་ལོངས་སུ་སྤྱོད་པའི་ཆེད་མཁས་པ། རྒྱལ་ཁབ་སློབ་གསོ་པུའུ་ཡི་དུས་རབས་གསར་བའི་ཕུལ་བྱུང་ཤེས་ལྡན་པ། རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་མི་སོགས་ཡིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།