སྙན་ངག་པ་སྤེན་པ་དོན་གྲུབ་ལ་བཅར་འདྲི་བྱས་པ། ཁྲི་སེམས་དཔའ།
རྩོམ་པ་པོ།:ཁྲི་སེམས་དཔའ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-08-31 09:01:18
ཀློག་གྲངས།:
སྙན་ངག་ནི་སྙན་ངག་པས་གཉུག་སེམས་ཀྱི་ལོངས་སྤྱོད་ལ་རོལ་སྟངས་ཀྱི་སྐད་ཅིག་མའི་བདེ་བ་དེའོ། །
ཁྲི་སེམས་དཔའ། སྐུ་ཁམས་བཟང་།
སྤེན་པ་དོན་གྲུབ། སྐུ་ཁམས་བཟང་།
ཁྲི་སེམས་དཔའ། ཐོག་མར་ཁྱེད་རང་གསར་རྩོམ་གྱི་ལས་སུ་ཇི་ལྟར་ཞུགས་པའི་སྐོར་ནས་མདོ་ཙམ་གསུང་རོགས།
སྤེན་པ་དོན་གྲུབ། ལགས་སོ། །ང་རང་ཆུང་དུས་ནས་སྒྲུང་དེབ་ཀློག་རྒྱུར་དགའ་པོ་ཞེ་དྲག་ཡོད། དེ་དུས་གེ་སར་སྒྲུང་དང་། དམངས་ཁྲོད་སྒྲུང་གཏམ་སོགས་ཀྱི་སྒྲུང་དེབ་མང་པོ་བཀླགས་མྱོང་། རྟག་ཏུ་རང་གི་བྱིས་བློའི་འཆར་སྣང་སྣ་ཚོགས་ཡིག་ཐོག་ཏུ་འབེབས་ཐུབ་ན་ཅི་མ་རུང་སྙམ་པའི་འདུན་པ་འགོག་མེད་སྐྱེས་པའང་གྲངས་མེད། དེ་ལྟར་ནར་སོན་པའི་ཉིན་ཞིག་སྟེ། དྲན་ཚོད་ལ༡༩༩༦ལོའི་ཟླ༧ཚེས༡ཉིན། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་གསོ་སྦྱོང་འཛིན་གྲྭར་ཡུན་ཚད་ལོ་གཅིག་ཟབ་སྦྱོང་བྱ་རྒྱུའི་སློབ་གཉེར་གྱི་བསྐལ་བ་ཐོབ། ལས་དང་རྟེན་འབྲེལ་བཟང་པོས་དགེ་བའི་བཤེས་གཉེན་བྱམས་པ་ཚུལ་ཁྲིམས་ལགས་དང་མཇལ། ང་རང་ལ་ཆ་མཚོན་ན། བཀའ་དྲིན་ཆེན་པོ་ཞེ་དྲག་ཡིན། ཁོང་གི་མཛུབ་སྟོན་དང་། བློ་འབྱེད་ལས་ངས་སྙན་ངག་གསར་པའི་རིགས་ལམ་ལ་ཐོག་མར་ཐོས་བསམ་བྱས། གསར་རྩོམ་གྱི་འགོ་ཡང་བརྩམས། གོམས་གཤིས་ལྟར་ཐོལ་རིག་ཡོད་མེད་ཅི་ལྟར་ཡང་གསར་རྩོམ་གྱི་མོས་པ་ཡོད་ན་མ་གཏོགས་ཨུ་ཚུགས་ཀྱིས་དེ་ཙམ་མི་འབྲི། བྲིས་པ་ཉུང་ཞིང་། བྲིས་ཚད་དུས་དེབ་དང་། ཚགས་པར་སོགས་སུ་འགོད་ཐུབ་ན་སྙམ་པའི་དམིགས་ཡུལ་རྩ་བ་ནས་འཆང་མ་མྱོང་། སྙན་ངག་ལྔ་བཅུ་ཙམ་གྱིས་གྲུབ་པའི་ཟིན་དེབ་བྲིས་མ་དེའང་རྒན་ལགས་ལ་སྤྱན་འབུལ་ཞུས་ཏེ་སློབ་གཉེར་ལ་བཞི་ཤད་བསྣན། རྒན་ལགས་ནས་དམར་མཆན་བཏབ་གནང་པའི་ཟིན་དེབ་དེ་ད་ལྟའང་ངའི་དཔེ་ཁྲིར་ཉར་ཡོད། ག་དུས་མཐོང་ནའང་སེམས་པ་སྐྱིད་པོ་ཞེ་དྲག་འདུག མཚམས་རེར་སྙན་ངག་ཁག་གཅིག་ཀློག་དུས་སྐབས་དེའི་ཡུལ་དུས་ཀྱི་ཚོར་སྣང་དྲག་པོ་གྲ་མ་ཉམས། གྲུ་མ་ཆག་པར་མངོན་སུམ་ངང་མྱོང་རྒྱུ་འདུག གང་ལྟར་ཡང་སྙན་ངག་ཅེས་པ་འདི་ཁྱད་མཚར་པོ་ཞེ་དྲག་འདུག
བར་སྐབས་དེར་སྙན་ངག་གསར་རྩོམ་བྱ་རྒྱུ་ནི་ངའི་དགའ་ཕྱོགས་གཅིག་པུ་དེ་རེད། འདི་ལ་དྲག་ཞན་དང་། གྲིམ་ལྷོད་ཀྱི་ཚད་གཞི་མི་འདུག ཕལ་ཆེར་སྨྲ་བསམ་བརྗོད་འདས་ཏེ། ང་རང་གི་སེམས་པའི་མྱོང་བྱར་གྱུར་བ་ལས་ཐ་སྙད་ཀྱིས་མཚོན་ཐབས་བྲལ་བའི་སྤྲོས་མེད་གཉུག་སེམས་ཀྱི་འགྱུར་བག་ཅིག་ཡིན་པ་འདྲ། འདི་ང་རང་གི་རང་བློ་ལྐོག་ཏུ་གྱུར་བ་འདིའི་མྱོང་བྱར་གྱུར་བ་ལས་ཕ་རོལ་པོར་ཚིག་རྔ་བསྣན་ཏེ་བཤད་ཁག་པོ་ཞེ་དྲག་འདུག
དུས་འཕྱིས་ལས་ཀྱི་རྩོམ་གྲོགས་སྙན་ངག་པ་བྱ་གཞུང་དབྱངས་བྷ་ལགས་ངོ་ཤེས་སུ་གྱུར། ཁོང་གི་ཤུགས་རྐྱེན་གྱིས་ངའི་སྙན་ངག་གི་བློ་སྦྱོང་ཡར་ངོའི་ཟླ་ལྟར་འཕེལ། རྟག་ཏུ་སྙན་ངག་སྣ་རེ་བྲིས་པའི་བསམ་བློའི་སྤོབས་པ་དང་། སེམས་པའི་བདེ་བ་སབ་སིབ་ཀློང་ནས་མི་ཚེ་ནི་ཅི། བརྩེ་དུང་ནི་ཅི། མི་ནི་ཅི། བདག་ནི་ཅི། བདག་སོགས་ནི་ཅི། ཐ་ན། སྙན་ངག་ཅེས་པའི་ཚིག་གི་སྒྱུ་རྩལ་གྱི་གླིང་ཕྲན་དེར་བགྲོད་ན་ང་རང་གི་གཉུག་སེམས་དང་ཁ་ཐག་ཉེ་བའི་སེམས་པའི་འཇིག་རྟེན་རང་ག་བ་ཞིག་བཙལ་ན་རྙེད་སྲིད་སྙམ་པའི་ང་རྒྱལ་ཡང་སྐྱེ་མྱོང་། དེ་དུས་ངས་ཡིག་སྒམ་དུ་བསྐུར་ཚད་ཀྱི་སྙན་ངག་ཡོད་དོ་ཅོག་ལས་ཕལ་མོ་ཆེ་བོད་ཡིག་གི་དུས་དེབ་གཞན་ལྟ་ཅི། «གངས་རྒྱན་མེ་ཏོག»གི་ཐོག་ཏུའང་བསྟུད་མར་འགོད་ཀྱི་འདུག
ཏག་ཏག ༢༠༡༣ལོའི«གངས་རྒྱན་མེ་ཏོག»དེབ་གཉིས་པའི་ཐོག་བཀོད་པའི་ངའི་སྙན་ངག«གཡུ་ཆུང་དྲུག་དཀར»ལ་རྒན་བདུད་ལྷ་རྒྱལ་ལགས་ཀྱི་དཔྱད་རྩོམ་གྱི་གསུང་གི་བདུད་རྩི་ཐོབ་ཅིང་། ༢༠༡༨ལོའི་ཟླ༩པར། ༢༠༡༧ལོའི«གངས་རྒྱན་མེ་ཏོག»དེབ་གསུམ་པའི་ཐོག་བཀོད་པའི་ངའི་སྙན་ངག«རྫོང་རྒྱབ་ཀླུང་ཁང་གི་ཕྱི་ནང་དུ(ཞར་བཀོད་གཅིག)»ལ “གངས་རྒྱན་མེ་ཏོག་གི་སྐབས་ལྔ་པའི་རྩོམ་རིག་བྱ་དགའ”ཡང་བསྩལ། ང་རང་ལྟ་བུའི་ལས་དང་པོ་བ་ཞིག་ལ་ཆ་མཚོན་ན། ལེགས་བྱས་ཀྱི་བསོད་ནམས་འབྲས་བུ་འདི་ཀོ་ཐམས་ཅད་རང་ཉིད་ཀྱི་གསར་རྩོམ་ལ་བཟང་སྐྱེད་བྱུང་བའི་དན་རྟགས་དང་། མ་འོངས་པའི་སྙན་ངག་གསར་རྩོམ་ལམ་ལྷོངས་ཡོང་རྒྱུའི་སྒུལ་ཤུགས་ཤིག་དང་། ཡར་སྐུལ་ཞིག་ཏུ་དྲིན་གཟོའི་ཚུལ་གྱིས་ནམ་ནམ་ཞར་ཞར་དུ་བརྩིས་དང་རྩི་མུས་ཡིན།
འདིར་ཆེད་དུ་ངའི་རྩོམ་རིག་གི་རྩ་བའི་སློབ་དཔོན་རྒན་བྱམས་པ་ཚུལ་ཁྲིམས་ལགས་དང་། «གངས་རྒྱན་མེ་ཏོག»གི་གཙོ་སྒྲིག་པ་མོག་བུ་ཡེ་ཤེས་སྐྱབས་ལགས། བོད་ཀྱི་དེང་རབས་རྩོམ་རིག་སྨྲ་བ་རྒན་བདུད་ལྷ་རྒྱལ་ལགས། ལས་ཀྱི་རྩོམ་གྲོགས་སྙན་ངག་པ་བྱ་གཞུང་དབྱངས་ལགས་སོགས་ནས་དངོས་ཤུགས་གང་རུང་གི་ཐུགས་ཁུར་དང་། གྲོགས་དན་གནང་བར་ཁ་ཞེ་གཉིས་མེད་ཀྱིས་ཐུགས་རྗེ་ལན་བརྒྱར་ཞུའོ། །
ཁྲི་སེམས་དཔའ། སྙན་ངག་གསར་རྩོམ་གྱི་གོ་རིམ་ཁྲོད་འཕྲད་པའི་དཀའ་ཁག་ཆེ་ཤོས་དེ་ཅི་ཞིག་ཡིན་ནམ།
སྤེན་པ་དོན་གྲུབ། སྙན་ངག་གསར་རྩོམ་གྱི་གོ་རིམ་ཁྲོད་དུ་མཚོན་ཐབས་ཆིག་རྐྱང་གི་རྣམ་པས་གླུ་བརྒྱ་དབྱངས་གཅིག་གི་རྒྱ་རུ་ཚུད་པ་གང་ཞིག འཆར་སྒོ་ཡངས་པོ་དང་། ཐ་སྙད་ཀྱི་ལྡེམ་ཤུགས་རན་པོའི་ཀློང་སེམས་པའི་ཁོ་ཐག་ཆོད་པ་ལྟར་ཆགས་སྡང་ཅི་ཞིག་ཆ་རྫོགས་པར་མཚོན་ཐུབ་མ་སོང་སྙམ་པའི་ཕངས་སེམས་དང་། ལར་ང་རང་གི་སྙན་ངག་ཕལ་མོ་ཆེ་ནི་སེམས་རྣལ་དུ་ཕབ་སྟེ་མཚོན་ཐབས་མེད་པར་ཁེར་རྐྱང་གི་སྐྱོ་ཡུས་དང་། སྨྲེང་བ་ལྟ་བུའི་རང་སྒེར་གྱི་ཚོར་བའི་ཆགས་སྡང་རང་ག་བས་གྲུབ་པའི་སེམས་པའི་ན་ཟུག་ཤ་སྟག་ཡིན་སྙམ་པས། རྟག་ཏུ་དྲང་སྲོང་ངག་བཅད་ཀྱི་རྟུལ་ཞུགས་བཟུང་བ་ལྟར་སྨྲ་བསམ་ཡང་སྨྲ་མི་ནུས་པའི་སེམས་ཁྲལ་ལམ། བགེགས་བར་ལྟ་བུའི་གསར་རྩོམ་གྱི་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག
ཁྲི་སེམས་དཔའ། ཁྱེད་ཀྱིས་སྙན་ངག་ལ་ལྟ་སྟངས་ག་འདྲ་བཟུང་ཡོད།
སྤེན་པ་དོན་གྲུབ། ང་རང་སྒེར་གྱི་བསམ་ཚུལ་ཞིག་ཞུས་ན་ཆོག་གམ། སྤྱིར་ང་རང་གི་བསམ་ཚུལ་ལྟར་ན། སྙན་ངག་ནི་སྙན་ངག་པས་རང་གི་མི་གཞིར་སོ་ལྟ་བྱ་སའི་གཉུག་སེམས་ཀྱི་མེ་ལོང་ཞིག་གམ། གཉུག་སེམས་ཀྱི་ལོངས་སྤྱོད་ལ་རོལ་སྟངས་ཀྱི་སྐད་ཅིག་མའི་བདེ་བ་ཕྲ་མོ་དེར་འདོད། དེའང“གཉུག་སེམས”ཞེས་པ་ནི་སངས་རྒྱས་ཆོས་ལུགས་ཀྱི་བརྡ་ཆད་ཅིག་རེད། གོ་དོན་ནི་སེམས་བྱུང་གི་དྲི་མས་མ་བསླད་པའི་གདོད་མའི་ཀ་དག་སེམས་ཀྱི་རང་བཞིན་དྲི་མ་མེད་པ་དེར་ཟེར། དེ་རྙེད་ན“སངས་རྒྱས”ཏེ། སྒྲིབ་གཉིས་ཀྱི་མུན་པ་ལས་སངས་ཤིང་། མཁྱེན་གཉིས་ཀྱི་སྣང་བ་རྒྱས་པ་ཞིག་ལ་ཟེར། འཇིག་རྟེན་ལས་འདས་མིན་ཅི་ལྟར་ཡང་གཉུག་སེམས་གནས་འགྱུར་གྱི་ཡེ་ཤེས་ཉིད་ནམ་མཁའ་གཡའ་དག་ལྟར་ཡུལ་དུས་གང་དུའང་དྲི་མས་མ་བསླད་པ་རེད། དཔེར་ན། ཆུ་ཤེལ་གྱི་གོང་བུ་ལྟར་འོད་དུ་འཚེར་ཞིང་། ཕྱི་གསལ་ནང་གསལ་རེད།
སྙན་ངག་པས་ཀྱང་གཉུག་སེམས་ཏེ། རྟག་ཏུ་རང་སེམས་དྲི་མེད་དང་ཁ་ཐག་ཉེ་བའི་ཀ་དག་སེམས་ཀྱི་མེ་ལོང་དེར་རང་གི་མི་གཞིར་སོ་ལྟ་བྱས་ཏེ་རང་ཉིད་ཅི་ཡིན་འཚོལ་དགོས། བཙལ་ནས་རྙེད་ན་རང་སེམས་ལ་སྙན་ངག་གི་བྱབས་ཁྲུས་ཐོབ་སྟེ་གཉུག་སེམས་དང་ཁ་ཐག་ཉེ་བའི་སེམས་པའི་ལོངས་སྤྱོད་ཀྱི་བདེ་བ་ཕྲ་མོར་རོལ་ཐུབ། བདེ་བ་འདི་ནི་དགའ་སྐྱོ་ཆགས་སྡང་རོ་སྙོམས་པའི་སེམས་པའི་སྤོབས་པ་ཞིག་གམ། གདོད་མའི་མི་གཞི་ལྷད་མེད་འཆར་བའི་གནས་སྐབས་ཀྱི་སྐད་ཅིག་མའི་བདེ་བའི་མྱོང་སྟངས་ཤིག་རེད། དེ་ལྟར་སྙན་ངག་པ་ཉིད་ནམ་ཡང་རང་གི་གཉུག་སེམས་ཀྱི་འཇིག་རྟེན་ཁོ་ནར་བདེ་བས་འཚོ་ཞིང་། ངག་བཟོ་བའི་ལས་དབང་འདི་གདམ་གར་སྦྱོར་བ་མི་ཚེའི་རིན་ཐང་རྣལ་མར་རློམ་སྲིད།
སྲིད་འདིར་སྙན་ངག་ཉིད་མེད་ན། གཉུག་སེམས་ཀྱི་ཀློང་ནས་བརྡོལ་བའི་ཉམས་རྟོགས་བདུད་རྩིའི་བདེ་བས་མི་རྒ་མི་ནུབ་པར་འཚོ་གཞེས་གནང་མཁན་གྱི་སྙན་ངག་པ་ཉིད་ནམ་ཡང་མི་བྱོན་ནོ། །འདི་ནི་ཚིག་གི་སྒྱུ་རྩལ་སྙན་ངག་ཉིད་ཀྱིས་ནུས་ཀྱི་གཞན་གྱིས་མི་ནུས་སོ། །
ཁྲི་སེམས་དཔའ། བོད་ལྗོངས་ཕྱོགས་ཀྱི་སྙན་ངག་གསར་རྩོམ་གྱི་གནས་བབ་དེ་ག་འདྲ་ཞིག་ཡིན་ནམ།
སྤེན་པ་དོན་གྲུབ། འདི་ཞུ་ཁག་པོ་རེད། འོན་ཀྱང་ཆོས་གང་ཞིག་ཀྱང་རྟེན་འབྲེལ་ཏེ། ལྟོས་བཅས་ཡིན་དུས། ཨ་མདོའི་ཕྱོགས་ཀྱི་སྙན་ངག་སྡེའི་གསར་རྩོམ་གྱི་སྣང་ཚུལ་དང་བལྟོས་ན། དབུས་གཙང་ཕྱོགས་ཀྱི་སྙན་ངག་གི་གནས་བབ་ཅི་ཡིན་ཞུ་ཁག་པོ་འདུག དེ་ཡང་བསྟོད་ན་གནས་ལུགས་དང་བརྒལ། སྨད་ན་ང་རང་དབུས་པ་ཡིན་པས་མི་དགའ་བར་འགྱུར་སྲིད། བཀའ་མོལ་དྲང་པོར་ཞུས་ན། དབུས་གཙང་སྤྱི་དང་། ལར་ངའི་རྩོམ་གྲོགས་སྡེར་སྙན་ངག་གསར་རྙིང་གཉི་ག་གསར་རྩོམ་གནང་མཁན་མང་ཞིང་། ཁོང་ཅག་གི་བརྩམས་ཆོས་ཀྱི་ཉམས་འགྱུར་ལ་འགྲམ་ཆུ་མི་ཤོར་ས་མེད། འོན་ཀྱང་ང་རང་ནི་རྟག་ཏུ་གོམས་གཤིས་ལྟར་ཨ་མདོའི་སྙན་ངག་སྡེའི་སྙན་ངག་ལ་མྱོང་རོལ་བྱ་རྒྱུར་དགའ་པོ་ཞེ་དྲག་ཡོད། འདི་དངོས་གནས་ཁྱད་མཚར་པོ་ཞེ་དྲག་རེད། ཡང་ན། འདི་ནི་ཀློག་པ་པོ་ཞིག་གི་ལྟ་ཀློག་གི་གདམ་གའི་རང་དབང་ཡང་ཡིན་སྲིད། གང་ལྟར་ཡང་འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས་ཡོད་དུས། ང་རང་གི་བསམ་ཚུལ་ལ་ད་ལྟའི་དབུས་གཙང་གི་ཀློག་པ་པོའི་སྡེར་བསམ་བློའི་གཟུངས་གཞུག་ལུང་མ་བསྟན་ལ་བཟོ་བོའི་ཕྱག་རྩལ་གྱིས་དབུལ་བའི་སྙན་ངག་གི་ལྷ་སྐུ་ཁྲོམ་རའི་ཚོང་ཟོག་རྫུན་མ་ལྟར་བྲིན་ཁ་ཤིན་ཏུ་རྒྱུག་པའི་གསར་རྩོམ་གྱི་སྣང་ཚུལ་ཞིག་གྲུབ་དང་འགྲུབ་བཞིན་པའི་སྣང་བ་སྟེར་གྱི་འདུག འདི་ལ་གསར་རྩོམ་གྱི་གོལ་ལམ་ཟེར་ན་འགྲིག་གི་མ་རེད། སླད་སྙན་ངག་གི་སྤྱི་སྲོལ་ལྟར་གསར་རྩོམ་ཡར་ངོའི་ཟླ་ལྟར་འཕེལ་ཅིང་། དབུ་འཕང་ཉི་ཟླའི་དཔངས་ལྟར་གཏོད་པར་གྱུར་བར་སྨོན།
ཁྲི་སེམས་དཔའ། ཁྱེད་ལ་ཤུགས་རྐྱེན་ཐེབས་པའི་སྙན་ངག་པ་གང་དག་ཡོད་དམ། ཁོང་ཅག་གི་སྟེང་ནས་ཁྱེད་ཀྱིས་ཅི་ཞིག་ཧ་གོ་སོང་།
སྤེན་པ་དོན་གྲུབ། ང་རང་ལ་ཆ་མཚོན་ན། ནུབ་ཕྱོགས་ཀྱི་སྙན་ངག་སྡེ་ནས་ཡིད་བརྙན་རིང་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་པར་གྲགས་པའི་ཨ་རིའི་སྙན་ངག་པ་ཕོང་ཏེ་དང་། མཚོན་བྱེད་རིང་ལུགས་ཕྱི་མའི་ཕ་མེས་སུ་གྲགས་པའི་ཧྥ་རན་སིའི་སྙན་ངག་པ་བྷོ་ཊི་ལེར་རྣམ་གཉིས་རེད། སྔ་མའི་ཡིད་གཟུགས་ཆ་ཤས་ཀྱིས་གྲུབ་པའི་ཡིད་བརྙན་གྱི་ལམ་སྲོལ་གྱིས་ངའི་སྙན་ངག་གི་མཚོན་དོན་ལ་ཡིད་བརྙན་ཞེས་པའི་གྲུབ་མཐའམ། རིང་ལུགས་དེའི་མཚོན་ཐབས་གསར་པའི་ཟུངས་ཁྲག་བསྩལ་ཅིང་། ཕྱི་མའི་མི་སྡུག་པའི་མཛེས་པ་ཞེས་བྱ་བའི་མཛེས་དཔྱོད་ཀྱི་རིགས་ལམ་འདིས་ངའི་སྙན་ངག་གི་མཛེས་པའི་ཁམས་ཇེ་ཡངས་སུ་བསྲིངས་སོང་། ལྷག་པར་དུ་སྙན་ངག་པ་རྣམ་གཉིས་ཀྱི་མི་ཚེའི་རྟོགས་པ་དང་། རིན་ཐང་ལྟ་བས་ངའི་སྙན་ངག་གི་བསམ་བློར་མི་ཚུལ་རིང་ལུགས་ཀྱི་གཟུངས་གཞུག་ཐོག་མར་བསྩལ་ཅིང་། འགྲོ་མིའི་འདུ་ཤེས་རིས་མེད་དུ་ལྟ་བའི་རིག་གནས་ལྟོས་བཅས་སྨྲ་བའི་བསམ་བློའི་ཞ་ལུ་འབུད་འགོ་བརྩམས་སོང་།
བོད་ཀྱི་སྲོལ་རྒྱུན་སྙན་ངག་སྡེ་ནས་ཆ་མཚོན་ན། ཉམས་རྟོགས་མགུར་རྟར་འདྲེན་མཁན་གྱི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་རྗེ་བཙུན་མི་ལ་རས་པ་དང་། རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ཞབས་རྣམ་གཉིས་རེད། སྔ་མར་རྣལ་འབྱོར་པ་ཞེས་ཆེ་བ་ཕུལ་དོན་ནི་སེམས་ཀྱི་རྣལ་མའམ། གཉུག་མ་སྟེ། གཉུག་སེམས་ལ་དབང་འབྱོར་བའམ་དབང་ཐོབ་སྟེ་ལམ་ཡང་དག་པ་ཉམས་སུ་ལེན་མཁན་ལ་ཟེར། ཉམས་རྟོགས་མ་འཁྲུངས་ན་གཉུག་སེམས་ལ་དབང་འབྱོར་ཐབས་མེད། དེའི་ཕྱིར་རྗེ་བཙུན་གྱི་ཉམས་རྟོགས་ཐུགས་སུ་འཁྲུངས་པའི་མགུར་རྟའི་འགྲོས་རིམ་གྱིས་ངར་སྙན་ངག་པའི་གཉུག་སེམས་དང་ཁ་ཐག་ཉེ་བའི་སེམས་པའི་བསྟི་གནས་ཤིག་བསྩལ་བྱུང་། ངས་རྟག་ཏུ་གནས་དེར་རང་ཉིད་ཀྱི་མི་གཞིར་སོ་ལྟ་བྱ་བའམ། ཡང་ན། དགའ་སྐྱོ་ཆགས་སྡང་རོ་སྙོམས་པའི་སེམས་པའི་ལོངས་སྤྱོད་ཅིག་ལ་རོལ་གྱི་ཡོད། དེ་ལྟར་སྙན་ངག་ཅེས་པའི་ཚིག་གི་སྒྱུ་རྩལ་གྱི་བློས་བསླངས་ཆེན་མོ་དེའི་དབྱིངས་སམ་ཁམས་ནས་ངར་དོན་དམ་པའི་རང་ཉིད་བཙལ་ཏེ་རྙེད་སྲིད་སྙམ་པའི་བདེ་བ་དཔག་མེད་སྐྱེ་གི་འདུག རྟག་ཏུ་ཡུལ་དུས་གང་ཞིག་ཏུའང་ཉམས་པ་མེད་པར་ངའི་སེམས་ཁོང་དུ་མེ་སྟག་བཞིན་མཆེད་ཀྱི་འདུག བསམས་ཤིང་བསམས་ན། ང་རང་འཚོ་གཞེས་ཀྱི་ཡང་སྙིང་ཡང་སྙན་ངག་ཁོ་ནའི་ཕྱིར་རེད་སྙམ་པའི་སེམས་པའི་ལོངས་སྤྱོད་ཅིག་གིས་སྤོབས་པའི་དབུ་འཕང་མཐོ་ནས་མཐོ་རུའང་འགྲོ་གི་འདུག ད་དུང་གནས་དེ་ནས་ངས་བོད་སྔ་རབས་པའི་ཚིག་གི་གཏེར་ཁ་བསྔོགས་ན་འགྲིག་གི་འདུག
རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ཞབས་ཀྱི་གསུང་མགུར་ལ་དྲན་གདུང་ལྕི་མོའི་དགོངས་པ་རྒྱ་ཆེ་གཏིང་ཟབ་ཚུལ་གྱིས་གཏམས་ཡོད། འདི་ནི་འཇིག་རྟེན་མི་ཆོས་ཀྱི་ལུགས་ལྟར་ན་བདེན་པའི་མཐའ་འཚོལ་བའི་དྲན་གདུང་ལྕི་མོ་ཞིག་ཡིན་སྲིད། དུས་རབས་དེར་ཆ་མཚོན་ན། བོད་ཀྱི་རིམ་བྱོན་སྙན་ངག་པ་སུས་ཀྱང་རེག་མ་མྱོང་བའི་སྙན་ངག་གི་བརྗོད་བྱ་གསར་པ་སྟེ། ཨ་མ་ཆང་མ་དང་། ཤ་འཇམ་གནས་མོ། ཆུང་འདྲིས་བྱམས་པ། སྙིང་སྡུག་སོགས་ཀྱི་ཡིད་བརྙན་དང་། དམངས་གཞས་ཀྱི་ཚིག་འགྲོས་འཇམ་པོར་བསྐྱོན་པའི་སྐད་ཆའི་རྟེན་འབྲེལ་ཀློང་གི་མཚོན་དོན་ཟབ་པོ་དེ་རེད། དེ་ལྟ་བུའི་མཚོན་དོན་གྱི་དཀྱིལ་འཁོར་དུ་ཀློག་པ་པོ་ཞིག་ལྐུགས་པས་བུ་རམ་མུར་བ་ལྟ་བུའི་རྟུལ་ཞུགས་མ་བཟུང་ཀ་མེད་རེད། ཚངས་མགུར་ཡོད་པའི་དབང་གིས་ངའི་སྙན་ངག་ལའང་བདེན་པའི་མཐའ་འཚོལ་བྱེད་ཀྱི་དྲན་གདུང་ལྕི་མོ་དང་། ཁེར་རྐྱང་གི་སྐྱོ་ཡུས་ལྟ་བུའི་བསམ་བློའི་ན་ཟུག་སྦྲུམ་བྱུང་། ངས་སེམས་པ་རྣལ་དུ་ཕོབ་ཐབས་མེད་པར་སྙན་ངག་འབྲི་བའི་རྩ་བའང་འདི་ལ་ཐུག་ཡོད། སྐྱིད་ཅིག་ཡིན་ནའང་ཆོག སྡུག་ཅིག་ཡིན་ནའང་ཆོག གང་ལྟར་ཡང་ངས་མི་ཚེ་འདིར་སྙན་ངག་གི་ཞིང་ཁམས་ནས་རང་ཉིད་འཚོ་གཞེས་ཀྱི་ཡང་སྙིང་རྩོད་ཆོག་གི་རེད།
བོད་ཀྱི་དེང་རབས་སྙན་ངག་སྡེ་ནས་ཆ་མཚོན་ན། མ་གཞིར་དཔལ་དོན་གྲུབ་རྒྱལ་དང་། སྙན་ངག་པ་ལྗང་བུར་མི་ཕྱེད་པའི་དད་པ་ཤིན་ཏུ་བརྟན་པོ་ཡོད། ལྷག་པར་དུ་སྙན་ངག་པ་ལྗང་བུའི་སྙན་ངག་བཀླགས་པ་གྲངས་མེད། འོན་ཀྱང་སེམས་ཅན་གྱི་ཁམས་དང་མོས་པ་མི་གཅིག་པའི་དབང་གིས་ང་རང་དགའ་ཤོས་ཀྱི་དེང་རབས་སྙན་ངག་པ་ནི་ལས་ཀྱི་རྩོམ་གྲོགས་བྱ་གཞུང་དབྱངས་བྷ་གཅིག་པུ་མཐོང་གི་འདུག ང་ནི་ཁོང་གི་ཀློག་པ་པོ་འཁྲུལ་མེད་ཅིག་རེད། ངས་ཁོང་གི་སྙན་ངག་ཀློག་ཐེངས་རེ་རེར་གང་དེའི་ཚིག་འགྲོས་འཇམ་པོ་དང་། འཆར་ཡན་དྲག་པོ། བློས་བསླངས་ངོ་མཚར་ཅན་སོགས་ཀྱི་སྙན་ངག་གི་ཕྱིའི་རྣམ་པའི་མཛེས་པའི་ཕག་ཏུ་བསྐུངས་པའི་ནང་གི་བརྡ་འཕྲིན་ཏེ། སྙན་ངག་པ་གང་ཉིད་ཀྱི་གཉུག་སེམས་དང་ཁ་ཐག་ཉེ་བའི་སེམས་པའི་འཇིག་རྟེན་དེའི་སྤུ་རིས་ཇི་ཡིན་སྦ་གསང་ཅི་ཡང་མེད་པར་སྟོན་མོར་བཤམས་པའི་སྤྲོ་སྣང་དེ་མྱོང་རྒྱུ་འདུག ངས་ཁོང་གི་སྙན་ངག་ལས་ཁོང་ཉིད་མཐོང་གི་འདུག དེའི་ཕྱིར་ངས་ཀྱང་རང་ཉིད་ཀྱི་སྙན་ངག་ལས་རང་ཉིད་བཙལ་ཏེ་རྙེད་ན་སྙམ་པའི་སེམས་པའི་སྤོབས་པ་ཞིག་གིས་ལམ་བུ་དེ་གདམ་གར་སྦྱར་བ་ཡིན། བཀའ་མོལ་དྲང་པོར་ཞུས་ན། ངེད་གཉིས་རྩོམ་གྲོགས་ཡིན་པ་གང་ཞིག ཁོང་ངའི་གྲོགས་ཀྱི་དྭངས་མ་རེད། དེ་ནས་བཟུང་ངའི་སྙན་ངག་ལ་ཧ་ལས་པའི་ཡར་སྐྱེད་བྱུང་། དངོས་གནས་ཤུགས་རྐྱེན་ཆེན་པོ་ཞེ་དྲག་ཐེབས་བྱུང།
ཁྲི་སེམས་དཔའ། ལྷ་ས་ནི་བོད་ཀྱི་སྙན་ངག་གི་བརྗོད་བྱ་རྒྱ་ཆེན་པོ་ཞིག་རེད། ཁྱེད་རང་རྟག་པར་ལྷ་སར་བཞུགས་ཡོད་པས། ལྷ་སས་ཁྱེད་ཀྱི་སྙན་ངག་ལ་ཤུགས་རྐྱེན་ག་འདྲ་བཟོ་བཞིན་ཡོད་དམ།
སྤེན་པ་དོན་གྲུབ། ལྷ་ས་ནི་ལྷ་དང་ལྷ་མོས་བཞེངས་པའི་དག་ཞིང་དང་། བོད་འབངས་མགོ་ནག་སྤྱི་ཡི་སེམས་པའི་འདུ་གནས། ཆོལ་གསུམ་མེས་པོའི་ཞབས་ཀྱིས་བཅགས་མྱོང་བའི་གནས་མཆོག་ཏུ་བསྔགས་པ་ཤིན་ཏུ་བདེན། ང་རང་ལ་ཆ་མཚོན་ན། ཐོག་མའི་ལྟེ་ཁྲག་འཕོ་ས་དང་། མཐའ་མའི་རུས་པ་འཐོར་སའི་སེམས་པའི་བསྟི་གནས་རེད། ང་རང་ཤིན་ཏུ་ངལ་དུས་གནས་དེར་ངལ་གསོ་ཆོག་ལ། ང་རང་ཤིན་ཏུ་གདུང་དུས་གནས་དེར་ངུ་ཤུམ་བྱས་ཆོག
ངས་ལོ་ཟླ་མང་པོ་དེ་འདྲའི་རིང་ལྷ་སའི་ཉི་འོད་མགོ་རུ་གྱོན། ཟླ་འོད་གདན་དུ་བཏིངས་ཏེ་སྐྱིད་གསུམ་སྡུག་གསུམ་གྱི་མི་ཚེ་རིང་མོ་འདིའི་ཕྱེད་ཙམ་བསྐྱལ་ཟིན་པ་རེད། རྟག་ཏུ་བྱིས་པ་ཞིག་འགུལ་སླེར་གཉིད་པ་ལྟར་བརྩེ་འདང་ཆེན་པོའི་བྱམས་སྐྱོང་འོག་ནར་སོན་བཞིན་ཡོད། མཚམས་རེར་ངས་ལྷ་ས་ནི་རང་ཉིད་ཀྱི་ལུས་སེམས་ཀྱི་ཆ་ཤས་ཤིག་ཏུ་རྟོག་བཟོ་བྱེད་ཀྱི་ཡོད། དེའི་ཕྱིར་ལྷ་སར་ཆག་སྐྱོན་ཤོར་བ་ནི་དོན་དུ་ང་རང་སྒེར་གྱི་གོད་ཆག་ཅིག་ཏུ་བརྩི་བ་གོམས་གཤིས་སུ་གྱུར་འདུག དེའང་འཁྲེང་སེམས་སུ་གྱུར་འདུག དེའང་སེམས་པའི་ན་ཟུག་ཅིག་ཏུ་གྱུར་འདུག
ངའི་ན་ཟུག་སྟེ། སྨྲ་བསམ་བརྗོད་འདས་ཀྱི་ན་ཟུག་དེ་དག ནར་སོན་པའི་བརྒྱུད་རིམ་གྱི་ན་ཟུག་དེ་དག དཔེར་ན། བུམ་པ་རི་དང་། སྐྱིད་ཆུ། པོ་ཏ་ལ། བར་སྐོར། གླིང་སྐོར་ལམ། ལྷ་སའི་ཁ་བ། ལྷ་སའི་ཆར་པ། ཨ་མ་ཆང་མ་སོགས་ལྷ་སའི་ཡུལ་དུས་དང་འབྲེལ་བའི་ཡིད་བརྙན་གྱི་ཀློང་ནས་རང་སེམས་གསོ་ཕྱིར་རམ། ལྷ་སས་ཅི་ཞིག་རྟོགས་ན་སྙམ་པའི་འདུན་པ་དྲག་པོས་གླུ་པ་ཞིག་གི་དབྱིངས་ཀྱིས་དབྱངས་གསལ་སོ་བཞིའི་རྐང་གླིང་འབུད་མཁན་གྱི་ལས་དབང་ཉམས་སུ་བླངས་དང་ལེན་བཞིན་པ་ཡིན།
ངས་སྙན་ཚོམ་ཞིག་གི་ཡན་ལག་ཏུ་གྱུར་བའི་མཐའ་མའི་སྙན་ངག་ཅིག་ཏུའང་། “ལྷ་ས། ལྷ་ས། ལྷ་ས།/ཆོལ་གསུམ་མེས་པོས་མཆོད་པའི་སེམས་པའི་བསྟི་གནས།/དབུས་ལམ་རིང་མོས་བཅད་པའི་དག་པའི་ཞིང་ཁམས།/བདག་ནི་ཁྱོད་ལ་བརྩེ་དྲགས་པས་སམ་ཅི།/གནས་འདིར་འཚོ་ཞིང། གནས་འདིར་འཆི།/གནས་འདིར་དགོད་ཅིང། གནས་འདིར་ཤུམ།/ནམ་ཞིག བདག་གི་ཚེ་སྲོག་གི་གཞུང་རྟ་རྙིད་དེ་འབྲུ་གུ་ཐང་ལ་ལྷུང་ཚེ།/ཕ་བོང་ཁའི་བྱ་ཚོགས་ཀྱི་མངལ་དུ་བཏབ་སྟེ། ཁྱོད་ལ་བརྩེ་ཞིང་གདུང་པའི་བདག་གི་རྣམ་ཤེས།/རྒོད་པོའི་གཤོག་སྒྲོར་བཏགས་ཏེ་འཁོར་ལོའི་རྩིབས་མའི་ལྷན་པར་གླན་རོགས”ཞེས་ངའི་མ་མ་ལྷ་སའི་སྙན་དུ་བསྒྲོན་ཡོད། འདི་ནི་ང་རང་ལྷ་སའི་འགུལ་སླེར་ཇི་སྲིད་འཚོ་ན་དེ་སྲིད་སྙན་ངག་འབྲི་རྒྱུ་དམ་བཅའ་བ་མ་ཡིན། ལྡོག་སྟེ་ལྷ་སའི་ནུ་ཞོའི་དྲིན་གྱིས་བསྐྱངས་པའི་ནུ་རིན་གསབ་ཕྱིར་སྙན་ངག་འབྲི་རྒྱུའི་འདུན་པ་ཉམས་ཐབས་མེད་པའི་གདུང་འབོད་བསྒྲོན་ཚུལ་ཞིག་ཡིན།
དོན་དམ་དུ་ལྷ་སའི་ཆག་འཇིག་ནི་ངའི་ལུས་སེམས་ཀྱི་གོད་ཆག་ཅིག་ཡིན་ན། ངས་རང་ཉིད་འཚོ་གཞེས་ཀྱི་ཡང་སྙིང་རྩོད་ཕྱིར་སྙན་ངག་འབྲི་བ་ནི་མ་མ་ལྷ་སའི་ནུ་རིན་གསབ་ཕྱིར་ཡིན་པ་གང་ཞིག རང་ཉིད་ཅི་ཡིན་འཚོལ་རྒྱུའི་གོ་སྐབས་ཤིག་ལ་དམ་འཛིན་བྱས་པ་དང་འདྲ་པོ་ཞེ་དྲག་ཡོད།
ཁྲི་སེམས་དཔའ། ཁྱེད་ཀྱིས་བལྟས་ན་བོད་ཀྱི་སྙན་ངག་གི་མདུན་ལྗོངས་དེ་ག་འདྲ་རེད།
སྤེན་པ་དོན་གྲུབ། ང་རང་ལྟ་བུའི་ལས་དང་པོ་བ་ཞིག་གིས་དེའི་སྐོར་གྱི་བཀའ་མོལ་ཞུ་ཁག་པོ་འདུག ལར་གདེང་ཚོད་ཡོད་པའི་བསམ་ཚུལ་ཞིག་ཀྱང་ཞུ་ཐབས་བྲལ་སོང་། མ་གཞིར་རྩོམ་ལུས་གཞན་དང་བལྟོས་ན་སྙན་ངག་གི་མདུན་ལྗོངས་ཤིན་ཏུ་ཡངས་པོ་རེད་སྙམ་གྱི་འདུག དངོས་གནས་དྲང་པོར་ཞུས་པ་ཡིན།
སླད་མར་རྒྱ་གར་གྱི་སྙན་ངག་པ་ཐེ་ཀོར་དང་། རང་རེའི་སྙན་ངག་པ་ཡི་དམ་ཚེ་རིང་ལགས་ལྟ་བུ་བསམ་བློ་སྨྲ་བའི་མི་ཚེའི་རྟོགས་པས་སྙན་ངག་འབྲི་བའི་དུས་རབས་ཤིག་ཤར་ན་ཅི་མ་རུང་སྙམ་གྱི་འདུག འོན་ཀྱང་ངའི་ཞུ་དོན་གྱི་སྙིང་པོར་སྙན་ངག་གི་བསམ་བློའི་གཟུངས་གཞུག་ལ་ངེས་པར་དུ་མཚན་ཉིད་རིག་པའི་ལྟ་བ་དང་། སྙན་ངག་པའི་མི་ཚེའི་རྟོགས་པས་བརྒྱན་དགོས་པའི་འུད་དང་། ཤོབ་ལྟ་བུ་ཚིག་རོའི་ཤུགས་བསྟན་གྱི་འཆད་ཚུལ་ཅི་ཡང་མེད། འདི་ནི་འཕྲོས་དོན་ཙམ་ཡིན། སྤྱིར་སྙན་ངག་ཏུ་མཚན་ཉིད་རིག་པའི་ལྟ་བ་དང་། སྙན་ངག་པའི་མི་ཚེའི་རྟོགས་པས་བརྒྱན་དགོས་པ་ཤར་ནུབ་སྙན་ངག་པ་ཀུན་པོའི་གླེང་བྱར་གྱུར་བའི་མཐར་ཐུག་གི་ལས་དབང་དུ་སྲིད་ན། དགོངས་བཞེས་གནང་ཚེ་མ་ཕན་ཡང་གནོད་ཀྱི་མ་རེད་སྙམ་གྱི་འདུག
ད་ལྟའི་ན་གཞོན་སྙན་ངག་པ་མང་པོར་གྲུབ་མཐའི་ཞེན་ཆགས་དང་། མཚོན་ཐབས་དཔེ་གསར་ཅན་ལ་དང་དོད་ཆེ་བའི་གསར་རྩོམ་གྱི་རྣམ་པ་ཞིག་འདུག སྙན་ངག་གསར་རྩོམ་ལ་གསར་བརྗེ་བྱས་པའི་དགེ་མཚན་དཔག་ཏུ་མེད་པ་ཡོན་ཏན་རེད། འོན་ཀྱང་སྙན་ངག་ཅེས་པ་ནི་ཚིག་གི་སྒྱུ་རྩལ་ལ་དང་དོད་དང་། སྣང་བརྙན་དཔེ་གསར་དགོས་པ་གསར་རྩོམ་གྱི་སྤྱི་སྲོལ་ཡིན་མོད། ངེས་པར་དུ་སྙན་ངག་པའི་སེམས་གཤིས་ཉིད་ཚིག་གམ། ཐ་སྙད། བྱིངས་ཀྱི་དབྱིངས་སུ་ངོ་བོ་དབྱེར་མེད་དུ་སིམ་ཞིང་། ཚིག་ལ་ཆགས་སྡང་དྲག་པོའི་ཚེ་སྲོག་བརྟས་ཏེ་དེའི་ཕྱི་ནང་གཉི་གར་སྙན་ངག་པ་རང་ཉིད་ཀྱི་ཚོར་བས་མི་ཁྱབ་པ་མེད་པའི་སྣང་བ་སབ་སིབ་འཁྲུངས་པའི་གསར་རྩོམ་གྱི་ཚད་དུ་སོན་དགོས། འདི་ནི་དང་དོད་ཙམ་མ་ཡིན་པར་སྙན་ངག་པ་རང་ཉིད་རང་གི་སྨྱུག་འོག་ཏུ་རྒྱུ་བའི་ཚིག་གི་ལོངས་སྤྱོད་ཀློང་དུ་བདེ་བར་རོལ་སྟངས་ཤིག་རེད།
ཡང་སྙན་ངག་སྣང་བརྙན་གྱི་བྱེ་བྲག་ཡིད་བརྙན་དང་། སྐད་བརྡའི་ཁམས་ཀྱི་མཚོན་ཐབས་འདི་རྒྱུག་ཆེ་བ་གང་ཞིག ཡིད་བརྙན་ལ་ཡིད་གཟུགས་ཚོགས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ཅི་ཡང་མེད་པར་གྲུབ་མཐའི་ཞེན་ཆགས་དབང་གིས་སྒྲིག་སྦྱོར་གྱི་མཚོན་ཐབས(拼贴手法)དང་། ཚོར་བརྗེའི་མཚོན་ཐབས(通感手法)ལུང་མ་བསྟན་དུ་སྤྱད་དེ་ཡིག་གཟུགས་ཀྱི་ཆ་ཤས་དབར་བར་བརྒལ་ཆེ་ཞིང་། ཐ་ན། ཡུལ་དུས་ཀྱི་ཐོད་བརྒལ་ཆེ་བའི་རྣམ་པ་འདུག སྤྱིར་སྒྱུ་རྩལ་གྱི་མཛེས་པར་ཡུལ་དུས་ཀྱི་གཏན་ཚིགས་མི་དགོས་པ་བདེན་ཡང་། ངེས་པར་དུ་སྙན་ངག་པའི་རྟོག་རྒྱུན་གྱིས་མུ་སྦྲེལ་དགོས། འོ་ན། གྲུབ་མཐའི་ཞེན་ཆགས་དབང་བཙན་པས་སྙན་ངག་པའི་རྟོག་རྒྱུན་ལ་སྣང་ཆུང་ཤོར་ཏེ་བག་ཏུ་ཞ་བ་རེད་དམ། གང་ལྟར་ཡང་ཀློག་པ་པོར་མྱོང་རོལ་གྱི་གཞི་ཙམ་མི་སྟེར་བའི་ཁེད་ལྟ་བུའི་སྙན་ངག་དེ་དག་མང་ན་སྐྱོན་ཆེན་པོ་ཞེ་དྲག་རེད་སྙམ་གྱི་འདུག སྙན་གཞུང་གི་སྤྱི་སྲོལ་ལྟར་ན། “ཀློག་པ་པོ་སྟོང་ལ་ཧམ་ལེ་ཐེ་སྟོང”ཞེས་གྲགས་མོད། ད་ལྟ་ཧམ་ལེ་ཐེའི་བཞིན་རས་འགྱུར་དྲགས་ཏེ་ཀློག་པ་པོའི་སྤྱི་མཚན་གྱི་གཞལ་བྱར་གྱུར་འདུག འོན་ཀྱང་མྱོང་རོལ་ནི་མངོན་སུམ་བློའི་མྱོང་བྱར་གྱུར་བ་ལས་སྤྱི་མཚན་གྱི་གཞལ་བྱ་མིན་པ་ཤར་ནུབ་སྙན་གཞུང་ཐམས་ཅད་དུ་རླུང་ལྟར་གྲགས་སོ། །
སྐད་བརྡའི་ཁམས་ཀྱི་སྣང་བརྙན་ལའང་དང་དོད་ཆེན་པོ་ཞེ་དྲག་ཡོད་པ་འདྲ། འདི་ནི་ཐ་སྙད་ཀྱི་གོ་ཚུལ་གསར་པ་བསྐྱེད་ཚུལ་ཞིག་སྟེ། སྐད་བརྡ་རིག་པའི་རིགས་ལམ་གྱིས་དེང་རབས་རིང་ལུགས་ཕྱི་མའི་སྙན་ངག་ལ་ཤན་ཤུགས་ཐེབས་པའི་གྲུབ་མཐའམ། སྙན་གཞུང་གི་བྱེ་བྲག་ཅིག་རེད། ཡོངས་གྲགས་ལྟར་ན། “སྙན་ངག་ནི་སྐད་བརྡ་ནས་འགོ་རྩོམ་ཞིང་སྐད་བརྡ་ནས་མཇུག་འགྲིལ”ཞེས་པའི་ཐ་ཚིག་བསྒྲགས་པ་ནས་དར་བ་ཞིག་རེད།
སྙན་ངག་གསར་རྩོམ་ཁྲོད་དུའང་ལུགས་འདིའི་ལམ་སྲོལ་ལྟར་ན། སྲོལ་རྒྱུན་གྱི་སྐད་བརྡའི་བྱེད་ནུས་ཏེ། གོ་བརྡ་སྤྲོད་བྱེད་ཀྱི་གནས་བབ་ནས་སྒྲོལ་ཏེ་གོ་དོན་སྣ་མང་ཅན་གྱི་བརྡ་རྟགས་ཀྱི་གནས་ཚད་དུ་བར་བརྒལ་བྱ་རྒྱུ་དེ་རེད། མཚོན་ཐབས་འདི་ཚིག་གི་སྒྱུ་རྩལ་གྱི་ལུགས་དང་ཡོངས་སུ་མཐུན་ཡོད། འོན་ཀྱང་དེ་ལྟ་བུའི་སྐད་བརྡར་སྙན་ངག་པའི་སྒེར་གཤིས་ཀྱིས་ཕྱུག་ཅིང་། ནང་གི་བརྡ་འཕྲིན་ཕུན་སུམ་ཚོགས་པའི་མཚོན་དོན་གྱི་རང་བཞིན་འཛོམས་དགོས་པ་སྔོན་འགྲོའི་ཆ་རྐྱེན་རེད། ལྡོག་ན་ཡུལ་དུས་བརྒལ་བའི་ཐ་སྙད་སྒྲིག་སྦྱོར་གྱི་ལམ་ནས་གོ་བ་ལྟ་ཅི། བརྟ་རྟགས་ཀྱི་ནུས་པའང་མེད་པའི་གླེན་པའི་ངག་ཚིག་ཏུ་འགྱུར་སྲིད། སྤྱིར་དབང་པོ་དྲུག་པ་ཞིག་གི་སྤྱོད་ཡུལ་དུ་གྱུར་བར་རློམ་སྲིད་མོད། མྱོང་རོལ་ནི་མངོན་སུམ་དབང་ལྔའི་མྱོང་བྱར་གྱུར་བ་ལས་དངོས་འཛིན་ལྷག་པོ་ཅན་གྱི་དབང་པོ་དྲུག་པའི་སྤྱོད་ཡུལ་དུ་གྱུར་བ་སྲིད་མཐའ་ཙམ་མོ། །ལར་ཐལ་འགྱུར་སྨྲ་བའི་མཚན་ཉིད་རིག་པ་བས་ཀྱང་རྣམ་ཤེས་ཚོགས་དྲུག་དུ་མི་འདོད་ན། སྒྱུ་རྩལ་དང་། མཚན་ཉིད་གང་ཞིག་གི་གཞུང་ནས་གནོད་བྱེད་ཤིན་ཏུ་མང་ངོ་། །དེའི་ཕྱིར་མཚོན་ཐབས་འདི་རིགས་ཚིག་གི་སྒྱུ་རྩལ་གྱི་རང་ལུགས་ལྟར་སྤྱོད་རྒྱུ་གལ་ཆེ། ལྡོག་ན་མྱོང་མཁན་གྱི་ཡུལ་ཅན་མེད་པ་གང་ཞིག ཐ་སྙད་གང་བྱུང་དུ་བཀོལ་བའི་ཤུགས་བསྟན་ལས་དབྱངས་གསལ་སོ་བཞིའི་སྐད་དང་ཡི་གེར་ཤིན་དུ་དོག་པས་ཐུགས་གཉེར་མཛོད་ཅིག
གོང་ཞུས་ནི་བོད་ཀྱི་སྙན་ངག་གི་མདུན་ལྗོངས་ཇེ་ཡངས་སུ་གྱུར་བའི་གནས་བབ་འདི་འདྲར་གསར་རྩོམ་གྱི་གོལ་ལམ་ཡིན་སྙམ་པའི་སྐྱོན་ཆ་འགའ་ཞིག་ཁོལ་དུ་ཕྱུང་སྟེ་རང་གི་བསམ་ཚུལ་ལྟར་ཞུས་པ་རང་ཡིན། གནོངས་པ་ཅི་མཆིས་ཆེན་པོ་དག་གིས་བཟོད་པར་གསོལ་ཅིག
ཁྲི་སེམས་དཔའ། ཁྱེད་ལ་ཀློག་པ་པོར་འཆད་འདོད་པའི་གཏམ་ཅི་ཞིག་ཡོད།
སྤེན་པ་དོན་གྲུབ། ངས་ཀློག་པ་པོར་སྙན་ངག་ལྟ་ཀློག་གམ། མྱོང་རོལ་ཇི་ལྟར་བྱེད་ཚུལ་གྱི་སྐོར་ནས་ཉམས་མྱོང་ཚིག་གསུམ་ཞུ་འདོད་བྱུང་། སྙིང་ཉེ་བའི་ཀློག་པ་པོ་ལགས། ཁྱེད་ཀྱིས་སྙན་ངག་བརྩམས་ཆོས་གང་ཞིག་ལྟ་ཀློག་མ་བྱས་པའི་སྔོན་འགྲོར་བསྟན་དོན་རྡོག་རྡོག་ཅིག་རྙེད་ན་སྙམ་པའི་སྐུལ་སློང་བཅངས་ན་མི་འོས། དེ་ལྟར་ན་བློ་ཕམ་རྟས་མི་ཟིན་པ་ཞིག་སྐྱེ་སྲིད། རྒྱུ་མཚན་ནི་སྤྲོས་བརྗོད་དམ། དོན་བརྗོད་ལམ་ནས་གནས་ལུགས་ལ་གསལ་འདེབས་སམ། གསལ་བཤད་བྱ་རྒྱུ་ནི་སྙན་ངག་སྒྱུ་རྩལ་གྱི་འཛེམ་བྱ་ཉག་གཅིག་ཡིན་པས་སོ། །
འོ་ན་ཇི་ལྟར་མྱོང་རོལ་བྱ་ཞེ་ན། སྤྱིར་སྙན་ངག་གི་ཕྱིའི་རྣམ་པའི་མཛེས་པ་སྟེ། སྙན་ངག་སྣང་བརྙན་གྱི་མ་ལག་ཏུ་གྱུར་བའི་སྙན་ངག་གི་ཁམས་དང་། ཡིད་བརྙན། སྐད་བརྡའི་ཁམས་གང་ཞིག་ཡིན་རུང་། སྙན་ངག་པའི་རྟོག་རྒྱུན་གྱི་འགྲོས་རིམ་ལྟར་ཚིག་རིས་ཀྱི་མཛེས་པ་དང་། རྟོག་བཟོའི་འཕྲུལ་སྣང་། བློས་བསླངས་ཀྱི་ངོ་མཚར་སོགས་མཚོན་ཐབས་ཀྱི་ཉམས་འགྱུར་དག་བུམ་གང་བྱོའི་ཚུལ་གྱིས་མྱོང་དགོས། དེ་ནས་ནང་གི་བརྡ་འཕྲིན་ཏེ། སྙན་ངག་སྣང་བརྙན་གྱི་ཕག་ཏུ་བསྐུངས་པའི་སྙན་ངག་པའི་གཉུག་སེམས་དང་ཁ་ཐག་ཉེ་བའི་སེམས་པའི་འཇིག་རྟེན་གྱི་ཆགས་སྡང་གི་སྤུ་རིས་ཅི་ཡིན་རང་གི་ཁམས་དང་མོས་པ་ལྟར་མྱོང་དགོས། འདི་ལ་མྱོང་རོལ་ཞེས་བྱའོ། །
སྙན་ངག་ཁག་གཅིག་གི་མཛེས་པའི་ཁམས་ཤིན་ཏུ་ཡངས་པས། གོ་ཚུལ་སྣ་མང་དུ་གྱེས་ཏེ་མྱོང་གིན་མྱོང་གིན་ཁྱེད་ལ་སྤྲོ་སྣང་ཟད་མཐའ་མེད་པ་འབྱིན་སྲིད། སྙན་ངག་ཁག་གཅིག་ནི་ཁྱིས་ལྕགས་གོང་མུར་བ་ལྟར་མྱོང་གིན་མྱོང་གིན་མྱོང་རོལ་གྱི་མཐོང་སྣེ་ཡང་བརླག་སྲིད། ཁྱེད་ཀྱིས་ནམ་ནམ་ཞར་ཞར་དུ་སུན་སྣང་ཅི་ཡང་མེད་པར་མྱོང་རོལ་གནས་སྐབས་ཀྱི་སེམས་པའི་སྒྱིད་ལུག་སྤོང་མཛོད་ཅིག ཅིའི་ཕྱིར་ཞེ་ན། སྙན་ངག་རྩེ་གྲ་ཁག་གཅིག་ལན་བརྒྱར་བཀླགས་ཀྱང་། ད་དུང་བཀླག་རྒྱུ་ཞིག་དང་། བཀླགས་ནས་ཅི་ཞིག་ཀྱང་རྙེད་ཐབས་བྲལ་བའི་གནས་སུ་གྱར་མོད། ཀློག་གིན་ཀློག་གིན་ནམ་ཡང་སུན་སྣང་མི་སྐྱེ་བས་སོ། །འདི་ལ་སྙན་ངག་གི་མཛེས་དཔྱོད་ཅེས་བྱའོ། །ཅི་སྟེ་ཁྱེད་ལ་འདི་ལྟ་བུའི་མྱོང་རོལ་གྱི་གོམས་གཤིས་ཤིག་ཡོད་ན། སྙན་ངག་བཀླག་རྒྱུར་ཚེགས་མི་ཆེ་ཞིང་། ཡང་ཡང་ཀློག་འདོད་པའི་སེམས་པའི་བདེ་བས་སྙན་ངག་གི་བློ་སྦྱོང་རྒྱུད་ལ་འཁྲུངས་རྒྱུ་ཤིན་ཏུ་སླའོ། །
ཁྲི་སེམས་དཔའ། ཁྱེད་ཀྱིས་བདག་གི་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ།
སྤེན་པ་དོན་གྲུབ། ཁྱེད་ཀྱིས་ང་ལ་བཅར་འདྲིའི་གོ་སྐབས་འདི་འདྲ་གནང་བར་ཐུགས་རྗེ་ཆེ།
སྤེན་པ་དོན་གྲུབ། བོད་ལྗོངས་ལྷ་སར་སྐྱེས། ༢༠༠༨ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་རྩོམ་རིག་རབ་འབྱམས་པའི་ཡོན་ཚད་བླངས། ༢༠༡༧ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་རྩོམ་རིག་འབུམ་རམས་པའི་ཡོན་ཚད་བླངས། ལོ་ངོ་དེ་དག་རིང་སྙན་ངག་དང་། བརྩམས་སྒྲུང་། དཔྱད་བརྗོད། ཞིབ་འཇུག ལོ་ཙཱ་སོགས་ཀྱི་བྱ་བར་འབད་ཅིང་། ལྗོངས་ཕྱི་ནང་གི་བོད་ཡིག་དུས་དེབ་ཁག་ཏུ་སྙན་ངག་གཙོ་བོར་གྱུར་བའི་རྩོམ་རིག་བརྩམས་ཆོས་དང་། རྩོམ་རིག་གཙོ་བོར་གྱུར་བའི་དཔྱད་བརྗོད། འགྱུར་མ་སོགས་གང་མང་སྤེལ། སྙན་ངག«རྫོང་རྒྱབ་ཀླུ་ཁང་གི་ཕྱི་ནང་དུ(ཞར་བཀོད་གཅིག)»ལ“གངས་རྒྱན་མེ་ཏོག་གི་སྐབས་ལྔ་པའི་རྩོམ་རིག་བྱ་དགའ”དང་། སྒྲུང་འབྲིང«ཉི་མ་དགྲ་འདུལ»ལ་སྐབས་ལྔ་པའི“བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ” འགྱུར་མ«ཕོ་ལོ་བཞི་བཅུར་ཕྱོགས་སུ་ཐོན»ལ“༢༠༡༤ལོའི«མི་རིགས་ཀྱི་རྩོམ་རིག»གི་ལོ་མཇུག་བྱ་དགའ” དཔྱད་རྩོམ«རྩོམ་རིག་འགྱུར་མ་ལས་འཕྲོས་ཏེ་སྙན་ངག་གི་ལོ་ཙཱའི་སྐོར་གླེང་བ»ལ“རྒྱལ་ཡོངས་ཀྱི་མི་རིགས་སྐད་ཡིག་ཡིག་སྒྱུར་རིགས་ལམ་དཔྱད་ཚོགས་ཐེངས་བཅུ་དྲུག་པའི་ཕུལ་བྱུང་དཔྱད་རྩོམ་གྱི་བྱ་དགའ” དཔྱད་རྩོམ«དེང་རབས་སྙན་ངག་ལས་འཕྲོས་ཏེ་འཇུ་སྐལ་བཟང་གི་སྙན་ངག་གླེང་བ»ལ“༢༠༡༧-༢༠༡༨གྱི་ལོ་ཟུང་བྱ་དགའ”སོགས་ཀྱི་བྱ་དགའ་ཐོབ་མྱོང་། འགྱུར་མ«བདག་ཉིད་བདག་གི་མགོན་དུ་གྱུར»དང་། «ཚན་རིག་གི་སྲོལ་འབྱེད» «ཁཱ་ཧྥུ་ཁའི་བརྩམས་སྒྲུང་ཐུང་འབྲིང་ཕྱོགས་སྒྲིག»སོགས་བོད་འགྱུར་དཔེ་དེབ་དྲུག་དཔེ་སྐྲུན་བྱས། ད་ལྟ་བོད་ལྗོངས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱི་བོད་སྐད་ཡིག་རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་གི་བྱ་བ་གཉེར་སྒང་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།