ཆེན་པོ་ཧོར་གྱི་རྒྱལ་ཁབ་ཏུ་བོད་ཀྱི་ཤེས་རིག་དར་ཚུལ།
རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ།
ཧོར་གྱི་རྒྱལ་ཁབ་ཏུ་བོད་ཀྱི་ཤེས་རིག་དར་ཚུལ།
རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་གསུམ་པའི་འགོ་རྩོམ་མཛད་སྒོའི་གསུང་བཤད་མུ་འགོད།
སྒྲིག་པ་པོའི་གཏམ། ཟླ7པའི་ཚེས21ཉིན། རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ་དེ་ཆེན་པོ་ཧོར་གྱི་རྒྱལ་ཁབ་ཀྱི་རྒྱལ་ས་ཨོ་ལན་བྷ་ཐར་དུ་བསྡུས་ཤིང་། ཐེངས་འདིའི་ཚོགས་འདུའི་སྟེང་འཛམ་བུ་གླིང་གི་རྒྱལ་ཁབ37ནས་ཡོང་བའི་བོད་རིག་པའི་ཆེད་མཁས་པ་བཞི་བརྒྱ་ལྷག་ལྷན་ཅིག་ཏུ་འཛོམས་ནས་རྒྱལ་སྤྱིའི་བོད་རིག་པའི་དཔྱད་འབྲས་དང་། ད་ལྟའི་གནས་བབ། མ་འོངས་པའི་འཕེལ་ཕྱོགས་སོགས་ནས་གྲོས་ཞིབ་རྒྱ་ཆེན་པོ་གནང་ཞིང་། བྱེ་བྲག་ཏུ་ཆེན་པོ་ཧོར་གྱི་རྒྱལ་ཁབ་ཀྱི་གཙུག་ལག་བསླབ་གྲྭ་དང་སོག་པོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་གླིང་གཙོས་པའི་རིག་གནས་ཞིབ་འཇུག་སྡེ་ཁག་དང་། བོད་རིག་པའི་ཆེད་མཁས་སྐལ་ལྡན་པེ་ཡེས་དང་ཏོ་ལན། སྐལ་པ་ཐར། ཤེར་བསྟན་སྲུང་། དབྱངས་ཅན་སྲུང་མ། རྟག་པ་རྡོ་རྗེ། གནམ་སྡེ་པེ་ལུག ལྷག་པ་བདེ་མཆོག་སོགས་ཀྱིས་བོད་སོག་རིག་གནས་ཞིབ་འཇུག་དང་རིག་གནས་འབྲེལ་འདྲིས། བོད་ཀྱི་རིག་གནས་ཆེན་པོ་ཧོར་གྱི་རྒྱལ་ཁབ་ཏུ་དར་སྤེལ་བཏང་བ་སོགས་སུ་བླངས་པའི་ཉམས་དགའི་སྨིན་འབྲས་ལ་ཚོགས་ཞུགས་པ་རྣམས་ཀྱིས་མཉམ་དུ་རོལ་མྱོང་བྱས།
དེ་བས་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཆེན་པོ་ཧོར་གྱི་རྒྱལ་ཁབ་ཏུ་བསྡུས་པ་དང་། ཐེངས་འདིའི་ཚོགས་འདུའི་འགོ་རྩོམ་མཛད་སྒོའི་གསུང་བཤད་དག་ངེད་མཚོ་སྔོན་པོ་དྲ་བར་འགོད་པར་ཚོགས་འདུའི་གཙོ་སྒྲུབ་ལས་ཁུངས་ཀྱིས་ཆོག་མཆན་གནང་བ་དང་གསུང་བཤད་པས་པར་དབང་གནང་བ། དེ་མིན་ཁམ་ཟམ་གཙུག་ལག་བསླབ་གྲྭ་ཆེན་མོ(University of Cambridge)འི་འབུམ་རམས་པ་བློ་བཟང་ཡོན་ཏན་ལགས་ཀྱིས་ཐེངས་འདིའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྟེང་ཞུགས་པའི་བོད་རིག་པའི་ཆེད་མཁས་རྣམས་ཀྱི་གསུང་བཤད་དག་བོད་ཡིག་ཏུ་བསྒྱུར་པ་སོགས་ཀྱི་མཐུན་རྐྱེན་ཕུན་སུམ་ཚོགས་པ་འཛོམས་ཤིང་། སྔོན་མར་ངེད་དྲ་བར་བཀོད་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་སྐབས་བཅུ་གསུམ་པ་སོག་ཡུལ་དུ་ཚོགས་པ་ཞེས་པའི་གསར་འགྱུར་མདོར་བསྡུས་ལ་དྲ་གྲོགས་རྣམས་ཀྱིས་མཐོང་ཆེན་པོ་གནང་བར་མ་ཟད། དེའི་ཐད་ཀྱི་གནས་ཚུལ་མང་པོ་ཞིག་དགོད་རྒྱུའི་རེ་བ་འདོན་བཞིན་ཡོད་པས། དེང་གི་བོད་རིག་པའི་ཞིབ་འཇུག་གི་དཔྱད་འབྲས་དང་ཁ་ཕྱོགས་སོགས་ལ་སྐོམ་པ་ཆུ་འདོད་ལྟར་རྟོགས་པར་འདོད་པའི་གྲོགས་པོ་རྣམས་ཀྱི་ཡིད་ཚིམས་པར་བྱ་ཆེད། ཆེན་པོ་ཧོར་གྱི་རྒྱལ་ཁམས་ཀྱི་གཙུག་ལག་བསླབ་གྲྭའི་འགན་འཛིན་སྐལ་ལྡན་པད་ཡེས་ལགས་དང་སོག་པོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་གླིང་བཙུགས་པའི་ཁྱབ་བསྒྲགས་བརྡ་ཡིག་དྲ་ཐོག་ཏུ་བཀོད་པའོ། །
ཆེན་པོ་ཧོར་གྱི་རྒྱལ་ཁམས་ཀྱི་གཙུག་ལག་བསླབ་གྲྭའི་འགན་འཛིན་པ་སྐལ་ལྡན་པད་ཡེས་ལགས་ཀྱིས་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་གནང་བའི་གསུང་བཤད།
ཐོག་མར་ངས་འདི་ནས་ཆེན་པོ་ཧོར་གྱི་རྒྱལ་ཁམས་ཀྱི་གཙུག་ལག་བསླབ་གྲྭའི་ཚབ་བྱས་ནས་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཚོགས་འདུ་ཐེངས་བཅུ་གསུམ་པ་སོག་པོའི་རྒྱལ་ས་ཨོ་ལཱན་པཱ་ཐུར་ཏུ་བསྡུས་པར་བཀྲ་ཤིས་བདེ་ལེགས་དང་། རྒྱལ་ཁམས་ཕྱི་ནང་གི་ཚོགས་མི་ཡོངས་དང་། ཚོགས་འདུའི་མགོ་འཛིན་མཁན། དེ་བཞིན་ཚོགས་ཞུགས་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ།
སྔོན་གྱི་དུས་ནས་བོད་མི་རྣམས་ནི་ང་ཚོ་སོག་པོའི་ཆོས་ཀྱི་གྲོགས་པོར་གྱུར་ཡོད་པ་དང་། ལོ་ཉིས་བརྒྱ་ཙམ་ལ་བོད་ཀྱི་སྐད་དང་ཡི་གེ་ལ་བརྟེན་ནས་སོག་པོ་དག་གིས་ནང་བའི་བསྟན་པ་དང་། དེའི་ཤེས་རིག་སོགས་ལ་འབྲེལ་བ་བྱུང་ཡོད་པར་མ་ཟད། བོད་ཡིག་གི་ཐོག་ནས་བསྟན་བཅོས་ཀྱང་མང་པོ་བརྩམས་ཡོད་པ་རེད། དེའི་ཕྱིར་བོད་ཀྱི་ཤེས་རིག་ནི་སོག་པོའི་ཤེས་རིག་དང་རྩོམ་རིག་ལ་ཞིབ་འཇུག་བྱེད་པའི་ཆ་ཤས་མེད་དུ་མི་རུང་བ་ཞིག་ཆགས་བསྡད་ཡོད།
ང་ཚོའི་བསླབ་གྲྭའི་མཁས་པ་དང་། དགེ་རྒན། སློབ་གཉེར་པ་རྣམས་ཏེ། དཔེར་ན་བློ་བཟང་དབང་ལྡན་དང་། བསྟན་དམ་སྲུ་རིང་། རིན་ཆེན་སོགས་ཀྱིས་སྤོབས་པ་ཆེན་པོ་ངང་བོད་ཡིག་སློབ་པའི་རྒྱུན་སྲོལ་སྐྱོང་བཞིན་ཡོད་པ་མ་ཟད། ང་ཚོའི་བོད་རིག་པའི་ཞིབ་འཇུག་པ་དང་པོ་སྟེ། རྒན་ཡེ་ཤེས་བཟང་པོ་ ཡིས་དགེ་བའི་བཤེས་གཉེན་ཆེན་པོ་སོག་པོ་བློ་བཟང་རྟ་མགྲིན་གྱིས་མཛད་པའི《ཆེན་པོ་ཧོར་གསེར་གྱི་དེབ་ཐེར》བོད་ཡིག་ནས་སོག་ཡིག་ཏུ་བསྒྱུར་པ་དང་། བོད་ཀྱི་སྐད་ཡིག་གི་དགེ་རྒན་ཆེན་མོ་རྡོ་རྗེ་ཡིས་བོད་ཡིག་སློབ་གཉེར་གྱི་སློབ་དེབ་གསུམ་སྒྲིག་སྦྱོར་གྱིས། ང་ཚོའི་སློབ་མ་དང་། མཁས་པ། ཞིབ་འཇུག་པ་དག་གིས་བཀོལ་བཞིན་ཡོད། དེ་བཞིན་དགེ་རྒན་པོར་ནེས་དང་། ཨེན་ཁུ་ཐུ་གཉིས་ཀྱི་བོད་སོག་ཚིག་མཛོད་དང་། བོད་ཀྱི་སྐད་ཡིག་སློབ་དེབ་དག་གཞོན་སྐྱེས་སློབ་མ་དག་གིས་དགའ་བསུ་ཆེན་པོ་ཞུ་བཞིན་ཡོད།
བོད་ཀྱི་ནང་བའི་བསྟན་བཅོས་ཁག་ནི། སོག་པོའི་རྩོམ་རིག་དང་རིག་གནས་སློབ་གཉེར་བྱེད་པ་དང་། ནང་བསྟན་གྱི་སོག་པོའི་སྤྱི་ཚོགས་དང་རིག་གནས་ལ་ཤན་ཤུགས་ཇི་ལྟར་ཐེབས་ཡོད་མེད་སོགས་ལ་ཞིབ་འཇུག་བྱེད་པའི་ལས་ཀ་ཤིན་ཏུ་ནས་གལ་ཆེན་པོ་ཞིག་གྱུར་ཡོད། ང་ཚོའི་གཙུག་ལག་བསླབ་གྲྭས་བོད་སོག་འབྲེལ་བ་དང་། ཧོར་གྱི་ཆོས་འབྱུང་། ཧོར་གྱི་ནང་བའི་བཟོ་རིག ཐང་ཀ། སྨན། རྩིས། རོལ་མོ་སོགས་ཀྱིས་ལས་ཀ་མང་པོ་བྱས་ཡོད་པ་དང་། ལྷག་པར་ཏུ་ང་ཚོས་ད་ལྟ་ནང་བའི་སྤྲུལ་སྐུ་དག་གིས་ཆེན་པོ་ཧོར་གྱི་སྤྱི་ཚོགས་དང་། ཆབ་སྲིད། རིག་གནས། ཆོས་ལུགས་བཅས་ལ་བཞག་པའི་ཤུགས་རྐྱེན་དང་། ཁོ་ཚོའི་ཆོས་ཀྱི་རྣམ་ཐར་དང་། དགོན་པ་དང་སློབ་མ་རྣམས་ཀྱི་རྣམ་ཐར་གྱི་སྐོར་རྒྱ་ཆེན་པོའི་ངང་འབྲི་བཞིན་ཡོད།
ང་ཚོའི་བསླབ་གྲྭའི་ཆོས་ལུགས་སྡེ་ཁག་གིས་ད་ལྟའི་སོག་ཡིག་གི་ཐོག་ནས་ཆོས་ཀྱི་དཀར་ཆག་གི་གླེགས་བམ་དྲུག་དཔར་སྐྲུན་བྱས་ཡོད་པ་དང་། སོག་པོའི་བླ་མ་དག་གིས་བྲིས་པའི་ཆོས་ཀྱི་གཞུང་ཆེན་པོ་འགའ་བོད་ཡིག་ནས་སོག་ཡིག་ལ་ཕབ་བསྒྱུར་དང་། སོག་པོའི་བླ་མ་དག་གིས་མཛད་པའི་གཞུང་ཆེན་པོའི་བསྡུ་སྒྲིག་དང་། དེ་དག་གི་མཛད་པ་པོའི་བླ་མ་དང་དགེ་བའི་བཤེས་གཉེན་དག་གི་རྣམ་ཐར། དེ་བཞིན་བོད་ཀྱི་ཐོ་ཡིག་ལ་ཞིབ་བཤེར་དང་གཞུང་ཆེན་པོའི་གཙོ་གནད་བཅས་ལ་ཞིབ་དཔྱད་ཀྱི་གླེགས་བམ་བཞི་དཔར་སྐྲུན་བྱས་ཡོད། ཆོས་ཀྱི་གཞུང་ཆེན་པོ་དེ་དག་ལ་སློབ་གཉེར་བྱས་ཕྱིར། རྗེས་སུ་ང་ཚོས་དེའི་སྐོར་གྱི་ཞིབ་འཇུག་ཚོགས་འདུའང་འགའ་ཤས་བསྡུ་བ་དང་། དེའི་སྐོར་གྱི་དཔེ་དེབ་རྩོམ་པ་དང་ཡིག་བསྒྱུར་སོགས་ཀྱང་བྱེད་འཆར་ཡོད། སྡེ་ཁག་འདིའི་སློབ་གཉེར་བྱེད་པའི་བརྗོད་བྱ་གཙོ་བོ་ནི། བོད་ཡིག་སློབ་གཉེར་དང་། དེའི་སྐོར་གྱི་ཡིག་བསྒྱུར། བོད་ཀྱི་རིག་གནས་ལ་བསྐྱར་ཞིབ། གཞུང་ཆེན་པོ་དག་ལ་སློབ་གཉེར། ཡིག་ཐོག་ཏུ་ཡོད་པའི་གཞུང་ཆེན་པོ་དག་ལ་སློབ་གཉེར་དང་ཞིབ་འཇུག་བྱ་རྒྱུ་དེ་ཡིན།
དེ་བཞིན་སྡེ་ཁག་གཞན་དུའང་བོད་ཡིག་ལ་སློབ་གཉེར་བྱེད་བཞིན་ཡོད། དཔེར་ན་ང་ཚོའི་བསླབ་གྲྭའི་མན་ཇུའི་སྡེ་ཁག་དང་། རྩོམ་རིག་དང་དཔེ་དེབ་སྡེ་ཁག་ལྟ་བུ་རེད། རྩོམ་རིག་དང་དཔེ་དེབ་སྡེ་ཁག་འདིའི་ནང་དུ་རྒྱ་གར་དང་བོད། སོག་པོའི་རྩོམ་རིག་གི་འབྲེལ་བ་ལ་ཉིབ་འཇུག་བྱེད་བཞིན་ཡོད་པ་དང་། དེ་བཞིན་བོད་ཀྱི་ལོ་རྒྱུས་སོག་པོ་དང་འབྲེལ་བ་ཡོད་པའི་སྐོར་དང་། བོད་སོག་གི་སྐད་བརྡ་རིག་པ་བཅས་ལ་བེད་སྤྱད་ནས་སྔོན་གྱི་སོག་ཡིག་དང་། ས་སྐྱའི་ཧོར་ཡིག ཛ་ཡའི་སོག་ཡིག རྗེ་བཙུན་དམ་པའི་སོག་ཡིག་བཅས་ལ་ཞིབ་འཇུག་བྱེད་བཞིན་ཡོད་པར་མ་ཟད། སློབ་ཕྲུག་དག་ལ་ཆེད་དུ་སློབ་ཁྲིད་ཀྱང་བྱེད་བཞིན་ཡོད།
དེང་དུས་ང་ཚོའི་བསླབ་གྲྭའི་ནང་དུ་བོད་ཀྱི་ཤེས་རིག་ལ་དམིགས་བསལ་གྱི་ལས་ཀ་བྱེད་མཁན་ནི། ཏོ་ལན། སྐལ་པ་ཐར། ཤེར་བསྟན་སྲུང་། ཆོས་མ། པོར་ནེས། སྐན་ཐོ་ཡ། བྷོལ་གྷན། དབྱངས་ཅན་སྲུང་མ། ཆེ་མིག ཨེན་ཁུ་ཐུར། པ་ཡར་སན་ཁད། ཙ་ཡ་པ་ཐུར། ཆོས་ལུང་པ་ཐུར། པེ་ལུ་ས་ཧན། རྟག་པ་རྡོ་རྗེ། གནམ་སྡེ་པེ་ལུག ལྷག་པ་བདེ་མཆོག་བཅས་ཡོད། ད་དུང་ང་ཚོའི་གཙུག་ལག་བསླབ་གྲྭར་ནང་བསྟན་ཤེས་རིག་བསྟི་གནས་དང་། ནང་བསྟན་དང་ལེགས་སྦྱར་ཞིབ་འཇུག་གླིང་། ཆོས་འཁོར་ལྟ་བུའི་ཚོགས་པ་ཡོད་པ་དང་། དེ་དག་གིས་ཀྱང་ནང་ཆོས་ངོ་སྤྲོད་དང་། སློབ་ཁྲིད་སོགས་བྱ་བཞིན་ཡོད་པར་མ་ཟད། ནང་ཆོས་དང་བོད་རིག་པའི་ཞིབ་འཇུག་འབྲས་བུ་རྣམས་རྒྱ་ཁྱབ་ཏུ་ངོ་སྤྲོད་བྱ་བཞིན་ཡོད། སོག་ཡུལ་ལ་མཚོན་ན། སུམ་པ་མཁན་པོའི《རྒྱལ་རབས་དཔག་བསམ་ལྗོན་ཤིང》དང་། དྷརྨ་ཏཱ་ལའི་ཡིས་མཛད་པའི《ཧོར་ཆོས་འབྱུང》། ལྷུན་གྲུབ་པཎྜིས་མཛད་པའི《ཤེས་རབ་སྒྲོན་མེ》། འཇམ་དཔལ་རྡོ་རྗེ་ཡིས་མཛད་པའི《ཤེལ་དཀར་མེ་ལོང》། བློ་བཟང་རྟ་མགྲིན་གྱི《གསེར་གྱི་དེབ་ཐེར》སོགས་ཡོད་པས། དེ་དག་ལས་ཤེས་ཐུབ་པ་ནི་ཆེན་པོ་ཧོར་གྱི་ཡུལ་འདི་ཡང་བོད་ཀྱི་ནང་ཆོས་ལ་ཏན་ཏན་འབྲེལ་བའི་ཡུལ་ཁམས་ཞིག་རེད། དེ་བཞིན་ངས་བལྟས་ན་བོད་ཀྱི་ནང་ཆོས་འདི་འཛམ་གླིང་འདིའི་ཐོག་ཐུན་མོང་མ་ཡིན་པའི་ནང་ཆོས་ཞིག་གྱུར་པའི་རྒྱུ་མཚན་གཙོ་བོ་ཞིག་ནི། བོད་ཀྱི་ནང་བ་དག་གིས་རྒྱལ་བའི་བསྟན་བཅོས་རྟོགས་པ་ལ་འབད་པ་ཆེན་པོ་བྱས། དེ་ནས་རང་གིས་རྟོགས་པ་རྣམས་རྒྱུད་དུ་སྦྱར་ནས་ཉམས་ལེན་བྱས་པ་དེ་རེད།
སྔོན་དུ་བོད་ཀྱི་བླ་བཙུན་མང་པོ་ཞིག་ཆེན་པོ་ཧོར་ཡུལ་དུ་ཕེབས་ནས། གསུང་བསྒྱུར་དང་སློབ་ཁྲིད་སོགས་བྱས། དགེ་ལུགས་པའི་བསྟན་པ་འདི་ཧོར་ཡུལ་དུ་དར་རྗེས། དུས་རབས་བཅུ་དྲུག་པ་དང་བཅུ་བདུན་པའི་རྗེས་སུ་དགོན་སྡེ་དང་གཙུག་ལག་ཁང་མང་པོ་བཞེངས། ཧོར་གྱི་མི་མང་པོ་ཞིག་ཀྱང་དགོན་སྡེ་དག་གི་ནང་ཞུགས་ཡོད་པ་རེད། དེ་བཞིན་སོག་པོའི་གྲྭ་བཙུན་དག་དབུས་ཀྱི་ལྷ་ས་དང་མདོ་སྨད་སྐུ་འབུམ་བྱམས་པ་གླིང་སོགས་སུ་སློབ་གཉེར་དུ་སོང་ནས། བོད་ཀྱི་དགེ་བའི་བཤེས་གཉེན་དག་གི་མདུན་ནས་སློབ་གཉེར་མཐར་ཕྱིན་པ་བྱས་རྗེས། རིག་གནས་ཆེ་བ་དང་ཆུང་བ་ལྔའི་སྐོར་གྱི་བསྟན་བཅོས་མང་པོ་མཛད་ཅིང་། ཧོར་གྱི་མཁས་པ་ལྔ་བརྒྱ་ལྷག་གིས་བསྟན་བཅོས་སྣ་ཚོགས་བོད་ཡིག་ཏུ་བྲིས་ཡོད་པ་དང་། འདི་དག་གིས་བོད་དང་སོག་པོའི་རིག་གནས་སྤེལ་བའི་ཐད་ལ་བྱས་རྗེས་མི་དམན་པ་བཞག་ཡོད་པ་རེད། དེ་བཞིན་སོག་པའི་ལོ་ཙཱ་བ་མང་པོ་ཞིག་ཀྱང་བོད་ཡུལ་དུ་ཕེབས་ནས་སློབ་གཉེར་བྱས། དེ་ནས་བོད་ཀྱི་བསྟན་བཅོས་མང་པོ་ཞིག་སོག་ཡིག་ཏུ་བསྒྱུར་ཡོད་པ་རེད། སྔོན་གྱི་དུས་སུ་སོག་པོ་མཁས་པ་ཚོས་བོད་ཡིག་ནི་རྒྱ་ཁྱབ་ཏུ་སྤྱོད་བཞིན་པར་མ་ཟད། དུས་རབས་བཅུ་དྲུག་པའི་རྗེས་སུ་བོད་ཡིག་འདི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་ཅིག་ཏུ་ཆགས་ནས། ཧོར་གྱི་མི་ཕལ་བ་ཞིག་ཡིན་ཀྱང་ཁ་ཏོན་དང་སློབ་གཉེར་ཐམས་ཅད་བོད་ཡིག་ཐོག་ནས་བྱས་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད། སྐད་གྲགས་ཅན་གྱི་ཧོར་གྱི་མཁས་པ་ཆེན་པོ་པེ་རས་ལགས་ཀྱིས་བོད་ཡིག་ནི་སོག་པོར་མཚོན་ན། ལ་ཏིང་གི་སྐད་འདི་ཡོ་རོབ་དང་ཨ་རབ་ཀྱི་སྐད་འདི་ཨ་རབ་ཀྱི་རྒྱལ་ཁམས་དག་དང་འདྲོ་བོ་འདུག་ཅེས་གསུངས་པ་ལྟར་རེད།
རྗེ་བཙུན་དམ་པ་སྐུ་ཕྲེང་དང་པོ་དང་གཉིས་པ་མ་གཏོགས། སྐུ་ཕྲེང་རིམ་བྱོན་ཐམས་ཅད་བོད་དུ་སྐུ་འཁྲུངས་བས་བོད་སོག་ནི་ཆོས་ཀྱི་དམ་ཚིག་སྦྲེལ་བའི་རྡོ་རྗེ་སྤུན་གྲོགས་དང་ལ་རྒྱ་གཅིགཔ་རེད་ཅེས་བཤད་འདོད་པ་དེ་ཡིན། སྔོན་གྱི་ཧོར་གྱི་མཁས་པ་དག་གིས་རིག་གནས་བཅུའི་ཐད་ནས་བསྟན་བཅོས་མང་པོ་མཛད་པ་འདི་དག་ཀྱང་། བོད་ཀྱི་ཤེས་རིག་སྤེལ་བར་ནུས་པ་རྒྱ་ཆེན་པོ་ཐོན་ཡོད། ང་ཚོའི་ཞིབ་འཇུག་གི་ལས་ཀ་གཞན་ཞིག་ནི། སོག་ཡིག་ཐོག་ཡོད་པའི་དཔེ་དེབ་དག་ལ་སློབ་གཉེར་བྱས་ནས། དེ་དག་ལ་བོད་ཀྱི་ཤེས་རིག་གི་ཤན་ཤུགས་ཇི་ལྟར་ཡོད་མེད་དང་། སོག་པོའི་རང་གི་ཐུན་མོང་བའི་ཁྱད་ཆོས་ཇི་འདྲ་ཡོད་མེད་དེ་ལ་ཞིབ་འཇུག་བྱ་རྒྱུ་དེ་ཡིན། ང་ཚོའི་ཡབ་མེས་དག་གིས་རང་གི་མི་ཚེ་དང་། རིག་སྟོབས། ནུས་པ་ཡོད་ཚད་བཏོན་ནས་ནང་ཆོས་སློབ་གཉེར་བྱས་པ་དང་། དེ་ནས་སོག་ཡུལ་དུ་ནང་ཆོས་སྤེལ་བ་དེའི་སྐོར་གྱི་ལོ་རྒྱུས་དང་། དེ་དག་གི་རྣམ་ཐར་སོགས་ཞིབ་འཇུག་བྱ་རྒྱུ་ནི་ང་ཚོའི་འགན་ཁུར་རེད། སོག་པོའི་རང་བཙན་རང་བདག་ཐོབ་པ་ལ་མཐོ་པོའི་བླ་མ་དང་། དད་ལྡན་གྱི་མི་སེར་ཕལ་བ་གང་ཡིན་ཀྱང་མི་ཟད་པའི་བྱས་རྗེས་རླབས་ཆེན་བཞག་ཡོད་པར་མ་ཟད། བོད་ཀྱི་དགེ་བའི་བཤེས་གཉེན་ལྟར་སློབ་གཉེར་བྱས་པའི་སོག་པོའི་དགེ་བཤེས་ཚོས་སོག་པོའི་སྤྱི་ཚོགས་དང་རིག་གནས་ལས་དོན་ལ་མི་ཟད་པའི་བྱས་རྗེས་བཞག་ཡོད། དཔེར་ན། ཏཱ་བླ་མ་ཚེ་རིང་འཆི་མེད། ཅལ་ཧན་ཙུ་ཧུ་ཐོག་ཐུ། ཏེ་ལོ་པ་ཧུ་ཐོག་ཐུ། བློ་བཟང་རྟ་མགྲིན། ཡལ་གོ་སང་ཧོ་ཐུག་ཐུ་འཆི་མེད་ཚེ་རིང་། ཁོ་ཚོའི་རྣམ་ཐར་དང་། གསུང་འབུམ། ཆོས་ཀྱི་རྣམ་ཐར། སྤྱི་ཚོགས་ཀྱི་ལྟ་གྲུབ་རྣམས་ནི་དེང་རབས་ཅན་གྱི་གནས་སྐབས་འདི་རུ་ངེས་པར་ཏུ་ཞིབ་འཇུག་བྱེད་དགོས་པའི་ལས་དོན་གལ་ཆེན་ཞིག་ཆགས་བསྡད་ཡོད།
ཡིན་ནའང་། ད་དུང་གཙུག་ལག་སློབ་གཉེར་ཁང་ལ་བསྡུ་སྒྲིག་དང་ཞིབ་འཇུག་གི་ལས་ཀ་བྱེད་དགོས་ས་ཤིན་ཏུ་ནས་མང་པོ་རེད། དཔེར་ན་ལོ་རྒྱུ་ཐོག་གི་བོད་སོག་འབྲེལ་ལམ། སོག་པོའི་མཁས་དབང་དག་གིས་བྲིས་པའི་བོད་ཡིག་གི་བསྟན་བཅོས། ཁོ་ཚོའི་རྣམ་ཐར། ལྟ་གྲུབ། བོད་ཀྱི་ནང་ཆོས་དང་སོག་པོའི་ནང་ཆོས་གཉིས་ཀྱི་མི་འདྲ་ས་དང་། ཤུན་ཤུགས། སོག་རྒྱུད་བོད་དུ་སློབ་གཉེར་བྱས་པ་དག་གིས་ཧོར་རྒྱལ་ཁམས་ཆེན་པོ་ལ་བཞག་པའི་མཛད་རྗེས་སོགས་ལྟ་བུ་རེད། ང་ཚོའི་ཞིབ་འཇུག་གི་ཐབས་ལམ་དང་ཉམས་མྱོང་ཇེ་བཟང་དུ་གཏོང་ཐབས་དང་། སྔོན་ལས་ལྷག་པའི་ཞིབ་འཇུག་ཡག་པོ་བྱས་རྗེས། ང་ཚོས་བོད་ཀྱི་ཤེས་རིག་ཞིབ་འཇུག་གླིང་ཞིག་འཛུགས་རྒྱུའི་འཆར་གཞི་ཡོད་པར་མ་ཟད། རྒྱལ་ཁམས་གཞན་གྱི་མཁས་པ་དང་སློབ་དཔོན་དག་དང་འབྲེལ་ལམ་འཛུགས་རྩིས་ཡོད། ཁྱད་པར་ཏུ་སོག་པོའི་མཁས་པ་དག་གིས་བོད་ཡིག་ཏུ་བྲིས་པའི་བསྟན་བཅོས་དག་ལ་དམིགས་བསལ་གྱི་དོ་སྣང་བྱེད་པ་དང་གཞུང་ཆེན་པོ་དག་སློབ་གཉེར་དང་སློབ་ཁྲིད་བྱེད་འཆར་ཡོད། མཐར་ང་ཚོས་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཚོགས་འདུ་ཐེངས་བཅུ་གསུམ་པ་བདེ་ལེགས་ངང་འཚོགས་པ་དང་། ཐམས་ཅད་ཀྱི་ཞིབ་འཇུག་གི་ལས་དོན་འབྲས་བུ་མི་དམན་པ་ཡོང་བར་སྨོན། སྐལ་ལྡན་པད་ཡེས་ཀྱིས།
སོག་པོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་གླིང་བཙུགས་པའི་ཁྱབ་བསྒྲགས་བརྡ་ཡིག
སོག་པོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་གླིང་གི་འགོ་འཛིན། དགེ་རྒན་ཆེན་མོ་དབྱངས་ཅན་སྲི་རིང་ནས།
རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་མཐུན་ཚོགས་ཀྱི་ཚོགས་གཙོ། རྒན་ཁྲར་ཡར་སི་རམ་བྷོ་མཆོག་དང་། དྲུང་ཡིག་རྡི་གྷ་རྡི་ཏེན་པུར་གྷུ། དེ་བཞིན་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཐེངས་བཅུ་གསུམ་པར་ཕེབས་པའི་ཚོགས་མི་ཡོངས་ལ། ངས་སོག་པོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་གླིང་གི་ཚོགས་མི་ཡོངས་དང་ཞིབ་འཇུག་གླིང་གི་ངོས་ནས་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཐེངས་བཅུ་གསུམ་པ་བདེ་ལེགས་ངང་ཚོགས་ཐུབ་པའི་བཀྲ་ཤིས་སྨོན་འདུན་དང་བཅས་ཞུ་འདོད་པ་ནི། ཞིབ་འཇུག་གླིང་གི་ཚོགས་མི་རྣམས་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཐེངས་བཅུ་གསུམ་པ་ང་ཚོ་ཆེན་པོ་ཧོར་གྱི་རྒྱལ་ཁམས་ནས་ཚོགས་ཐུབ་པར་སྤྲོ་བ་ཆེན་པོ་བྱུང་། དེ་ནི་ང་ཚོ་ཧོར་གྱི་མི་རྣམས་སྔོན་གྱི་རིག་གནས་རྒྱུན་སྲོལ་དང་། མཁས་པའི་ལུགས་སྲོལ། སོག་པོ་དག་གིས་སྔོན་དང་ད་ལྟའི་བར་བོད་ཀྱི་ཤེས་རིག་དང་ནང་བའི་ཤེས་རིག་གི་ཐད་ལ་གང་གི་ཆ་ནས་མཛད་རྗེས་བཞག་ཡོད་པ་དེའི་ཕྱིར་ཡིན་པར་ངེས། ང་ཚོ་སྤྲོ་བ་ཆེན་པོས་འཛམ་གླིང་ཡོངས་ཀྱི་བོད་རིག་པའི་མཁས་དབང་དག་ལ་འབྲེལ་འདྲིས་མཐུན་ལམ་བྱེད་འདོད་ཡོད།
ཧོར་ལ་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་ལ་རིག་གནས་བཅུའི་མཚོན་པའི་བོད་ཡིག་གི་གཏིང་ཟབ་པའི་བསྟན་བཅོས་མང་པོ་ཡོད་པར་མ་ཟད། སོག་པོའི་རང་གི་སྐད་ཀྱི་ཐོག་ནས་སངས་རྒྱས་ཀྱི་མདོ་དང་རྒྱ་གར་གྱི་བསྟན་བཅོས་ཀྱང་མང་པོ་ཡོད། སོག་པོ་བོད་ཀྱི་ཤེས་རིག་ཞིབ་འཇུག་གླིང་གི་དམིགས་ཡུལ་གཅིག་ནི་སོག་པོའི་མཁས་དབང་དག་གིས་བོད་ཀྱི་ཡི་གེ་ཐོག་བྲིས་པའི་བསྟན་བཅོས་དག་རྒྱ་ཁྱབ་ཏུ་སྤེལ་ཐབས་དང་། ཞིབ་འཇུག་ལ་རྒྱབ་སྐྱོར། སྐུལ་སློང་བྱ་རྒྱུ་དེ་ཡིན།
སོག་པོའི་མཁས་པ་དག་དང་བོད་ཀྱི་ཤེས་རིག་དང་འབྲེལ་བ་ཡོད་པའི་ཚོགས་པ་ཁག་གིས་རྒྱ་གར་འཕགས་ཡུལ་དང་བོད། སོག་ཡིག་གི་བཀའ་དང་བསྟན་བཅོས་སོགས་ལ་ཞིབ་འཇུག་བྱེད་བཞིན་ཡོད། ཆེན་པོ་ཧོར་གྱི་རྒྱལ་ཁམས་ཀྱི་གཙུག་ལ་བསླབ་གྲྭའི་མཁས་པ་དག་གིས་རྒྱ་གཞུང་དང་། དེ་དག་གི་འགྲེལ་བ་བོད་སོག་གི་བླ་མ་རྣམས་ཀྱིས་མཛད་པ་ཞིབ་འཇུག་བྱེད་བཞིན་ཡོད་པ་ལ། གཞུང་བཀའ་པོད་ལྔའི་ཡིག་ཆའང་དཔར་སྐྲུན་བྱས་ཚར་ཡོད། ཉེ་ལམ་དགའ་ལྡན་ཆོས་གླིང་ཞིབ་འཇུག་གླིང་གིས་ནོ་ཡན་ཧོ་ཐོག་ཐུ་སྐུ་ཕྲེང་བཞི་པའི་ཡོངས་འཛིན་བློ་བཟང་མི་འགྱུར་རྡོ་རྗེའི་གསུང་འབུམ་ཆ་ཚང་དཔར་སྐྲུན་བྱས་པ་དང་། བཀའ་འགྱུར་དང་བསྟན་འགྱུར་ཀྱང་དེང་དུས་ཀྱི་སོག་ཡིག་གི་ལམ་དག་སྒྲིག་བྱེད་བཞིན་ཡོད་པའང་། ལམ་ལྷོངས་དང་ལེགས་ལམ་དུ་བསྐྱོད་བཞིན་པ་དང་། དེ་བཞིན་ཉེ་ལམ་སོག་པོ་ཚན་རིག་གླིང་གིས་ཀྱང་དཔེ་དེབ་གལ་ཆེན་འགའ་ཤས་དཔར་སྐྲུན་བྱས་འདུག
ལོ་རྒྱུས་ལ་བལྟས་ནས་བཤད་ན། ངོ་ཚོ་སོག་བོད་གཉིས་ལ་རྗེ་ཙོང་ཁ་བའི་གསུང་འབུམ་དང་། བུ་སྟོན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ། ངག་དབང་དཔལ་ལྡན་གྱི་གསུང་འབུམ། ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པའི་གསུང་འབུམ་འདུག་ཅིང་། ཁྱད་པར་ཏུ་ངག་དབང་དཔལ་ལྡན་དང་ཧོ་རིན་བླ་མ་མཚོ་སྐྱེས་གཉིས་ཀྱིས་རྗེ་ཙོང་ཁ་བའི་ལམ་རིམ་དཔེ་བརླག་མ་བསྐྱར་དུ་རྙེད་པས་དེའི་ཐད་ལ་དམིགས་བསལ་ལྟ་བུ་རེད།
ཆེན་པོ་ཧོར་གྱི་ཡུལ་ནི་འཛམ་གླིང་གི་རྒྱལ་ཁམས་ཆེ་ཉུང་ཤོས་ནང་གི་སངས་རྒྱས་ཀྱི་བསྟན་པ་འདི་བོད་ཡིག་དང་སོག་ཡིག་གཉིས་ཀྱི་ཐོག་ནས་ཡོད་པ་གཅིག་ཡིན། དེའི་ཕྱིར་སོག་པོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་གླིང་གིས་སེམས་དང་བསམ་པའི་ཐོག་ནས་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་མཐུན་ཚོགས་དང་འབྲེལ་ལམ་བཙུགས་ནས་ཕྱིས་སུ་ཧོར་ཡུལ་དུ་བོད་ཀྱི་ཤེས་རིག་དར་སྤེལ་དང་རྒྱུན་འཛིན་བྱེད་པའི་རེ་བ་འཛིན་བཞིན་ཡོད།
བཀུར་འོས་ཀྱི་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་མཐུན་ཚོགས་ཀྱི་ཚོགས་གཙོ། རྒན་ཁྲར་ཡར་སི་རམ་བྷོ་མཆོག་དང་། དྲུང་ཡིག་ཧར་རྡིགྷ་རྡི་ཏེན་པུར་གྷུ། དེ་བཞིན་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཐེངས་བཅུ་གསུམ་པར་ཕེབས་པའི་ཚོགས་མི་རྣམ་པ། ང་ཚོ་སོག་པོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་གླིང་གིས་ཚོགས་འདུ་འདི་བདེ་ལེགས་ངང་ཚོགས་ཐུབ་པའི་བཀྲ་ཤིས་སྨོན་འདུན་དང་། བོད་སོག་བར་གྱི་ཆོས་དང་ཤེས་རིག་མུ་ནས་མུ་མཐུད་དུ་འཕེལ་བའི་རེ་བ་ཞུ་བཞིན་ཡོད།
བསྒྱུར་པ་པོ། བློ་བཟང་ཡོན་ཏན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com