དོན་གྲུབ་རྒྱལ་གྱི་མི་གཞིའི་གས་ཁ་དང་དེས་དེང་རབས་ལ་བྱིན་པའི་བློ་བསྐྱེད།
བོད་ཀྱི་རྩོམ་པ་པོ་གྲགས་ཅན་དོན་གྲུབ་རྒྱལ་ལགས།
སྤྱི་ཚོགས་གསར་བའི་བོད་ཀྱི་ཡོན་ཏན་པའི་ཁྲོད་ནས་གསར་གཏོད་ཀྱི་སྙིང་སྟོབས་ལྡན་པ་དང་། ཁེར་ཚུགས་ཀྱི་བསམ་གཞིག་ནུས་པ་ལྡན་པ། དུས་རབས་ཀྱི་དགོངས་དོན་མི་གཞིའི་ཆ་ནས་མངོན་པར་མཚོན་མཁན་ཞིག་འདྲེན་དགོས་ན། དོན་གྲུབ་རྒྱལ་ཐོག་མར་བགྲང་བར་འགྱུར་བ་ལ་ཐེ་ཚོམ་མེད། གོམས་གཤིས་དང་རྒྱུན་སྲོལ་ལ་མགོ་མི་སྒུར་བའི་གསར་གཏོད་ཀྱི་སྙིང་སྟོབས་དང་། དེ་ལས་བྱུང་བའི་མི་གཞིའི་མཛེས་སྡུག་གིས་ཁོང་ཉིད་སྤྱི་ཚོགས་གསར་བ་དང་དུས་སྐབས་གསར་བའི་ནང་གི་བོད་ཀྱི་མི་གཞི་གསར་བའི་མཚོན་དཔེ་རུ་གྱུར་ཡོད། ཁོང་གི་ཡོན་ཏན་ཐམས་ཅད་དང་བསྔགས་བརྗོད་ཐམས་ཅད་གཞི་དེ་ནས་བྱུང་དང་འབྱུང་བཞིན་ཡོད། ང་ཚོས་ངོས་ཟིན་དེ་དག་གཙོ་བོ་གཅིག་ན་ཁོང་གི་བརྩམས་ཆོས་ལས་བྱུང་བ་དང་། གཉིས་ན་ཁོང་གི་མི་ཚེའི་ལོ་རྒྱུས་ཀྱི་ལག་ལེན་དངོས་ཀྱི་མཐོང་ཐོས་ལས་བྱུང་བ་ཞིག་ཡིན། “མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ། བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད”ཅེས་པ་ལྟ་བུ་དང་། “རྙིང་ཞེན་གྱི་མཁའ་དབྱིངས་འདིར། བག་ཆགས་ཀྱི་ཆུ་འཛིན་ལང་ལོང་གཡོ་བ་དང་། བག་འཁུམས་ཀྱི་གློག་ཞགས་ཤིག་ཤིག་ཏུ་འཁྱུག་པ་ལྟར་སྣང་ཡང་། སྔོན་ཐོན་གྱི་སྦྲང་ཆར་ཟིམ་ཟིམ་དུ་འཇོ་བའི་སྐལ་བ་ནི་ཕྲ་ཙམ་གདའ”ལྟ་བུ་བོད་ཀྱི་ལོ་རྒྱུས་སྟེང་གི་སྲོལ་རྒྱུན་ལ་རྒོལ་བའི་ཐ་ཚིག་དང་པོ་དང་། ད་ལྟ་བའི་གནས་བབ་ཡ་ང་བ་ལ་སྙིང་རླུང་སྟོད་དུ་འཁྲུགས་ནས་འདས་པའི་སྔོན་ཆད་ལ་གདེང་འཇོག་སླར་ཡང་བྱས་པའི་རིན་ཐང་ལྟ་བ་གསར་བ་ཞིག་གི་དབུ་བརྙེས་པའི་མཚོན་བྱེད་ཀྱང་ཡིན། ད་ལྟ་ཡིན་ཀྱང་ཁོའི་སྙན་ཚིག་དེ་དག་ནི་རྙིང་ཞེན་ལ་རྒོལ་བའི་དར་ཆ་ཆེས་དམར་པོ་ཞིག་གི་ཚུལ་དུ་སྒྲེང་བཞིན་ཡོད།
སྒྲུང་གཏམ་གྱི་ཐད་ནས་ཀྱང་དེ་ལྟར་དུ《འབྲོང་སྟག་ཐང》དང《སད་ཀྱིས་བཅོམ་པའི་མེ་ཏོག》སོགས་ཀྱིས་གོམས་སྲོལ་རྙིང་བ་དང་བསམ་བློ་རྙིང་བའི་མཚང་དམར་རྗེན་དུ་ཕྱུང་བར་མ་ཟད། 《སྤྲུལ་སྐུ》ཡིས་བོད་ཀྱི་སྒྲུང་གཏམ་གྱི་བརྗོད་བྱ་གུ་དོག་པའི་ཆ་ལས་ཡོངས་སུ་འགོངས་པར་མཛད་ནས་བོད་ཁམས་ཡོངས་རྫོགས་གཡོམ་ཞིང་འཁྱོམ་པར་མཛད། རྩོམ་དེ་སྤེལ་པའི་རྗེས་ནས་ཁོང་ལ་འཇིགས་སྣ་ཚོགས་བསྐུལ་པའི་གཏམ་ཐོས་རྒྱུ་ཡོད་པ་དེ་དག་བདེན་རྫུན་ཇི་ལྟར་ཡིན་ཀྱང་། སྣང་ཚུལ་དེས་རྩོམ་དེ་བོད་མི་མང་བོ་ཞིག་གི་བློ་ཡུལ་ལས་འདས་ནས་ཁོ་ཚོའི་བློ་ཁོག་ཏུ་མ་ཆུད་པའི་ངང་ཚུལ་དེ་གསལ་བར་བསྟན།
ཁོང་གི་བསམ་བློ་དང་སྐད་ཆ་དེ་དག་ནི་སྐབས་དེའི་བོད་ལ་མཚོན་ན། བསྐལ་པ་སྟོང་དུ་གོམས་པའི་གོམས་གཤིས་ལ་ངོ་ལོག་བྱས་པ་ཞིག་ཡིན་པས། ཁོང་ནི་སྲོལ་རྒྱུན་ལ་ངོ་ལོག་བྱེད་པའི་མི་གཞི་གསར་བ་ཞིག་ཏུ་བསམས་ཡོད། དེའི་སྟེང་ཁོའི་འཚོ་བའི་ཁྲོད་ཀྱི་ལུས་ངག་གི་སྦྱོར་བ་དངོས་ཀྱི་ཆ་ནས་དད་ཞིང་དང་གུས་ཞིང་མེད་པའི་ཚུགས་ཐུབ་ཀྱི་མི་གཞི་དང་། གང་ལའང་འཛེམ་དོགས་མེད་པའི་སྙིང་སྟོབས་དེ་གཅིག་ནས་གཉིས་སུ་བརྒྱུད་པས། རྩོམ་རིག་བརྩམས་ཆོས་ཀྱིས་བྱིན་པའི་ཁོང་གི་མི་གཞི་གསར་བའི་སྣང་བརྙན་དེ་ཇེ་གསལ་དུ་གྱུར་པ་དང་། ལྷག་པར་ཁོང་གི་འཚོ་བའི་ཁྲོད་ཀྱི་ལུས་ངག་གི་སྦྱོར་བ་དང་། རྩོམ་རིག་བརྩམས་ཆོས་གཉིས་གཅིག་གྲོགས་གཅིག་ཏུ་གྱུར་ཏེ་ཁོང་གི་མི་གཞི་གསར་བའི་ཆ་དེ་ལ་བདེན་པའི་ར་སྤྲོད་དུ་གྱུར་ནས་གསར་བའི་མཚོན་དོན་དུ་གྱུར་པའི་ཁོང་གི་སྣང་བརྙན་ཇེ་གསལ་ནས་ཇེ་བརྟན་དུ་གྱུར་པའོ།།
ངས་བསམས་ན་ཁོང་གི་མི་ཚེ་དངོས་ཀྱི་སྦྱོར་བ་དེ་ཁོང་གི་མི་གཞི་གསར་བའི་སྣང་བརྙན་སྐྲུན་པ་ལ་མཚོན་ན་མེད་དུ་མི་རུང་བ་ཡིན་པར་མ་ཟད། ད་དུང་རྒྱུ་རྐྱེན་གཙོ་བོ་ཞིག་རེད་སྙམ། ཁོང་གི་མི་ཚེའི་སྦྱོར་བ་དངོས་ཀྱི་ཡིག་ཆ་ཞིབ་མོ་འཐུས་ཚང་ཅན་ཞིག་ད་ལྟ་དོན་གྲུབ་རྒྱལ་ཞིབ་འཇུག་ལས་འདོན་སྤྲོད་བྱེད་ཐུབ་མེད་ཀྱང་། ངག་སྒྲོས་ཐན་ཐུན་མང་བོ་ཞིག་གང་ནས་ཀྱང་གོ་ཐུབ་ལ། དེ་དག་སྤྱིར་ཁོང་གི་གཤིས་ཀ་དང་ཤིན་ཏུ་འཚམ་པས་ན། དེ་དག་གི་བདེན་ཐུབ་རང་བཞིན་ལ་ཐེ་ཚོམ་ཆེན་པོ་མེད། ཁོང་གི་གྲོགས་པོ་གཉའ་ཟླ་བ་བློ་གྲོས་ཀྱི་གསུང་ན། “རང་གཞན་གྱི་སྐྱོན་རྣམས་མངོན་སུམ་གྱིས་བརྗོད་པ་ལ་ཐེ་ཚོམ་མེད་ཅིང་། གཞན་སྐྱོན་ལྐོག་ནས་རང་ཉིད་ཀྱིས་བཀྱོན་པ་མེད་ལ་སུ་ཞིག་གིས་བརྗོད་པ་གསན་ནའང་སྐྱོན་ཐོག་ལ་ཕྱག་མཛུབ་ཨེ་འཛུགས་མི་འཛུགས་མེད། ལོག་འཚོ་ལྔ་ལ་བརྟེན་པའི་རིགས་འདྲ་གཟིགས་ན་ཐུགས་ཤིན་ཏུ་མི་དགྱེས་པའི་ངང་མཚང་འདྲུ་མཛད་པའང་རྒྱུན་དུ་མཐོང་ཐུབ”ཅེས་སྲོལ་རྒྱུན་གྱི་ཁྱོད་བཟང་ང་བཟང་མི་སྨྲ་བའི་བརྟུལ་ཞུགས་འཆང་བ་ཡ་རབས་སུ་ལྟ་བའི་ཀུན་སྤྱོད་ལྟ་ཚུལ་ལས་འདས་པའི་ཁོང་གི་མི་གཞི་གསར་བའི་ཆ་གསལ་བར་བསྟན་ཡོད་པ་དང་། ཁོང་གི་སྐུ་དངོས་ཀྱི་འཕྲིན་ཡིག་གྲོགས་གསང་བདག་ལ་སྤྲིངས་པ་ཞིག་ན། “གལ་སྲིད་དེ་ལྟ་མ་ཡིན་ན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་རུ་མཐོང་བའི་བླ་ཆེན་དེ་དག་ཀྱང་འཁོར་བ་ལ་སྲེད་དོན་ག་ལ་ཡོད། ངས་བལྟས་ན། སྡུག་བསྔལ་ཁྲོད་ཀྱི་བདེ་བ་ནི་དག་པའི་ཞིང་ཡིན་ལ། བདེ་སྐྱིད་ཁྲོད་ཀྱི་སྡུག་བསྔལ་ནི་དམྱལ་བའི་ཁམས་རེད། དེའི་ཕྱིར་རང་རེ་ནི་སངས་རྒྱས་གསོན་པོའང་ཡིན་ལ། གཤིན་རྗེ་ཤི་བོ་ཡང་རེད། ངག་ལས་སེམས་ཅན་ཐམས་ཅད་ཀྱི་འཕྲིན་ལས་སྒྲུབ་པར་ཁས་འཆེས་ཀྱང་། དོན་ལ་རང་དོན་འབའ་ཞིག་མ་གཏོགས་བསམ་རྒྱུ་མེད་པའི་སེར་མོ་པ་འདི་དག་གི་ནང་དུ། རྒོན་བྲོ་བའི་ཨ་ཙ་ར་ཤིན་ཏུ་མང་སྟེ། གདོང་ལ་འབག་གྱོན་ནས་འཆམ་བྱེད་མཁན་དང་ཕྱོགས་མཚུངས་པས་སོ།། ཁོ་བོ་ནི་བསྟོད་སྨད་ཀྱི་འབེན་དུ་གྱུར་ཀྱང་རུང་གིས་ཚེ་འདིར་དེ་དག་གི་ལྡོག་ཟླར་མཐའ་གཅིག་ཏུ་ལང་རྩིས་ཡོད”ཅེས་སྲོལ་རྒྱུན་བོད་མིའི་མགོ་སྔས་ཀྱི་གཏད་ས་དང་། མི་ཚེ་ཡི་སྙིང་བོ་འཚོལ་ས་སེར་མོ་པའམ་ཆོས་ལུགས་པ་ལ་དེ་ལྟར་མཐའ་གཅིག་ཏུ་རྩིས་མེད་དུ་གཏོང་བའི་ཆོད་སེམས་ཀྱིས་ཁོང་གི་སྲོལ་རྒྱུན་དང་མི་འདྲ་བའི་མི་གཞི་གསར་བ་ནི་དེ་ལྟར་དུ་འབུར་དུ་ཐོད་ལ། གཟེངས་སུ་ཐོན་ཅིང་། མིག་ལ་འཚེར་བ་ཞིག་ཏུ་བསྒྲུབས་ཡོད།
ཁོང་གི་སྲོལ་རྒྱུན་གྱི་བསམ་སྤྱོད་ལ་ཁ་རྡུང་གཏོང་བའི་དགག་རྒྱག་གི་བསམ་བློ་དང་། ཁོང་གི་སྲོལ་རྒྱུན་གྱི་ཀུན་སྤྱོད་ཚད་ཐིག་དང་ཁ་གཏད་དུ་འགྲེང་བའི་མི་གཞི་ཡིས། ཁོང་ཉིད་དུས་སྐབས་དེར་མ་ཟད། ད་ལྟའི་དུས་ཀྱི་ཆར་ཡང་མི་གཞི་གསར་བ་ཞིག་གི་མཚོན་བྱེད་དུ་སེམས་བཞིན་པའི་ཆ་ལ་མང་དུ་སྨྲ་མི་དགོས་ཏེ། ང་ཚོ་དེའི་ཐད་དུ་ཐམས་ཅད་ཁ་གཅིག་ཏུ་མཚུངས་སོ།། ད་སྔ་ང་ཚོས་མཉམ་མ་བཞག་པའི་ཆ་ཞིག་ཡོད་པ་ནི། ཁོང་གི་རྩོམ་རིག་བརྩམས་ཆོས་དེ་དག་ཞིབ་ཏུ་བཀླགས་ན། གོང་སྨོས་ཀྱི་ཁོང་གི་གསར་བ་ནང་སྙིང་དུ་གྱུར་པའི་མི་གཞི་དང་མི་འདྲ་བའི་མི་གཞིའི་ནང་དོན་གཞན་ཞིག་ཡོད་པ་དེ་རེད།
“མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ། བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད”ཅེས་ལོ་རྒྱུས་ཀྱི་རིན་ཐང་ལྟ་བ་གསར་བ་ཞིག་ཚུགས་པའི་ཐོག་ནས་རྙིང་ཞེན་ལས་ཐར་རྒྱུའི་ཐ་ཚིགས་དང་པོ་གོང་ནས་བསྟན་པ་ལྟར《ལང་ཚོའི་རྦབ་ཆུ》ཡིས་བསྒྲགས་ཡོད་ཀྱང་། 《ལང་ཚོའི་རྦབ་ཆུ》ལ་ཧྲིལ་གྱིས་བལྟས་ན། སྲོལ་རྒྱུན་གྱི་རིག་གནས་འདོར་དགོས་པའི་ལྟ་ཚུལ་ཅུང་ཟད་ཀྱང་མེད། དེ་ལས་ལྡོག་སྟེ་མི་རབས་གསར་བ་ཞིག་ལ་རེ་ལྟོས་ཆེན་པོ་བཅངས་ནས། “ཚན་རིག་གི་གཞོན་ནུ་མག་པར་ལེན”དགོས་པ་དང་“ལག་རྩལ་གྱི་བུ་མོ་བག་མར་བསུ”དགོས་པར་མ་ཟད། སྙན་ངག་གི་རྟ་མཆོག་དང་། སྡེབ་སྦྱོར་གྱི་གླང་ཆེན། མངོན་བརྗོད་ཀྱི་སེང་གེ་དང་། ཟློས་གར་གྱི་བུ་ཆུང་། སྐར་རྩིས་ཀྱི་ཕ་ཤུལ་དང་། ཚད་མའི་མེ་ཏོག་དང་ནང་རིག་འབྲས་བུ་སོགས་མདོར་ན་རིག་གནས་གསར་རྙིང་གཉིས་ཀ་ཕྱོགས་ཐམས་ཅད་ནས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་ལྟ་བ་བཏོན་ཡོད། དེ་བཞིན་དུ《རྐང་ལམ་ཕྲ་མོ》རུ་ཡང་རྩོམ་གྱི་མཇུག་ན། “ང་རྐང་ལམ་དང་གཞུང་ལམ་གཉིས་ཀྱི་མཚམས་སུ་ལངས་ཏེ་འདས་པའི་བྱ་བ་རྣམས་ལ་དྲན་གསོས་པ་དང་། གྱ་གྱུའི་རྐང་ལམ་ཕྲ་མོའི་དབེན་ཞིང་ཁ་ཁུ་སིམ་པའི་རྣམ་པ་དང་། ཡངས་ཤིང་རྒྱ་ཆེ་ལ་རི་སྐེད་འཕྲེད་དུ་གཏུབས་པའི་གཞུང་ལམ་ཐོག་གི་རླངས་འཁོར་དང་། ཤིང་རྟ། ལག་འདྲུད་འཁོར་ལོ་སོགས་འགྲོ་འོང་བྱེད་པའི་འདུ་འཛི་ལ་ལྟ་བཞིན། ངའི་སེམས་ལ་རང་རེའི་མི་རིགས་དང་རང་གི་ཕ་ཡུལ་དྲན་པ་དང་། ངའི་མིག་ལམ་དུ་མཚར་སྡུག་འོད་སྟོང་འབར་བའི་མདུན་ལམ་ཞིག་ཤར་པའི་མོད་ལ། ངའི་གོམ་པའང་རང་དབང་མེད་པར་གཞུང་ལམ་གྱི་ཕྱོགས་སུ་སྤོ་དགོས་བྱུང་”ཞེས་སྲོལ་རྒྱུན་རིག་གནས་ཀྱི་མཚོན་དོན་རྐང་ལམ་ཕྲ་མོ་དོར་ནས། དེ་ལས་ལྡོག་པའི་རིག་གནས་གསར་བའི་མཚོན་དོན་ཅན་གྱི་གཞུང་ལམ་དུ་ཞུགས་པར་གསལ་བར་བསྟན་ཡོད་ཀྱང་། རྩོམ་ཧྲིལ་བོ་ལ་གཞིགས་ན། ཁོང་གི་ཐུགས་ཀྱིས་དམིགས་ས་གཙོ་བོ་རྐང་ལམ་ཕྲ་མོ་ཡིན་ལ། སེམས་ཁུར་བྱ་སའང་དེ་ཡིན། དེ་ཉིད་རྒྱ་བསྐྱེད་རྒྱུ་དང་ཞིག་གསོ་བྱ་རྒྱུ་རྩོམ་གྱི་བསམ་བློ་གཙོ་བོའོ།། དེ་ཉིད་རྩོམ་རིག་མ་ཡིན་པའི་སྐད་ཀྱིས་བཤད་ན། རིག་གནས་གསར་བ་དར་དགོས་པར་མ་ཟད། དེ་ལས་ཀྱང་གལ་ཆེ་བ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་སྤེལ་གྱིས་འཛིན་སྐྱོང་སྤེལ་གསུམ་ལྷན་གྱིས་བྱ་དགོས་པ་དེ་ཡིན་པས། ཁོང་གི་སེམས་ཀྱི་དམིགས་ས་སྲོལ་རྒྱུན་རིག་གནས་ཀྱི་འཛིན་སྐྱོང་ཡིན་ལ། རྩོམ་གྱི་བསམ་བློ་གཙོ་བོའང་དེ་ན་ཡོད།
སྒྲུང་གཏམ《ཤ་དང་རུས་པའི་བརྩེ་དུངས》དང་《རྒྱུ་འབྲས་མེད་པའི་མནའ་མ》གཉིས་ལ་མཚོན་ནའང་། རྩོམ་གྱི་བསམ་བློ་གཙོ་བོ་ཕ་མ་ལ་དྲིན་དྲན་པའི་སྒོ་ནས་དྲིན་གཟོ་དགོས་པའི་འབོད་སྐུལ་དང་། དྲིན་ལན་ལོག་འཇལ་བྱེད་པ་ལ་ཁ་རྡུང་དྲག་པོ་གཏོང་བའི་སྲོལ་རྒྱུན་གྱི་ཕ་མར་བཀུར་གཟོའི་བསམ་བློ་ལས་འདས་མེད། ཕ་མར་བཀུར་གཟོའི་བསམ་བློ་དེ་སྲོལ་རྒྱུན་གྱི་བསམ་བློ་རེད། དེ་བསམ་བློ་གསར་བ་དང་མི་མཐུན་ཞེས་པ་ནི་གཏན་ནས་མ་ཡིན་པར། གཙོ་བོ་རྩོམ་པ་པོ་ཁོང་གིས་རྩོམ་ལ་བློས་བསླང་བྱེད་པའི་སྐབས་དང་། ཡང་ན་ཁོང་གིས་དེ་ལྟ་བུའི་དངོས་ཡོད་ཀྱི་འཚོ་བ་ལ་ལྟ་དུས་སུ། ཁོང་གིས་མི་ཆོས་རིང་ལུགས་ཁོ་ནའི་ངོས་ནས་བལྟས་པས། འཚོ་བའི་ཁྲོད་ཀྱི་ཉོག་འཛིངས་ཀྱི་ནང་དོན་ཡོངས་ལ་ལྟ་མ་ཐུབ་ཅིང་། ཁོང་ལ་མི་ཆོས་ཀུན་སྤྱོད་ཀྱི་མཐོང་སྣེ་གཅིག་པོ་མ་གཏོགས་པའི་དེའི་ཁྲོད་ན། ད་དུང་ལོ་རྒྱུས་འཕེལ་རྒྱས་ཀྱི་གེགས་སུ་གྱུར་པའི་“སྙིགས་མའི”ཆ་ཡོད་པ་མཐོང་མ་ཐུབ་པའི་“མིག་དབང་གསར་བ་”དང་མཐོང་སྣེ་གཞན་པ་མེད་པ་དེས་ཁོང་གི་མཐོང་སྣེ་དེ་ཆིག་རྐྱང་དུ་སྣང་བར་བྱས་ལ། དེའི་ངང་ནས་ཁོང་གི་རིན་ཐང་གི་འཁྱེར་སོ་དེ་ཡང་དེ་ལྟར་དུ་མི་ཆོས་ཀྱི་རིན་ཐང་ལ་དམིགས་པ་ཁོ་ན་ལས། ལོ་རྒྱུས་ཀྱི་རིན་ཐང་ལ་གཏན་ནས་བསམ་བློ་འཁོར་ཐུབ་མེད་པའི་བསམ་བློའི་བཀག་རྒྱ་བྱུང་བ་རེད། མི་ཆོས་ཀྱི་རིན་ཐང་དང་ལོ་རྒྱུས་ཀྱི་རིན་ཐང་གཉིས་འགལ་བ་རུ་གནས་ཡོད་པའི་སྐབས་སུ་གདམ་གསེས་ཤིག་བྱ་དགོས་ཚེ། རྩོམ་པ་པོས་ཐེ་ཚོམ་མེད་པའི་སྒོ་ནས་མི་ཆོས་ཀྱི་རིན་ཐང་བདམས་ནས་ལོ་རྒྱུས་ཀྱི་རིན་ཐང་སྣང་མེད་དུ་བསྐྱུར་པ་རེད།
སྒྲུང་གཏམ《ཤ་དང་རུས་པའི་བརྩེ་དུངས》ལ་མཚོན་ན། ཕའི་ཁ་ལེན་ཚིག་བརྩི་བྱེད་པ་ཡ་རབས་ཀྱི་སྤྱོད་པ་ཡིན་ལ། དེ་ལ་མི་ཆོས་ཀྱི་རིན་ཐང་ཡོད་པ་ཡིན། ཡངས་པའི་རྒྱལ་ཁམས་འགྲིམས་ནས་ལྷ་བྲིས་པ་རང་གི་ལས་དོན་ཡིན་ལ་རང་གི་མི་ཚེའི་རིན་ཐང་མངོན་དུ་བྱ་ཚུལ་ཡིན། དེ་འདྲའི་འཚོ་སྟངས་ཤིག་གི་ངོས་ནས་སྤྱི་ཚོགས་ཀྱི་ལོ་རྒྱུས་གོང་དུ་འཕེལ་བ་ཡིན་པས། དེ་ལ་ལོ་རྒྱུས་ཀྱི་རིན་ཐང་ཡོད་པ་ཡིན། འོན་ཀྱང་། རྩོམ་པ་པོ་མཐའ་གཅིག་ཏུ་མི་ཆོས་ཀྱི་ངོས་ནས་ལངས་པས། ཨ་ཁུ་ལྷ་བཟོ་ལ་དེ་ལྟའི་གདམ་གསེས་ཀྱི་ཕྱོགས་གཉིས་ཀར་ཡང་དོན་སྙིང་ཡོད་པའི་འགལ་བ་ཞིག་ཡོད་པ་རྩོམ་པ་པོས་མཐོང་མ་ཐུབ། དེ་བས། སྐབས་ཐོག་དེར་ཕ་ཕྱི་མིའི་ཡུལ་དུ་འདས་ཟིན་པ་ལ་མི་ཆོས་ཀུན་སྤྱོད་ཀྱི་འགྱོད་གདུང་ཁོ་ན་ལས། ཕྱི་ཕྱོགས་སུ་སོང་ནས་རང་ཉིད་ཀྱི་ལས་དོན་འཁྱོངས་པའི་སྒེར་མིའི﹙个体﹚ཁེ་ཕན་དང་དང་སྒེར་མིའི་མི་ཚེའི་རིན་ཐང་མངོན་དུ་བྱེད་ཚུལ་རྩོམ་ནང་སྟོང་ཆད་དུ་ལུས་ནས་ཡོད། དེས་ལོ་རྒྱུས་ལ་སྐུལ་འདེད་བྱེད་པའི་ལོ་རྒྱུས་རིན་ཐང་ཐད་ཀྱི་དགེ་མཚན་ལ་རྩོམ་པ་པོས་ངོས་ཟིན་ཆེན་པོ་བྱེད་ཐུབ་མེད། དེང་གི་བོད་ཀྱི་སྤྱི་ཚོགས་ཀྱི་གནས་བབ་དང་དུས་རབས་ཀྱི་དགོངས་པའི་ཆ་ནས་བཤད་ན། མི་ཆོས་ཀྱི་རིན་ཐང་གིས་ལོ་རྒྱུས་ཀྱི་རིན་ཐང་མནན་ནས་ཡོད་པའི་གདམ་གསེས་དང་བསམ་བློའི་འཁྱེར་སོ་དེ་དག་བསམ་བློ་གསར་བའི་ངང་ཚུལ་མ་ཡིན་ལ། དེ་འདྲ་འདོན་པ་བསམ་བློ་པའི་ངང་ཚུལ་ཀྱང་མ་རེད།
བཤད་བྱ་འདི་ཁོང་གི་སྒྲུང་གཏམ་གཞན་ཞིག་གི་སྟེང་ནས་བདེ་བླག་ཏུ་གོ་ཐུབ་སྟེ། 《རྒད་པོ་བློ་གྱོང》ཞེས་པའི་རྩོམ་དེའི་ཁ་བྱང་ལ་བལྟས་པ་ཙམ་གྱིས། སྒྲུང་གཏམ་དེས་རྒད་པོ་རྙིང་ཞེན་ཚི་དྲེག་ཅན་ཞིག་གི་རྙིང་ཞེན་དང་བག་འཁུམས་ཀྱི་བསམ་བློ་ལ་འཕྱ་དམོད་དང་སུན་འབྱིན་མཛད་ངེས་ཡིན་པའི་རྣམ་རྟོག་ཅིག་ང་ཚོ་ཀུན་ལ་འཆར་ངེས། རྒྱུ་མཚན་ནི། “རྩོམ་འདི་དོན་གྲུབ་རྒྱལ་གྱིས་བརྩམས་པས་སོ།།”ཡིན་ནའང་། རྩོམ་དངོས་ནི་དེ་ལས་ལྡོག་སྟེ། ཁོས་དགག་པ་གཏོང་ས་ནི་རྒད་པོ་བྱ་དངོས་གསར་བ་ལ་དགའ་མཁན་ཞིག་རེད། བརྩམས་ཆོས་ལས་དངོས་སུ་བསྟན་པ་ལྟར། “རྒད་པོ་བློ་གྱོང་ལ་ཁྱད་ཆོས་མངོན་པར་གསལ་བ་ཞིག་ཡོད་པ་ནི་བྱ་དངོས་གསར་བ་དང་ལེན་དང་དེའི་ལད་མོ་བྱེད་པར་དགའ་བ་དེ་རེད།”རྒད་པོ་དེ་ལྡོག་ཕྱོགས་ཀྱི་མི་སྣ་སྟེ་རྩོམ་པ་པོས་དགག་པ་བྱ་ས་ཡིན་པ་མ་གཏོགས། དྲང་ཕྱོགས་ཀྱི་མི་སྣ་སྒྲུབ་པ་བྱ་ས་མ་རེད། དེ་ཇི་ལྟར་བཤད་ཀྱང་ང་ཚོ་ཀློག་པ་པོ་དག་གི་ཀློག་འདོན་གྱི་རེ་ལྟོས་དང་ཚོད་དཔག་ལས་ལོག་པ་ཞིག་དང་། ང་ཚོས་རྩོམ་པ་པོ་ལ་འཆང་བའི་རྒྱུན་གྱི་རྩོམ་པ་པོའི་སྣང་བརྙན་དང་འགལ་བ་ཞིག་ཡིན་ངེས། ཁོང་གི་བརྩམས་ཆོས་《སྤྲུལ་སྐུ》ལས་ཀྱང་གནད་དེ་མཐོང་ཐུབ་སྟེ། ང་ཚོས་《སྤྲུལ་སྐུ》དེ་ཁོང་གི་མི་གཞི་གསར་བའི་ཆ་མཚོན་བྱེད་ཅིག་ཏུ་ད་སྔ་ངོས་བཟུང་བ་ཡིན་ཀྱང་། ཞིབ་ཏུ་བལྟས་ན། དེས་བླ་མ་སྤྲུལ་སྐུ་ལ་སྐྱོན་ཅི་ཡང་བརྒྱབ་མེད། ངན་གཡོ་བརྩམས་བརྩམས་པའི་མཐའ་མཇུག་དེ་ཉིད་སྤྲུལ་སྐུ་ཞིག་མ་ཡིན་པར་སྤྲུལ་སྐུ་རྫུན་མ་ཞིག་ཡིན་པ་རྩོམ་གྱི་མཇུག་ཏུ་དངོས་སུ་བསྟན་ཡོད་པས། བླ་སྤྲུལ་དང་འབྲེལ་བ་གཏན་ནས་མེད་པར་བྱས་ཡོད། རྫུན་མ་ཡིན་པ་གལ་གྱིས་བསྟན་པ་དེས་དངོས་ཡོད་ཀྱི་བླ་སྤྲུལ་དག་ནི་མཐོན་པོའི་ཁྲི་སྟེང་ན་སྔར་བཞིན་སོར་བཞག་བྱས་ཡོད་པར་མ་ཟད། དེའི་ཤུགས་ན་ད་དུང་མཐོན་པོའི་ཁྲི་སྟེང་གི་བླ་སྤྲུལ་དེ་དག་ལ་དག་སེལ་དཀར་འདོན་བྱས་པའི་དོགས་པ་ཡོད། དེ་ནི་ཁོང་གི་དམ་བཅའ“དེ་དག་གི་ལྡོག་ཟླ་རུ་མཐའ་གཅིག་ཏུ་ལང་རྩིས་ཡོད”ཅེས་པ་དང་འགལ་བ་ལྟག་སྤྲོད་དུ་སོང་ཡོད། དེ་བས་ཁོང་ལ་དོན་གྲུབ་རྒྱལ་དང་རང་གྲོལ་ཞེས་མིང་གཉིས་ཡོད་པ་བཞིན་དུ་ཁོང་གི་མི་གཞིའི་སྒྲིག་གཞིའི་ཆ་ནའང་དེ་ལྟའི་བསམ་བློ་དང་ལྟ་བ་གསར་བ་འཛིན་པའི་གསར་བའི་ཆ་དང་སྲོལ་རྒྱུན་རིག་གནས་ལ་ཐུགས་དམིགས་དང་སེམས་ཁུར་མཛད་པའི་རྙིང་སྲུང་གི་ཆ་བཅས་གཉིས་སུ་ཡོད།
ད་སྔ་ང་ཚོས་ཁོང་གི་གསར་བའི་ཆ་དེ་རྩལ་དུ་བཏོན་ནས་ཁོང་ཉིད་མི་རབས་གསར་བ་ཞིག་དང་བསམ་བློ་གསར་བ་ཞིག་གི་འཐུས་ཚབ་ཤ་སྟག་ཏུ་བཞེངས་ཤིང་། དེ་ཉིད་སྲོལ་རྒྱུན་རིག་གནས་ཀྱི་ཁ་གཏད་རྐྱང་དུ་ལངས་ཡོད་པ་ཞིག་གི་ཆ་ལ་བསམས་ནས་གོ་བ་བླངས་པ་ཡིན། འོན་ཀྱང་། རང་གྲོལ་དང་དོན་གྲུབ་རྒྱལ་གཉིས་ཀྱི་འགལ་བ་ནི་དེ་ལྟའི་མངོན་གསལ་ཅན་ཞིག་གི་ངོས་ན་ཡོད། འགལ་བ་དེ་ཁོང་རང་ལ་མཚོན་ན་སྤྱིར་རྣམ་པ་འདི་འདྲ་ཞིག་གི་ངོར་གནས་ཡོད་དེ། ཁོང་གི་རྩོམ་གྱི་སྐད་ཆ་བྱེ་བྲག་པ་དང་ལྷག་པར་ཁོང་གི་མི་ཚེའི་ལོ་རྒྱུས་དངོས་ཀྱི་ལག་ལེན་གྱི་སྦྱོར་བའི་ཆ་ནས་མི་གཞིའི་གསར་བའི་ཆ་དེ་མངོན་ཆེ་ལ། ཁོང་གི་རྙིང་སྲུང་གི་མི་གཞིའི་ཆ་ནི་རྩོམ་ཧྲིལ་བོའི་སྟེང་ནས་ཐོན་པ་མང་། རྩོམ་ཧྲིལ་བོའི་ཆ་ནས་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་བའི་ལྟ་བ་འདོན་པ་དང་། སྦྱོར་བའི་ཆ་ནས་སྲོལ་རྒྱུན་གྱི་བསླབ་གཅུན་ལས་འགོངས་པའི་སྦྱོར་བ་རྩོམ་པའི་ལྟ་སྤྱོད་ཀྱི་འགལ་འདུ་དེ་མི་ཞིག་གི་མི་གཞིའི་ངོས་ནས་བཤད་ན་ཆེས་ཡ་མཚན་པ་བློ་ཡུལ་དུ་མི་ཤོང་བ་ཞིག་ཏུ་བྱ་དགོས་དོན་མེད། འཛམ་བུ་གླིང་གི་བསམ་བློ་པའི་ནང་ན་དེ་ལྟའི་རང་གི་བསམ་སྤྱོད་ཀྱི་བར་ལ་ཧེ་བག་བྱུང་བའི་བསམ་བློ་པ་མང་དུ་འདུག ཡ་མཚན་དགོས་པ་ནི། རང་གི་བསམ་བློ་སྟོན་པ་ལ་ཆ་མཚུངས་བཞིན་དུ་རྩོམ་ཧྲིལ་བོའི་ཆ་ནས་སྲོལ་རྒྱུན་ལ་ནན་ཆེར་མཛད་པ་དང་། ཚིག་བྱེ་བྲག་པས་རྙིང་ཞེན་བག་འཁུམས་ཞེས་ཁ་རྡུང་གཏོང་བའི་འགལ་བ་དེ་རེད། འགལ་བ་དེ་ནི་ཁོང་གི་སྲོལ་རྒྱུན་རིག་གནས་ཀྱི་ལྟ་སྟངས་ཅི་ལྟ་བ་ཡིན་པ་ཤེས་ན་འགལ་བ་མིན་པ་ལྟ་བུ་ཞིག་ཏུ་སྣང་ཐུབ་སྟེ། ཁོང་གིས་སྲོལ་རྒྱུན་རིག་གནས་ལ་བྱེ་བྲག་ཏུ་ཕྱེ་བའི་སྒོ་ནས་ངོས་འཛིན་མཛད་དེ། བཟོ་གསོ་སྒྲ་ཚད་དང་བཅས་པའི་སྲོལ་རྒྱུན་གྱི་རིག་གནས་ཆེ་ཆུང་བཅུ་བོ་དང་། དྲིན་གཟོ་དྲིན་དྲན་རྒན་བཀུར་གཞོན་བྱམས་དང་བཅས་པའི་སྤྱོད་ལམ་གྱི་བསམ་བློ་དེ་དག་ཁོང་གིས་བླང་བྱ་རུ་བསྟན་པའི་སྲོལ་རྒྱུན་རིག་གནས་སུ་ངོས་བཟུང་ལ། ཁ་ནས་སེམས་ཅན་ཐམས་ཅད་བཤད་ཅིང་ལག་ནས་རང་དོན་ཁོ་ན་མ་གཏོགས་བསམ་རྒྱུ་མེད་པའི་སེར་མོ་པ་དེ་དག་དང་། སྲོལ་རྒྱུན་རྙིང་ཞེན་གྱི་བསམ་བློ་སྟེ་སྔོན་ཆད་ཀྱི་འོད་སྟོང་ལྡན་པའི་ལོ་རྒྱུས་ཁོ་ན་བསམས་ནས་ད་ཡོད་ཀྱི་ཉམ་ངའི་རྣམ་པ་མི་མཐོང་བའི་རྙིང་ཞེན་བག་འཁུམས་ཅན་དེ་དག་ནི་ཁོང་གི་དགག་བྱའི་སྲོལ་རྒྱུན་ཞིག་ཏུ་ངོས་བཟུང་བ་རེད་ཅེ་ན། བལྟས་ཚོད་ཀྱིས་ཁོང་རང་ཉིད་ལ་དེ་ལྟའི་འགལ་བ་མི་གནས་པའི་ཚུལ་དུའང་སྣང་ཐུབ།
དེ་འདྲའི་ལྟ་ཚུལ་ནི་ཆེས་ཡོངས་ཁྱབ་པ་ཞིག་སྟེ། དུས་རབས་གོང་མའི་ལོ་རབས་༨༠པ་ནས་བཟུང་སྟེ་དངོས་པོའི་འཚོ་བའམ་ཉེར་སྤྱད་ཕུན་ཚོགས་ཀྱི་དགེ་མཚན་ཉམས་སུ་མྱངས་པའི་ཚུན་ནས། བོད་ཀྱི་ཡུལ་དུའང་“རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་”འཛིན་པ་དང་། “གསར་བ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས”མཁན་ནི་མེད། བསམ་བློ་ཅི་འདྲའི་རྙིང་ཞེན་པ་ཞིག་ཡིན་ཀྱང་། མི་རིགས་གཞན་གྱི་སྔོན་ཐོན་གྱི་ལག་རྩལ་ནི་སློབ་དགོས། མི་རིགས་རང་གི་ངན་ཆ་རྣམས་འདོར་དགོས། སྲོལ་རྒྱུན་རིག་གནས་ཀྱི་ནང་ནའང་མི་ལེགས་ས་ཡོད་ངེས་ཞེས་མི་ཟེར་མཁན་མེད། ཁོ་ཚོའི་སྤྱིར་བཏང་གི་ལྟ་ཚུལ་ནི་སྲོལ་རྒྱུན་རིག་གནས་ལ་སྙིགས་འདོར་བཅུད་ལེན་བྱས་ནས།། ཚན་རིག་ལག་རྩལ་དང་ལེན་བྱེད་དགོས་པ་དེའོ།། སྐད་ཆ་དེ་ནི་ཆེས་སྙན་པོ་གསར་རྙིང་གི་མཐའ་གང་ལའང་མི་ལྷུང་བ་ཕོག་ཐུག་གང་ཡང་མེད་པའི་བདེན་ལུགས་ལྟ་བུ་ཞིག་ཏུ་སྣང་ཡང་། ཆེས་དཀའ་བ་ནི། སྙིགས་འདོར་བཅུད་ལེན་གྱི་ཚད་གཞི་གང་ལྟར་གཏན་ལ་དབབ་རྒྱུ་དང་། བཅུད་ཀྱི་རྩ་བ་སྙིགས་མ་ཞིག་ལ་མི་ཐུག་རྒྱུ་དང་སྙིགས་མ་གང་ཞིག་བཅུད་ཀྱི་རྐྱེན་དུ་མ་གྱུར་པའི་སྒོ་ནས་སྙིགས་བཅུད་གཉིས་ཀ་ལྟོས་མེད་ཀྱི་སྙིགས་བཅུད་ཅིག་ཏུ་སྟོན་རྒྱུ་དེ་རེད།
དཔེར་ན་བོད་ཀྱི་རིག་གནས་ཁྲོད་ཀྱི་བྱམས་དང་སྙིང་རྗེ་ལྟ་བུ་ཞིག་ཡིན་ཀྱང་དེ་ཉིད་བཅུད་དུ་གཏན་ལ་འབེབས་དུས་ང་ཚོས་སྤྱོད་ལམ་གྱི་རིན་ཐང་དེ་ཚད་གཞི་རུ་བྱས་པ་ཡིན་ཀྱང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་ངོས་ནས་བསམས་ན། ལར་དེ་ཉིད་ལོ་རྒྱུས་ཀྱི་རིན་ཐང་དང་འགལ་ནས་ལོ་རྒྱུས་འཕེལ་རྒྱས་ཀྱི་མཐུན་རྐྱེན་དུ་མི་འགྲོ་བ་ཡོད། དཔེར་ན་བྱམས་སྙིང་རྗེ་དང་རྩ་དོན་གང་རུང་ཞིག་གི་བར་གྱི་གྱེད་ཤུགས་སམ་འཐེན་སྐུམ﹙张力﹚དེ་ཇི་ལྟར་ཐག་གིས་གཅོད་དགོས་པ་ལྟ་བུ། རྩ་དོན་དང་བྱམས་སྙིང་རྗེ་གཉིས་ལ་གདམ་གསེས་གང་རུང་བྱེད་དགོས་ཚེ། ང་ཚོས་གང་ལ་དང་པོའི་གོ་ས་སྟེར་དགོས། ང་ཚོའི་སྲོལ་རྒྱུན་གྱི་ཁྲོད་ན་བྱམས་སྙིང་རྗེ་ཁོ་ན་མ་གཏོགས་རྩ་དོན་ལ་བརྩི་འཇོག་བྱ་དགོས་པའི་རིགས་ལ་འདང་རྒྱག་གིན་མེད། འོན་ཀྱང་སྤྱི་ཚོགས་ཤིག་ལ་མཚོན་ན་རྩ་དོན་ལ་བརྩི་འཇོག་མི་བྱེད་པའམ། བྱམས་སྙིང་རྗེ་ལྟ་བུའི་བརྩེ་གདུང་གིས་རྩ་དོན་གནོན་པའི་བསམ་བློའམ་རིག་གནས་ཤིག་གྲུབ་ཚེ། སྤྱི་ཚོགས་དེ་ཉིད་དཔྱོད་ཤེས་མ་ཡིན་པའི་﹙非理性﹚བྱུང་རྒྱལ་དང་། གཏད་སོ་མེད་པ་ཞིག་གི་ངོས་ནས་འཁོར་སྐྱོད་འབྱུང་བ་ལས་གཞན་མེད། དེ་བས་ང་ཚོར་ཐོག་མར་དགོས་པ་ནི་རྩ་དོན་ལ་བརྩི་འཇོག་བྱ་བའི་རིགས་པའི་དགོངས་པའམ་སྙིང་སྟོབས་རེ། དེ་མིན་ལོ་རྒྱུས་ཀྱིས་མིག་ཆུ་ལ་ཡིད་མི་རྟོན་པ་ང་ཚོར་མྱོང་གྲུབ་ཡོད་ལ། ཧེ་ཀེལ་གྱིས་མི་དགེ་བ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡིན་ཅེས་བསྟན་པ་དེ་དག་གིས་ལོ་རྒྱུས་ཀྱི་རིན་ཐང་དང་མི་ཆོས་ཀུན་སྤྱོད་ཀྱི་རིན་ཐང་ནི་ནམ་ཡིན་ཀྱང་གཅིག་གྱུར་གྱི་ངོ་ཁོ་ནར་ཡོད་མི་སྲིད་པ་དང་། ལོ་རྒྱུས་ཀྱི་འཕེལ་རྒྱས་དེ་ལར་མི་དགེ་བའི་ངོར་སྣང་ཡོད་པ་ཞིག་ཡིན་སྲིད་པའི་གནས་ལུགས་ལུགས་ཤིག་སྟོན་པ་ཡིན།
གནད་ཀྱི་གཙོ་བོ་ནི་ང་ཚོས་ཆོས་གང་ཞིག་ལ་ལྟ་ན་ཡང་མི་ཆོས་ཀྱི་ངོས་ཁོ་ན་ནས་མ་གཏོགས། ད་དུང་དེའི་ཕ་རོལ་ནས་ལོ་རྒྱུས་འཕེལ་རྒྱས་ཀྱི་ངོས་ནས་ཀྱང་བལྟས་ཆོག་པ་དེ་ཤེས་ཀྱིན་མེད་པ་རེད། ད་ལྟའི་ང་ཚོ་ལ་མཚོན་ན། ཁ་ཚ་དགོས་གཏུགས་ཀྱི་འགན་འཁྲི་ནི་ལོ་རྒྱུས་ཀྱི་འཕེལ་རྒྱས་རེད། དེ་ལ་གཞན་ལྡན་རྣམ་གཅོད་ཀྱི་གོ་ས་སྟེར་དགོས་པ་ཡིན། མི་ཆོས་དང་ལོ་རྒྱུས་ལ་གདམ་གསེས་བྱ་བའི་དབང་དུ་བཏང་ན། ང་ཚོས་ལོ་རྒྱུས་ཀྱི་འཕེལ་རྒྱས་ཚོམ་མེད་ཀྱིས་འདེམས་དགོས་པ་ཡིན། དེ་ནི་སྐབས་ཐོག་དེའི་གནས་བབ་ཀྱིས་ཐག་གིས་གཅོད་པ་ཞིག་རེད། བོད་ལ་མཚོན་ན། སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་ཁ་དལ་བ་དེ་གནད་དོན་རྣོ་ངར་ཅན་པོ་རེད། དེ་དང་བསྡུར་ན་ཡ་རབས་མ་རབས་ད་དུང་ཕལ་བའི་གནད་དོན་རེད། མར་ཁེ་སིའི་གཞུང་ལུགས་ལྟར་ནའང་འགལ་བ་ལ་འགལ་བ་གཙོ་བོ་དང་འགལ་བ་ཕལ་བའི་ཁྱད་པར་ཡོད་པ་ལྟར་རོ།། དེ་ལྟར་ལོ་རྒྱུས་ཀྱི་འཕེལ་འགྲིབ་ཀྱི་དབང་གིས་ལོ་རྒྱུས་དང་ཆོས་དངོས་ཀྱི་འཇལ་བྱེད་ཀྱི་ཚད་ཐིག་དེ་གཞན་དུ་འགྱུར་སོང་ཚེ། ང་ཚོར་བསྐྱར་དུ་ཡོད་ཚད་ལ་གདེང་འཇོག་བྱ་དགོས་པའི་གནད་ཀ་ཞིག་ལ་འཕྲད་པར་འགྱུར་ལ། དེའི་དུས་སུ་ཀུན་སྤྱོད་རིན་ཐང་ཐད་ཀྱི་“བཅུད”དེ་“སྙིགས་མ”རུ་མི་འགྱུར་བའི་ངེས་པ་མེད་ལ། དེ་བཞིན་དུ་“སྙིགས་མ”“བཅུད”དུ་མི་འགྱུར་བའི་ངེས་པའང་མེད།
ཡང་གཅིག་བཤད་ན། སྤྱི་ཚོགས་རང་ཉིད་སྒྲིག་རིམ་ཅན་ཞིག་དང་ལུགས་མཐུན་འདྲ་མཉམ་ཞིག་གི་ངོས་ནས་འཁོར་སྐྱོད་བྱེད་པ་དང་། གསལ་བར་བཤད་ན་སྤྱི་ཚོགས་འཇོན་ཐང་ཅན་ཞིག་ཏུ་འགྱུར་བ་ལ་སྔོན་ཐོན་གྱི་ཚན་རིག་ལག་རྩལ་དར་དགོས་པ་དང་། སྤྱི་ཚོགས་ཀྱི་ཁོངས་མི་སོ་སོ་དེང་རབས་ཅན་དུ་འགྱུར་དགོས་པ་སྔོན་འགྲོའི་ཆ་རྐྱེན་ཡིན་པ་ལ། བསམ་བློ་ཧྲིལ་བོ་སྲོལ་རྒྱུན་གྱིས་བཟུང་བའི་ངོས་ནས་ཚན་རིག་ལག་རྩལ་ཡང་དག་པ་ཞིག་དར་ཐུབ་བམ་མི་ཐུབ། དེའི་དོན་ནི་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཟིན་པ་ཞིག་སྟེ། ཀྲུང་གོ་རྒྱལ་ཁབ་ལ་མཚོན་ན། ཉེ་རབས་སྤྱི་ཚོགས་ཀྱི་མགོ་བརྩམས་ནས་ཕྱིའི་མི་སེར་སྤེལ་བའི་རྒྱལ་ཁབ་ཀྱིས་ཀྲུང་གོ་ལ་བཙན་འཛུལ་བྱས་སྐབས། ཀྲུང་གོ་རྒྱལ་ཁབ་ནས་ཀྱང་ཕྱིའི་ཚན་རིག་ལག་རྩལ་དང་མདའ་སྒྱོགས་གཟིངས་གསུམ་གྱི་གལ་ཆེན་རང་བཞིན་མཐོང་ནས་ནང་འདྲེན་ཆེན་པོ་བྱས་ཀྱང་། མཇུག་མཐར་སྔར་བཞིན་དགྲ་ལས་རྣམ་པར་རྒྱལ་མ་ཐུབ་པ་ལ། དེ་ཙམ་གྱིས་གནད་དོན་ཐག་གིས་མི་ཆོད་པར་གོ་ནས། ཕྱི་གླིང་གི་ལམ་ལུགས་མང་བོ་ལ་དཔེར་བལྟ་ས་བྱས་ནས་ལམ་ལུགས་དང་སྒྲིག་འཛུགས་བསྒྱུར་བཀོད་བྱེད་པའི་བཀོད་པ་བཤམས་པ་ཡིན་ཀྱང་། མཐར་བསྒྱུར་བཅོས་དེ་ཡང་བར་ཆད་ཀྱི་དབང་དུ་སོང་། མཐར་ཐུག་གནད་དོན་གྱི་རྩ་བའི་རྩ་བ་མིའི་བསམ་བློ་དང་བཅས་པའི་མིའི་འདུ་ཤེས་ལ་རགས་ལས་ཤིང་། དེ་བཅོས་བསྒྱུར་བྱ་དགོས་པའི་བསམ་བློའི་ངོས་ཟིན་གྱི་སྒོ་ནས་ལྔ་བཞི་རིག་གནས་གསར་བའི་ལས་འགུལ་བསླངས་པ་ལྟ་བུ་རེད། དེ་བཞིན་ཕྱི་གླིང་པའི་དེང་རབས་ཅན་གྱི་བགྲོད་རིམ་ལ་བལྟས་ནའང་། བསམ་བློའི་བསྒྱུར་བཀོད་དེ་ཆེས་གལ་ཆེན་པོ་ཡིན་པ་གང་ནས་ཀྱང་མཐོང་ཐུབ། དེ་བས་ཚན་རིག་ལག་རྩལ་དར་བ་དང་སྤྱི་ཚོགས་སྒྲིག་རིམ་ཅན་ཞིག་གི་ངོས་ནས་འཁོར་སྐྱོད་བྱེད་དགོས་ན། ཐོག་མར་ང་ཚོའི་འཇིག་རྟེན་ལྟ་ཚུལ་ལ་བསྒྱུར་བཀོད་བྱ་དགོས་ལ། དེ་ནས་ཤེས་བྱའི་སྒྲིག་གཞི་ལ་དག་སྒྲིག་བྱ་དགོས་པ་ལས། སྔར་གྱི་འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ། ཤེས་བྱའི་སྒྲིག་གཞི་སོར་བཞག་གི་ངོས་ནས་འཇོན་ཐང་ཅན་གྱི་སྤྱི་ཚོགས་གསར་བ་ཞིག་འགྲུབ་མི་ཐུབ་ལ། ཐ་ན་ཐབས་ཙམ་གྱི་ཚན་རིག་ལག་རྩལ་ཀྱང་དར་མི་ཐུབ།
དེ་བས། གོང་གི་ལྟ་ཚུལ་དེ་དག་ནི་ཞེན་འདོད་དང་ཕུགས་བསམ་ཁོ་ནའི་དབང་དུ་གྱུར་པའི་སེམས་པའི་རེ་འདུན་ཞིག་ལས། དངོས་ཡོད་སྤྱི་ཚོགས་འཚོ་བའི་ཁྲོད་ནས་མངོན་འགྱུར་བྱེད་ཐབས་མེད། དོན་གྲུབ་རྒྱལ་ལ་མཚོན་ན་ཡང་། ཡང་ན་ནི“བསམ་བློ”དང“སྐད་ཆའི”འགལ་བས་གྲུབ་པའི་མི་གཞིའི་གས་ཁ་དངོས་སུ་གནས་ཡོད་ལ། ཡང་ན་ནི་འགལ་བ་དེ་ཉིད་དེ་ལྟའི་“རྩོད་སྒྲུབ་ལྟར་སྣང་བ”ཞིག་གི་ངོར་འགལ་བ་ཞི་ནས་ཡོད་པ་ལྟར་སྣང་ཡང་། དོན་གྱི་དེ་ཉིད་རིགས་པ་རྩིང་བོ་ཞིག་ངོར་ཞི་ནས་ཡོད་པ་མ་གཏོགས། དོན་གྱི་གནས་ཚུལ་དང་མི་མཐུན་པ་ཞིག་ཡིན་པ་མཐོང་ཐུབ། དོན་གྲུབ་རྒྱལ་གྱིས་མཚོན་པའི་ད་ལྟའི་བར་གྱི་རིག་གནས་དགག་བཞག་གི་ལས་གཉེར་མཁན་མང་བོ་ཞིག་ལ་མཚོན་ན། ཀུན་ལ་མཚུངས་པར་ལྡན་པའི་མི་འདང་ས་ཞིག་ཡོད་པ་ནི། ང་ཚོས་སྲོལ་རྒྱུན་ནམ་རྙིང་བ་ཁོ་ན་ལ་བལྟས་ནས་སྐྱོན་ཡོད་བརྗོད་པ་ལས། དེང་རབས་སྤྱི་ཚོགས་ཀྱི་ངོ་བོ་དང་རིག་གནས་གསར་བའི་ངོ་བོ་ལ་རྒྱུས་ཡོད་པའི་སྒོ་ནས་གསར་རྙིང་གི་སྐྱོན་ཡོད་བརྗོད་པ་ཤིན་ཏུ་ཉུང་། དེ་ཡང་མཐར་གཏུགས་ན་ང་ཚོའི་ནུས་པ་ལ་རགས་ལས་ནས་ཡོད་དེ། དྲང་མོར་བཤད་ན། ང་ཚོ་ནི་རང་གི་སྲོལ་རྒྱུན་རིག་གནས་ལ་གསལ་ཆ་ཡོད་ཀྱང་། ང་ཚོས་གསར་བའི་སྐོར་ལ་རྒྱུས་ལོན་བྱས་པ་གོ་བ་ཐན་ཐུན་ཞིག་ལས་མ་འདས་པས་ཞིབ་འཇུག་གི་ལས་ལ་མཚོན་ན་དེ་ཙམ་གྱིས་ད་དུང་ཆེས་ཆེར་མི་འདང་། དེ་བས་ང་ཚོ་ལ་མཐོང་སྣེ་སྣ་མང་ཅན་ཞིག་མེད་ལ། ཐ་ན་དེང་དུས་ཀྱི་དུས་རབས་ཀྱི་དགོངས་པ་ཡང་ཁོང་དུ་མ་ཆུད་པས། རིག་གནས་གསར་རྙིང་གི“ཁ་བརྡ་”ངོ་མའི་མགོ་ད་དུང་བསླངས་མེད། དེ་བས་ང་ཚོ་ཀུན་ལའང་ཚད་མི་འདྲ་བའི་མི་གཞིའི་གས་ཁ་ཞིག་ཡོད། དེ་ནི་རིགས་པ་ལ་ཞིབ་ཆ་མ་ཐོན་པ་དང་ལྷག་པར་དུས་རབས་ཀྱི་དགོངས་པ་དང་གསར་བའི་ཆ་ལ་རྒྱུས་ལོན་ཆེན་པོ་བྱེད་མ་ཐུབ་པའི་ཚད་བཀག་གིས་བཟོས་པའི་འཁྱོག་བསྒྱུར་ཅིག་རེད། དོན་གྲུབ་རྒྱལ་ལ་མཚོན་ན་དེ་ཉིད་ཁོང་གི་བསམ་བློའི་ཆེས་ཟབ་ས་ན་ཡོད་པ་ཁོང་རང་གིས་ཀྱང་མ་ཚོར་བར་ཡོད་པ་ཙམ་རེད།
དོན་གྲུབ་རྒྱལ་གྱི་མི་གཞི་ལ་གས་ཁ་བཟོ་བྱེད་ཀྱི་རྐྱེན་གཞན་ཞིག་ནི། སྐབས་དེའི་བོད་ཀྱི་རིག་གནས་ཀྱི་གནས་བབ་ལའང་རག་ལས་ཡོད་དེ། ཀུན་གྱིས་ཤེས་གསལ་ལྟར། དུས་རབས20པའི་ལོ་རབས50པའི་སྨད་ནས་ཆབ་སྲིད་ཀྱི་དུས་འགྱུར་གྱི་དབང་གིས་བོད་ཀྱི་རིག་གནས་ལ་ཉམས་ཆག་འབྱུང་མགོ་བརྩམས་ལ། ལྷག་པར་ལོ་བཅུའི་རིང་གི་རིག་གནས་གསར་བརྗེ་ཆེན་པོ་བརྒྱུད་དེ་བོད་ཀྱི་རིག་གནས་ནི་སྣུམ་ཟད་ཀྱི་མར་མེ་ལྟ་བུར་གྱུར། དུས་རབས20པའི་ལོ་རབས80པའི་མགོར་སོན་ནས། མི་རིགས་སོ་སོར་རང་རང་གི་རིག་གནས་སྦྱོང་ཆོག་པའི་དུས་ལ་བསླེབས་དུས། བོད་ཀྱི་སྤྱི་ཚོགས་ཁྲོད་ཆེས་ཡ་མཚན་པའམ་ཡ་ང་བའི་རྣམ་པ་ཞིག་བྱུང་ཡོད་པ་ནི། བོད་ཀྱི་ས་ཆ་མང་ཆེ་བའི་བོད་མི་གཞོན་རབས་པས་བོད་ཡིག་མི་ཤེས་པ་དང་། བོད་ཀྱི་རིག་གནས་ལ་ནང་བྱན་ཆུད་པའི་མཁས་པའམ་དགེ་རྒན་མང་བོ་མེད་པ་དེ་རེད། དེ་བས་སྐབས་དེར་བོད་ཀྱི་མཐོ་རིམ་སློབ་གྲྭ་ཆེན་མོའི་ནང་ནས་སློབ་གྲྭ་ཆེན་མོ་པ་རེ་འགའ་ཙམ་མ་གཏོགས་བྱིངས་ཀྱིས་ཀ་ཁའི་སྦྱོར་ཀློག་ནས་སློབ་དགོས་པའི་སྣང་ཚུལ་བྱུང་། སྐབས་དེ་ནི་བོད་ཀྱི་རིག་གནས་ལ་མཚོན་ན། དངོས་གནས་ཆེས་ཉག་ཕྲ་བའི་དུས་རེད། ཆབ་སྲིད་ཀྱི་རླུང་དམར་རབ་དང་རིམ་པར་གཡུགས་ནས་བོད་ཀྱི་སྔར་ཡོད་ཀྱི་ཡོན་ཏན་པ་རྣམས་ལ་ལུས་སེམས་ཀྱི་གནོད་པ་རབ་དང་རིམ་པར་བསྐྱལ་པ་དང་། ཕལ་ཆེར་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་བོད་ཀྱི་སྐད་ཡིག་གད་སྙིགས་ཀྱི་ཁྲོད་དུ་འཕངས་ནས་སྦྱང་རྒྱུའི་སྐལ་བ་མ་བྱུང་བས་ན། དེ་ལྟའི་ཉམ་ངའི་གནས་ཚུལ་ཞིག་གི་ཁྲོད་ནས་རིག་གནས་ཤིག་ཇི་ལྟར་གསོན་ཞིང་གནས་ཐུབ།
དོན་གྲུབ་རྒྱལ་ནི་ལོ་རྒྱུས་ཀྱི་གོ་རིམ་དེའི་དཔང་བོའི་གྲས་ཀྱི་གཅིག་ཡིན་པར་མ་ཟད། མི་རབས་གསར་རྙིང་གཉིས་ཀྱི་བར་མཚམས་མཐུད་བྱེད་ཀྱི་ཚུལ་དུ་ཡོད་པས། རིག་གནས་ཡང་བསྐྱར་དར་མགོ་ཚུགས་པའི་དུས་སྐབས་གསར་བའི་མགོར་སོན་དུས། ཁོང་ལ་མཚོན་ན་ཐོག་མར་རང་གི་ཡབ་མེས་ཀྱི་ཤུལ་རྒྱུན་དེ་ཇི་ལྟར་ཉམས་པ་སོར་ཆུད་བྱེད་པའི་འཚུབ་ཆ་དང་སེམས་ཁུར་ནི་ངེས་པར་ཡོད་ངེས། དེའི་སྐབས་ཀྱི་ཁོང་གི་སེམས་ཁོང་གི་མྱོང་བ་དང་ལོ་རྒྱུས་ཀྱི་འགན་འཁྲིའི་འདུ་ཤེས་སོགས་ཁོང་གི་《ལང་ཚོའི་རྦབ་ཆུ》དང《རྐང་ལམ་ཕྲ་མོ》གཉིས་ལས་གསལ་བར་མཐོང་ཐུབ་པར་མ་ཟད། ཁོང་གི་སྔ་རྩོམ《པད་མཚོ》དང《འབྲུག་མཚོ》གཉིས་ལས་ཀྱང་མཐོང་ཐུབ། རྩོམ་པ་པོས་ལྷག་པར་འབྲུག་མཚོ(དཔའ་མོ)ཡི་སྣང་བརྙན་ནི་དེ་ལྟའི་ཆེ་ལ་བརྗིད་པ་ཞིག་ཏུ་སློང་སྐྲུན་བྱས་ལ། མོའི་སྣང་བརྙན་དེ་རྩོམ་པ་པོའི་ཕུགས་བསམ་ཞིག་དང་། རང་ཉིད་ཀྱི་སེམས་པ་བཅོལ་ས་ཞིག་ཡིན་པ་སྨོས་མ་དགོས། 《པད་མཚོ》དང《འབྲུག་མཚོ་》ཞེས་པའི་རྩོམ་གཉིས་ཀས་ཀྱང་སློབ་གསོ་གཙོ་བོ་དང་དེ་ལས་ཀྱང་གཞི་རིམ་གྱི་སློབ་གསོ་གཙོ་ཆེར་བསྟན་ཡོད་པ་ནི་མཐར་གཏུགས་ན་དོན་གྲུབ་རྒྱལ་ཁོང་གི་སྐབས་དེའི་མི་རིགས་སློབ་གསོའི་ལྟ་བ་ཡིན་ཅིང་། བོད་རང་གི་སྲོལ་རྒྱུན་གྱི་རིག་གནས་འཛིན་སྐྱོང་བྱེད་པའི་རྩ་བའི་གནད་དེ་གཞི་རིམ་ནས་འཁྱོངས་དགོས་པ་ཁོང་གི་ལྟ་བའི་ནང་སྙིང་རེད། ཁོང་ཉིད1984ལོར་མཚོ་ལྷོ་རུ་ཕྱིན་པ་དེ་དོན་གྱིས་ཁོང་གི་ལྟ་བ་དེ་ཉིད་ལག་ལེན་དུ་ཤར་པའི་སྦྱོར་བ་ཞིག་ཏུ་བསམ་ཆོག་སྙམ།
དེ་བས་ལོ་རྒྱུས་ཀྱིས་བཟོས་པའི་གོད་ཆག་སྟེ། མི་རིགས་རང་གི་ཡབ་མེས་ནས་བརྒྱུད་པའི་སྲོལ་རྒྱུན་རིག་གནས་ལ་ཉམས་ཆག་ཆེན་པོ་བྱུང་བ་དེས་ཁོང་ལ་སྐྱོ་གདུང་མི་བཟད་པ་བྱིན་ཡོད་ལ། དེ་བཞིན་དུ་ཁོང་ཉིད་མི་རིགས་ཀྱི་ཡོན་ཏན་པ་ཞིག་དང་། ལྷག་པར་དུས་རབས་གསར་རྙིང་གཉིས་དང་མི་རབས་གསར་རྙིང་གཉིས་ཀྱི་བར་ན་ལོ་དང་ཤེས་རིག་ཉིས་ཆར་ནས་འགྲེང་ཡོད་པ་ཞིག་གི་ཆ་ནས། ཁོང་གིས་ཐོག་མར་བསྒྲུབ་དགོས་པའི་བྱ་བ་ནི་ཉམས་པ་སོར་ཆུད་ཀྱི་ལས་ཡིན་པ་སྨོས་མ་དགོས། དེ་ནི་མི་རིགས་ཤིག་གི་བླ་སྲོག་གི་དར་རྒུད་དང་འབྲེལ་ནས་ཡོད་པས་སོ།། དེ་བས་ཁོང་གིས་“སྙན་ངག་གི་རྟ་མཆོག”དང་། “སྡེབ་སྦྱོར་གྱི་གླང་ཆེན”སོགས་སྐྱོབ་པའི་འབོད་སྐུལ་བཏང་བ་ཡིན་ལ། དེ་ཉིད་སྐབས་དེའི་བོད་སྤྱི་ཚོགས་ཀྱི་གནས་བབ་དང་འཚམ་ཞིང་། དུས་ཀྱི་འགན་འཁྲི་ཡང་ཡིན་པས། རྩོམ་པ་པོས་དུས་རབས་ཀྱི་དགོངས་དོན་ཆེས་ཕྱུག་པའི་སྒོ་ནས་དུས་དང་འཚམ་པའི་བླང་བྱ་ནན་མོ་བཏོན་པ་དེ་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ཡོད་པ་ཡིན།
དེ་དང་དུས་མཚུངས་སུ། དུས་རབས་གོང་མའི་ལོ་རབས80པ་དེ་ནི་ཀྲུང་གོ་ཡོངས་དང་ལྷག་པར་པེ་ཅིན་ལྟ་བུའི་སྲིད་འབྱོར་རིག་གསུམ་གྱི་ལྟེ་བ་ཡིན་པའི་མཁར་གྲོང་ཆེན་པོ་གང་ལ་མཚོན་ནའང་རིག་གནས་བྱ་འགུལ་གྱི་ཡོ་ལང་དྲག་ཏུ་རྒོད་ཅིང་། བསམ་བློ་བཅིངས་འགྲོལ་དང་བསྒྱུར་བཅོས་ལྷུག་གཏོང་གི་སྲིད་ཇུས་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་རིག་གནས་དགག་བཞག་གི་བསམ་བློའི་མཐོ་རླབས་དྲག་ཏུ་འཕྱུར་བའི་ལོ་རབས་ཤིག་ཡིན། “བྱ་གནམ་ལ་འཕུར་ན་སྡེར་མོ་རྡོ”ཟེར་བ་ལྟར། སྲོལ་རྒྱུན་རིག་གནས་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གེགས་རྐྱེན་དུ་བསམ་པའི་ངོས་འཛིན་ནི་རེབ་དེའི་བསམ་བློའི་མཐོ་རླབས་ཀྱི་ནང་སྙིང་ཡིན། དོན་གྲུབ་རྒྱལ་ཉིད་སྐབས་དེར་གྲོང་ཁྱེར་པེ་ཅིང་ན་ཡོད་པས། བསམ་བློའི་མཁའ་དབུགས་དེས་ཁོང་ལ་ཤན་མི་ཞུགས་པ་མི་སྲིད་ལ། ལྷག་པར་བོད་སྤྱི་ཚོགས་རང་ཐད་ནས་བཤད་ནའང་གཞན་གྱིས་སྐྱོན་དུ་སྟོན་པའི་སྤྱི་ཚོགས་ཀྱི་གནད་དོན་དང་སྲོལ་རྒྱུན་གྱི་སྐྱོན་ཆ་དེ་དག་བོད་སྤྱི་ཚོགས་རང་སྟེང་ལ་མ་བཞག་རང་བབ་ཏུ་ཡོད་པས། ཕྱི་ནང་གི་རྐྱེན་མང་བོ་དེ་དག་གིས་དོན་གྲུབ་རྒྱལ་ལའང་སྲོལ་རྒྱུན་རིག་གནས་ལ་དགག་སྒྲུབ་མཛད་དགོས་པའི་དཔྱོད་ཤེས(理性﹚ཀྱི་འདུ་ཤེས་སྐྱེ་ངེས་པ་ཡིན། སྤྱི་ཚོགས་རྗེས་ལུས་ཀྱི་རྣམ་པ་བསྒྱུར་བ་དང་མི་རིགས་འཇོན་ཐང་ཅན་དུ་བྱེད་པ་ལ་ཚན་རྩལ་དགོས་པ་དང་། རྙིང་ཞེན་གྱི་རྒྱ་ལས་དགྲོལ་དགོས་པ་སོགས་སྐབས་དེའི་དུས་རབས་ཀྱི་ངོས་ཟིན་ཞིག་དང་། དེ་བོད་སྤྱི་ཚོགས་ཀྱི་དངོས་ཡོད་ཀྱི་རྣམ་པ་བསྒྱུར་བ་ལ་ཤིན་ཏུ་འཕྲོད་པ་བཅས་ཀྱིས་ཁོང་གིས་ངོས་དེ་ནས་བརྩམས་ཏེ་སྲོལ་རྒྱུན་ལ་སྙིགས་འདོར་བཅུད་ལེན་བྱེད་པ་དང་། རྙིང་ཞེན་བག་འཁུམས་ཀྱི་དབང་དུ་མི་འགྲོ་བ། ཚན་རྩལ་ནང་འདྲེན་བྱེད་པ་བཅས་ཀྱི་འབོད་སྐུལ་བཏང་བ་རེད། དེ་ཡང་སྐབས་དེའི་ལོ་རྒྱུས་ཀྱི་དགོངས་དོན་དང་མཐུན་ཞིང་དངོས་ཡོད་ཀྱི་དོན་སྙིང་ཡོད་པའི་བསམ་བློ་ཞིག་རེད།
དེ་ལྟའི་འགལ་འདུ་རུ་སྣང་བའི་སྣང་ཚུལ་དེ་“སྐྱ་ཟད་སྔོ་གཏུགས”ཞེས་པའི་ཚིག་འདི་ཁོ་ནས་འགྲེལ་བཤད་བྱེད་ཐུབ་སྟེ། ལོ་ངོ་ཉི་ཤུ་ལྷག་གི་ལས་འགུལ་གྱིས་བོད་ཀྱི་སྔར་ཡོད་ཀྱི་རིག་གནས་སྣུམ་ཟད་ཀྱི་མར་མེ་ལྟ་བུར་གྱུར་ཡོད་པས། སྐབས་དེ་ཤེད་དུ་བོད་ལ་ཉམས་པ་སོར་ཆུད་ཀྱི་དུས་ཀྱི་འགན་འཁྲི་ཚ་བོ་ཞིག་ཡོད་ལ། དུས་མཚུངས་སུ་སྤྱི་ཚོགས་དང་ལོ་རྒྱུས་འཕེལ་རྒྱས་སུ་འགྲོ་བར་རིག་གནས་གསར་བ་དང་བསམ་བློ་གསར་བ་མཁོ་ཞིང་། སྐབས་དེའི་བོད་སྤྱི་ཚོགས་ནང་དེ་ དག་ཤིན་ཏུ་དཀོན་པར་མ་ཟད། སྲོལ་རྒྱུན་རིག་གནས་ཁྲོད་ལོ་རྒྱུས་ཀྱི་འཕེལ་རྒྱས་ལ་གེགས་དང་བར་ཆད་བྱེད་པའི་བསམ་བློའི་སྙིགས་མའང་མང་དུ་ཡོད་པའི་སྤྱི་ཚོགས་ཀྱི་གནས་བབ་སྐྱ་ཟད་སྔོ་གཏུགས་འགལ་འདུའི་ཉོག་དྲ་མང་བོ་དེ་འདྲས་དོན་གྲུབ་རྒྱལ་ལ་རིགས་པ་ཞིབ་མོ་རུ་མི་སྣང་བའི་མི་གཞིའི་གས་ཁ་དེ་བཟོས་པར་སྙམ།
ང་ཚོས་གསལ་བར་ཤེས་དགོས་པ་ཞིག་ནི། སྐབས་དེའི་སྤྱི་ཚོགས་ནི་གསར་རྙིང་གི་འགལ་བའི་ཐོག་མའི་སྐབས་ན་ཡོད་པས། གཅིག་ན་ནང་གི་ཞིབ་ཕྲའི་འགལ་འདུ་མང་བོ་ཞིག་ཕྱིར་གསལ་བོར་མ་མངོན་ལ། གཉིས་ན་དོན་གྲུབ་རྒྱལ་ལ་མཚོན་ན་རྩོམ་པ་པོ་ཞིག་གི་ཚོར་བ་སྐྱེན་པོའི་ངོས་ནས་མྱུར་སྐྱོབ་ཀྱི་འབོད་སྐུལ་གཏོང་རྒྱུ་ལས། རིག་གཞུང་གི་ཆ་ནས་ཞིབ་ཏུ་དཔྱོད་པའི་རྒྱུ་ཆ་དང་ཁོམ་ལོང་གང་ནས་ཀྱང་ཕུན་ཚོགས་སུ་མི་འཛོམ་པས་སྙིགས་བཅུད་ཀྱི་དབྱེ་བ་དང་འགལ་འདུ་དེ་དག་བག་ཉལ་གྱི་ཚལ་དུ་བསྐྱུར་རྒྱུ་ལས་རིགས་པའི་ངེས་པ་སྙེད་དཀའ་བ་ཡིན། ཡིན་ནའང་། དེང་གི་ཆར་མཚོན་ན། སྤྱིར་ལོ་རྒྱུས་ཀྱི་གནས་བབ་ལོ་རབས་༨༠པའི་སྟོད་དང་མི་མཚུངས་ཤིང་། ཞིབ་འཇུག་གི་འབྲས་བུ་དང་རྒྱུ་ཆ་སོགས་ཀྱང་སྔར་བས་ཕུན་སུམ་ཚོགས་པར་ཡོད་པས། ང་ཚོས་དོན་གྲུབ་རྒྱལ་ང་ཚོ་དང་ཞལ་གྱེས་ནས་བགྲང་བྱ་ཉི་ཤུ་ལྷག་ཕྱིན་སོང་བའི་ལོ་རྒྱུས་ཀྱི་བགྲོད་པ་གསལ་བའི་བསམ་བློ་དང་ལངས་ཕྱོགས་ཤིག་མངོན་པར་གདོད་དགོས་པ་ཡིན་སྙམ། གཞན་དུ་ན་ང་ཚོ་ནི་ནམ་ཡང་ནར་སོན་རྒྱུ་མེད་པའི་གཤོག་འོག་གི་བྱིའུ་དང་མཚུངས་པར་གྱུར་པ་མ་ཡིན་ནམ།
དཔྱད་རྩོམ་འདི་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི《ཀྲུང་གོ་གསར་བའི་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་ཞིབ་འཇུག》ཅེས་པའི་ནང་གི་ས་བཅད་ཅིག་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com