མཚོ་ལྷོའི་གཞི་རིམ་རྐང་འཛིན་ལོ་ཙཱ་བའི་གསོ་སྦྱོང་འཛིན་གྲྭར་གནང་བའི་མུ་འབྲེལ་འཆད་ཁྲིད།
མཚོ་ལྷོ་ཁུལ་གཞི་རིམ་རྐང་འཛིན་ལོ་ཙཱ་བའི་གསོ་
སྦྱོང་འཛིན་གྲྭ་འགོ་ཚུགས་མཛད་སྒོ།
ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་མཉམ་འབྲེལ་སྒོས་སྒྲུབ་པའི་མཚོ་ལྷོ་ཁུལ་གཞི་རིམ་རྐང་འཛིན་ལོ་ཙཱ་བའི་གསོ་སྦྱོང་འཛིན་གྲྭ་དེ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་དུ་དུས་ཡུན་ཉིན་ལྔ་ལ་སྤེལ།
འདིར་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་རྒྱུན་ལས་འགོ་གཙོ་གཞོན་པའམ་གསེར་ཆེན་རྫོང་གི་རྫོང་དཔོན་གཞོན་པ་བསོད་ནམས་རྡོ་རྗེ་དང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གི་དགེ་རྒན་ཆེན་མོ་བུ་བཞི། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ཞིབ་འཇུག་ལྟེ་གནས་ཀྱི་འགོ་གཙོའམ་གྲངས་ཉུང་མི་རིགས་གནའ་དཔེ་གཞུང་ལས་ཁང་གི་འགོ་གཙོ་གཞོན་པ་དང་འགྱུར་ཞུས་གཞོན་པ་པདྨ་ལྷུན་གྲུབ། གེ་སར་རིག་པ་བ་ཆབ་འགག་རྡོ་རྗེ་ཚེ་རིང་སོགས་ལོ་ཙཱའི་གཞུང་ལུགས་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་རྣམས་གདན་འདྲེན་ཞུས་ཏེ་མཚོ་ལྷོ་ཁུལ་གཞི་རིམ་རྐང་འཛིན་ལོ་ཙཱ་བའི་གསོ་སྦྱོང་འཛིན་གྲྭར་བོད་རྒྱ་ལོ་ཙཱའི་ཐད་ཀྱི་གཞུང་ལུགས་ཤེས་བྱ་དང་། ལག་ལེན་ཉམས་མྱོང་། བརྡ་ཆད་གསར་བའི་ཚད་གཞི་ཞིབ་འཇུག་སྐོར་འཆད་ཁྲིད་གནང་།
ཐེངས་འདིའི་ལོ་ཙཱའི་གསོ་སྦྱོང་ལ་ཞུགས་མཁན་ནི་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་དང་། མཚོ་ལྷོ་ཁུལ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས། མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ། མཚོ་ལྷོ་ཁུལ་མི་དམངས་ཁྲིམས་ཁང་། མཚོ་ལྷོ་ཁུལ་ཚགས་པར་ཁང་། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་། མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་། གསེར་ཆེན་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་། གསེར་ཆེན་རྫོང་རྒྱང་བསྒྲགས་བརྙན་འཕྲིན་ཁང་། ཁྲི་ཀ་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་། ཁྲི་ཀ་རྫོང་སྲིད་དོན་གཞུང་ལས་ཁང་། ཁྲི་ཀ་རྫོང་རྒྱང་བསྒྲགས་ཁང་། ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ། མང་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་། མང་རྫོང་སྲིད་དོན་གཞུང་ལས་ཁང་། མང་རྫོང་རྫོང་ཨུའི་གཞུང་ལས་ཁང་། མང་རྫོང་རྒྱང་བསྒྲགས་ཁང་། བྲག་དཀར་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་། བྲག་དཀར་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས། བྲག་དཀར་རྫོང་རྒྱང་བསྒྲགས་བརྙན་འཕྲིན་ཁང་། བྲག་དཀར་རྫོང་ཞིང་ཕྱུག་ལས་ཅུའུ། བྲག་དཀར་རྫོང་ཆོས་ལུགས་ཅུའུ། བྲག་དཀར་རྫོང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། འབའ་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་སོགས་ལས་ཁུངས25དང་གསོ་སྦྱོང་ལ་ཞུགས་པའི་སློབ་མ་བསྡོམས་པས66འདུས།
ཤེས་ཡོན་པ་དང་དགེ་རྒན་ཆེན་མོ་བས་མཚོ་ལྷོའི་གཞི་རིམ་རྐང་འཛིན་ལོ་ཙཱ་བའི་གསོ་སྦྱོང་འཛིན་གྲྭར་གནང་བའི་མུ་འབྲེལ་འཆད་ཁྲིད།
རྒན་བསོད་ནམས་རྡོ་རྗེ་ལགས་ཀྱིས་མཚོ་ལྷོའི་གཞི་རིམ་
རྐང་འཛིན་ལོ་ཙཱ་བར་འཆད་ཁྲིད་གནང་བ།
ཟླ8པའི་ཚེས13ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་རྒྱུན་ལས་འགོ་གཙོ་གཞོན་པའམ་གསེར་ཆེན་རྫོང་གི་རྫོང་དཔོན་གཞོན་པ་བསོད་ནམས་རྡོ་རྗེས2012ལོའི་མཚོ་ལྷོ་ཁུལ་གཞི་རིམ་རྐང་འཛིན་ལོ་ཙཱ་བའི་གསོ་སྦྱོང་འཛིན་གྲྭར་བོད་གནའ་རབས་ཀྱི་ལོ་ཙཱའི་གཞུང་ལུགས་སྐོར་ནས་ཐོག་མར་འཆད་ཁྲིད་གནང་བ།
གཙོ་ཆེར་སྒྲ་སྦྱོར་བམ་གཉིས་ལས་བསྟན་པའི་རྩ་བའི་ལོ་ཙཱ་བྱེད་ཐབས་གསུམ་སྟེ། དང་པོ། སྐད་རང་སོར་འཇོག་པའི་སྐོར་ནས། ནང་དོན་བསྒྱུར་མི་ཐུབ་པའི་རིགས་དང་། སེམས་ཅན་དང་མེ་ཏོག རྩི་ཤིང་སོགས་བོད་ལ་མེད་པའི་རིགས་སོགས་སྐད་རང་སོར་འཇོག་པའམ་གཞན་སྐད་ཇི་མ་ ཇི་བཞིན་བོད་སྐད་དུ་སྤྱོད་པ་དེ་ཡིན། གཉིས་པ། ཐད་སྒྱུར་གྱི་སྐོར་ནས་མཉམ་འཇོག་བྱེད་དགོས་པའི་རིགས། དོན་དང་ཚིག་གི་མགོ་སྔ་ཞིབ་ཏུ་བཀླགས་ཏེ་སྐབས་ཐོག་དེར་འོས་ཤིང་འཚམ་པར་སྒྱུར་ དགོས་པ། སྲིད་གཞུང་གི་ཡིག་ཆ་ཡིན་ན་ཚིག་ངོས་ནས་སྒྱུར་ཚེ་དོན་འཁྲུལ་འབྱུང་མི་སླ་ཞིང་། ཚན་རིག་སྐོར་གྱི་ཡིག་ཆ་དང་། མིང་གཅིག་དོན་མང་པོར་འཇུག་པ། དོན་གཅིག་ལ་མིང་གི་རྣམ་གྲངས་མང་པོ་ཡོད་པའི་རིགས་ལ་མཉམ་འཇོག་བྱེད་དགོས་པ། གསུམ་པ། དོན་སྒྱུར། སྐད་ཁ་ཅིག་དོན་བཞིན་དུ་གདགས་ཏུ་རིག་པ་རྣམས་ཀྱང་དོན་ཙམ་པར་བྱས་ནས་སྒྱུར་བ་ཡིན། དེ་ཡང་རྩོམ་རིག་བརྩམས་ཆོས་དང་། ཆོས་དང་གཞུང་གི་སྐོར་སོགས་སྒྱུར་དུས་དོན་སྒྱུར་སྤྱོད་ཆེ་བ།
སྐད་རང་སོར་བཞག་པ་དང་། ཐད་སྒྱུར། དོན་སྒྱུར་བཅས་ནི་སྒྲ་སྦྱོར་བམ་གཉིས་ལས་བཤད་པའི་སྤྱིའི་སྒྱུར་ཐབས་ཡིན་ ཞིང་། བྱེ་བྲག་གི་སྒྱུར་ཐབས་ལ། མིང་ལ་མིང་གི་སྒྱུར་ཐབས་བྱེ་བྲག་ཏུ་མང་པོ་ཡོད་པ་དང་། མིང་གི་ངོ་བོ་དང་བྱེད་ལས། མཇུག་འབྲས་སོགས་ཀྱི་ཆ་ནས་རིགས་མང་པོར་དབྱེ། ཚིག་ལ་ཚིག་གི་ཆ་ནས་སྒྱུར་ཐབས་མང་པོ་ཡོད་པ། མི་རིགས་སོ་སོའི་རིག་གནས་དང་ཡུལ་གྱི་ཁྱད་པར་སོགས་ཀྱི་དབང་གིས་ཚིག་གི་སྦྱོར་ ལུགས་མི་འདྲ་ཞིང་། ལ་ལ་གོ་རིམ་སྔ་གཞུག་བརྗེས་ཏེ་སྒྱུར་བ་དང་། ཁ་ཤས་གོ་རིམ་ཇི་ལྟ་བ་བཞིན་དུ་སྒྱུར་བ་ཡིན། དེ་མིན་སྣོན་སྒྱུར་དང་འཕྲི་སྒྱུར་སོགས་སྒྱུར་ཐབས་སྤྱོད་ཀྱི་ཡོད།
ལོ་ཙཱ་བའི་ཚད་གཞི་ནི་སྒྲ་སྦྱོར་བམ་གཉིས་ལས། དོན་དང་མི་འགལ་ལ་བོད་ལ་ཡང་གོ་བདེ་བར་གྱིས་ཤིག་དང་། ས་སྐྱ་པཎྚི་ཏས་ལོ་ཙཱ་བ་ནི་ནེ་ཙོ་ལྟ་བུ་ཡིན་ཞེས་པར་འདོད་དེ་གཞན་སྐད་སོར་མ་ཉམས་པར་ཇི་མ་ཇི་བཞིན་དུ་སྒྲོག་པ་ཡིན། དེ་ཡང་རིག་པའི་གནས་བཅུ་བོད་ལ་བསྒྱུར་བ་ནི་ས་སྐྱ་པཎྚི་ཏའི་དུས་སུ་ཡིན། དེ་བས་རིག་གནས་དང་རྩིས། སྙན་ངག་སོགས་སྒྲའི་གཞུང་སྒྱུར་དུས་ལྷག་པར་དུ་ཐད་སྒྱུར་ཤུགས་ཆེ་བར་སྤྱད་ཡོད་ པ། ལྕང་སྐྱ་རོལ་བའི་རྡོ་རྗེའི་རིང་ལ། གོང་མའི་མངགས་བཅོལ་ལྟར་བཀའ་བསྟན་སོག་ཡིག་ཏུ་བསྒྱུར་བ་ཡིན་ཞིང་། ཁོང་གིས་ལོ་ཙཱ་བའི་ཚད་གཞི་རུ་ཚིག་གསལ་ཞིང་གོ་བདེ་བ་ཞེས་པའི་ཚིག་གཅིག་བསྣན་ཡོད།
རྔོག་བློ་ལྡན་ཤེས་རབ་ཀྱིས་གསུངས་པ་ལྟར། བེེ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། སྐ་ཅོག་གཉིས་ནི་ཉི་ཟླ་ཟུང་ཅིག་འདྲ། རིན་ཆེན་བཟང་པོ་མཐོ་རེངས་སྐར་ཆེན་འདྲ། ཁོ་བོ་ཡང་ནི་སྲིན་འབུ་མེ་འཁྱེར་ཙམ།
བོད་ཀྱི་ལོ་ཙཱའི་གཞུང་ལུགས་འདི་རྒྱ་ནག་དང་ཕྱི་རྒྱལ་གྱི་ལོ་ཙཱའི་གཞུང་ལུགས་དང་བསྡུར་ན་ཁྱད་ཆོས་དང་ཡོན་ཏན་ཅི་ཞིག་ལྡན་ཞེ་ན། སྒྲ་ སྦྱོར་བམ་གཉིས་ནི་ཐང་རྒྱལ་རབས་ཀྱི་སྐབས་ཡིན་པ་དང་། ཐང་སིན་བླ་མ་རྒྱ་གར་དུ་སོང་ནས་ཆོས་མང་པོ་ཞུས་ཏེ་སྒྱུར་དུས་མི་འགྱུར་བ་ལྔ་ གཏན་འཁེལ་གནང་སྟེ་དགེ་བ་མཚོན་ཕྱིར་ཁ་སྣོན་བྱས། སྒྲ་སྦྱོར་བམ་གཉིས་ལས་དོན་སྒྱུར་དང་ཐད་སྒྱུར་བྱེ་བྲག་ཏུ་བསྟན་པ་དང་། ཐང་སིན་བླ་མས་གང་ཞིག་མི་འགྱུར་བ་བསྟན་པ་ལས་ཇི་ལྟར་སྒྱུར་བའི་ཐབས་བསྟན་མེད་ པ། 1898ལོའི་ཡས་མས་སུ་ཡན་ཧྥུ་ཡི信དོན་དང་ཡང་མི་འགལ་བ། 达བོད་ལ་ཡང་གོ་བདེ་བར་གྱིས་ཤིག 雅ཚིག་གི་ཉམས་ཐོན་པ། ཞེས་པ་འདི་རྒྱ་ནག་གི་ལོ་ཙཱའི་ལོ་རྒྱུས་སྟེང་ལོ་སྟོང་ཕྲག་གཉིས་རིང་ངམ་ད་ ལྟའི་བར་ཁས་ལེན་པའི་ལོ་ཙཱའི་ཚད་གཞི་ཡིན་ནའང་། འདི་དང་བསྡུར་ན་སྒྲ་སྦྱོར་བམ་གཉིས་ལོ་སྟོང་ལྷག་གིས་སྔ་བ་ཡིན། ཡང་ཨ་རིའི་ལོ་ཙཱའི་གཞུང་ལུགས་ཞིབ་འཇུག་པ་ནེ་ཏཱའི《奈达论翻译》ཞེས་པའི་ནང་སྒྲ་སྦྱོར་བམ་གཉིས་ཀྱི་ཚད་གཞི་མ་འདུས་པ་ཞིག་མི་འདུག
བཀས་བཅད་པའི་རྒྱུ་མཚན་ནི་ཐ་སྙད་གཅིག་གྱུར་མ་ བྱུང་བས་ཡིན། སོ་སོའི་ཡུལ་སྐད་དང་། སོ་སོས་གོ་བ་ལེན་སྟངས་སོགས་འགྱུར་བ་སྣ་ཚོགས་བྱུང་བས་ཀློག་པ་པོས་གོ་བ་ཡང་དག་ ལེན་མ་ཐུབ་པས་རེད།
ཐ་སྙད་གསར་བ་གཅིག་གྱུར་དང་ཁྱབ་སྤྱོད་བྱེད་དགོས་ཏེ། ད་ ལྟ་བོད་སྐད་དག་མོ་བཤད་མི་ཐུབ་པའི་རྒྱུ་མཚན་གཙོ་བོ་ཡང་ཐ་སྙད་གསར་སྒྱུར་ཏེ་ སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་འཕེལ་རྒྱས་བྱུང་མ་ཐུབ་པས་ཡིན་ལ། ཐ་སྙད་གསར་བ་བསྒྱུར་ནས་སྤྱི་ཚོགས་ཀྱི་རྗེས་མ་ཆོད་པ་དང་། ལ་ལ་བསྒྱུར་ཡང་ཁྱབ་སྤེལ་བཏང་སྟེ་རྗེས་མ་ཆོད་པས་རེད། བརྡ་ཆད་གཅིག་གྱུར་བྱེད་དགོས་ན་ངེས་པར་རྩ་འཛུགས་ཤིག་གིས་འགན་འཁྲི་དང་དུ་ལེན་དགོས་པ་བསྟན།
མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ཞིབ་
འཇུག་ཁང་གི་ ཀྲུའུ་རིན་ནམ་འབུམ་རམས་པ་པདྨ་ལྷུན་
གྲུབ་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ།
ཟླ8པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རིན་པདྨ་ལྷུན་གྲུབ་ལགས་ཀྱིས2012ལོའི་མཚོ་ལྷོ་ཁུལ་གཞི་རིམ་རྐང་འཛིན་ལོ་ཙཱ་བའི་གསོ་སྦྱོང་འཛིན་གྲྭར་སྐད་རིགས་ཀྱི་བརྡ་སྤྲོད་ཁྱད་ཆོས་དང་ལོ་ཙཱའི་ཁ་ཕྱོགས་ཞེས་པའི་འཆད་ཁྲིད་གནང་བ་རེད།
རྒན་པདྨ་ལྷུན་གྲུབ་ལགས་ཀྱིས་སྤྱི་ཚོགས་འཕེལ་འགྱུར་དང་མི་རིགས་སྐད་ཡིག་གི་ གནས་བབ་དང་། ལོ་ཙཱའི་ལག་ལེན་ལས་བསྐྱེད་པའི་རིགས་གཞུང་འཕེལ་འགྱུར་ཐད་ཀྱི་མྱོང་ཚོར། སྐད་རིགས་སོ་སོའི་ཁྱད་ཆོས་དང་ལོ་ཙཱའི་རྩ་དོན། སྐད་ཡིག་རིག་གནས་དང་འགྱུར་རྩོམ་རང་ངོས་ནས་ལོ་ཙཱའི་ཁ་ཕྱོགས་འཚོལ་བ་སོགས་ལ་རྒྱལ་ཁབ་ཕྱི་ནང་གི་ལོ་ཙཱ་སྨྲ་བ་རྣམས་ཀྱི་ལྟ་གྲུབ་དང་ལོ་ཙཱའི་རིགས་གཞུང་ཕུན་སུམ་ཚོགས་པ་བརྗོད་ཐོག ང་ཚོའི་འཚོ་བའི་ཁྲོད་ས་ཁྱབ་རྡོ་ཁྱབ་ཏུ་སོང་བའི་དཔེ་མང་པོ་དྲངས་ནས་གསལ་བོར་བརྗོད་པ་རེད།
དེར་མ་ཟད་ལོ་ཙཱ་བྱེད་དུས་ཐ་དད་པའི་སྐད་རིགས་གཉིས་ཀྱི་ཐུན་མོང་གི་ཆ་དང་ཐུན་མིན་གྱི་ཆ་ལ་ཞིབ་འཇུག་བྱས་ཐོག སོ་སོའི་བརྡ་སྤྲོད་པའི་རྨང་གཞི་ཤེས་བྱ་དང་། བོད་རྒྱ་སྐད་རིགས་གཉིས་ལ་མཚོན་ན་སོ་སོའི་ཐ་སྙད་ཀྱི་གྲུབ་ཚུལ། བྱ་བྱེད་ལས་གསུམ་གྱི་གོ་རིམ་སྒྲིག་སྟངས་ཀྱི་ཁྱད་པར། རྩོམ་ལུས་མི་འདྲ་བའི་ཁྱད་ཆོས་སོགས་ཁོང་བྱན་ཆུད་དགོས་ཚུལ་བསྟན་པ་རེད།
རྒན་པདྨ་ལྷུན་གྲུབ་ལགས་ཀྱི་འཆད་ཁྲིད་བརྒྱུད་ནས་ང་ཚོས་ལོ་ཙཱའི་ཐད་ཀྱི་ རིགས་གཞུང་གསར་བ་དག་ལ་སློབ་སྦྱོང་དང་ངེས་ཤེས་གསལ་བོ་ཞིག་བསྐྱེད་ཐུབ་ཅིང་། ལོ་ཙཱའི་ལག་ལེན་ཁྲོད་རྒྱུན་འབྱམས་སུ་སོང་བའི་ནོར་འཁྲུལ་མང་བོ་ཞིག་ལ་དག་ བཅོས་དང་གཟབ་གཟབ་བྱེད་དགོས་ཚུལ་བསྟན་པའི་ཁར། རྗེས་སོར་ལོ་ཙཱ་བྱེད་དུས་བསྒྱུར་པ་པོ་རྣམས་ཀྱིས་རིག་གནས་ལ་ཇི་ལྟ་བུའི་ལྟ་ཚུལ་ཞིག་བཅངས་དགོས་ཚུལ་བསྟན་པ་སོགས་ཀྱིས་ལོ་ཙཱའི་བྱ་བའི་ལག་ལེན་ལ་ངེས་པ་དོན་གྱི་དགེ་མཚན་ཆེན་པོ་ལྡན་པ་རེད།
ཆབ་འགག་རྡོ་རྗེ་ཚེ་རིང་གིས་བོད་ཀྱི་ལོ་ཙཱའི་སྐོར་
ནས་བགྲོ་གླེང་འཆད་ཁྲིད་གནང་བ།
ཟླ8པའི་ཚེས15ཉིན་གྱི་སྔ་དྲོ། དེ་སྔའི་མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་གཙོའམ་གེ་སར་ཞིབ་འཇུག་ལྟེ་གནས་ཀྱི་འགོ་གཙོ་ཆབ་འགག་རྡོ་རྗེ་ཚེ་རིང་ལགས་ཀྱིས་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་དུ་བསྡུས་པའི་མཚོ་ལྷོ་ཁུལ་གཞི་རིམ་རྐང་འཛིན་ལོ་ཙཱའི་བའི་གསོ་སྦྱོང་འཛིན་གྲྭར་ལོ་ཙཱ་བྱེད་སྐབས་མཉམ་འཇོག་བྱེད་དགོས་པའི་གནད་དོན་འགའི་སྐོར་ནས་བགྲོ་གླེང་འཆད་ཁྲིད་གནང་།
དེ་ཡང་ལོ་ཙཱ་བྱེད་སྐབས་གཅིག་ནས་སྒྱུར་བྱའི་དོན་དང་མི་འགལ་བའི་སྐོར་ལ་ཐུགས་ མཉམ་འཇོག་དགོས་ཤིང་མ་ཡིག་གི་ཚིག་དང་དོན་གཉིས་མཐིལ་ཕྱིན་པར་རྟོགས་དགོས་པ། གཉིས་ནས་རང་གིས་ལོ་ཙཱ་བྱས་པའི་རིགས་རྣམས་ངེས་པར་ཁ་གསལ་ཞིང་གོ་བདེ་བའི་སྐོར་ ལ་མཉམ་འཇོག་དགོས་པ། གསུམ་ནས་མིང་ཚིག་གཅིག་གྱུར་བྱ་བའི་སྐོར་ལ་ཐུགས་མཉམ་འཇོག་པ་སྟེ་འདི་ནི་དུས་ ནམ་ཡིན་ཡང་དམིགས་སུ་འཛིན་དགོས་པའི་དོན་དག་གལ་ཆེན་ཞིག་ཡིན་པ། བཞི་ནས་ཡིག་སྐད་ཚད་ལྡན་དང་གོ་སླ་བའི་སྐོར་ལ་ངེས་པར་གཟབ་ནན་བྱེད་དགོས་པ།
ས་མིང་དང་ཆུ་མིང་གི་རིགས་རྣམས་མང་ཆེ་བ་ཐད་སྒྱུར་བྱེད་འོས་ཏེ། དེ་ཡང་བདེ་སྐྱིད་ཐང་ལྟ་བུ幸福滩དང德吉滩ཞེས་མི་སྒྱུར་བར德吉塘ཞེས་ཐད་སྒྱུར་བྱེད་པ་དང་། བདེ་སྐྱིད་ཚོ་བ་ལྟ་བུ་ཡང金安小区ཞེས་དོན་སྒྱུར་མི་བྱེད་པར་ཐད་སྒྱུར་བྱས་ན་མི་ རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་ཐད་ལ་དགེ་མཚན་ཆེན་པོ་ལྡན་ལ། དེ་མིན་སྒོ་བྱང་སོགས་སྒྱུར་དུས་ཀྱང་མཐའ་གཅིག་ཏུ་རྒྱ་ཡིག་གི་རྗེས་འདེད་མི་འོས།
འཇིག་རྟེན་གྱི་མིག་སྟེ་མཁས་པའི་ལོ་ཙཱ་བ་རྣམས་ཀྱི་བཀའ་དྲིན་བསམ་པ། དེ་ཡང་ཚད་དང་ལྡན་པའི་ལོ་ཙཱ་བ་ནི་ཏག་ཏག་འཇིག་རྟེན་གྱི་མིག་ཅེས་གདག་ཏུ་རུང་སྟེ། བོད་ཀྱི་ལོ་ཙཱ་བ་རིམ་བྱོན་རྣམས་ཀྱི་བཀའ་དྲིན་ལས་བོད་མི་རིགས་ལ་ད་གཟོད་མི་ རིགས་གཞན་དང་བསྡུར་ན་ཁྱད་དུ་འཕགས་པའི་ནང་ཆོས་རིག་གནས་སོགས་མངོན་རྒྱུ་ཡོད་ཅིང་གཞན་མི་རིགས་ཀྱི་རིག་གནས་སོགས་ལ་འགྲམ་ཆུ་ལྡང་མི་དགོས་པའི་གནས་སུ་ཆགས་ཡོད།
དཔེ་སླ་མོ་ཞིག་བཞག་ན་འདི་ལྟ་སྟེ། ས་སྐྱ་གཙུག་ལག་ཁང་ཁོ་ནར་པོ་ཏི་དཔག་མེད་པ་འདུག་ཅིང་། བྱིས་པ་ལོ་བདུན་བརྒྱད་ཅན་ཞིག་གིས་ཚེ་གང་བོར་གནས་གཞན་ལ་སྤོར་ཡང་ཚར་རྒྱུ་མེད་ པ་ཞིག་ཏུ་སྣང་ལ། དེ་མིན་དྷི་ཚ་དགོན་པ་དང་། བྱ་ཁྱུང་དགོན་པ། བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ། སེ་འབྲས་དགའ་གསུམ་སོགས་སུའང་པོ་ཏི་གཞལ་དུ་མེད་པ་མཆིས། ཡང་རེབ་གོང་ཁོ་ནར་གསུང་འབུམ་ཡོད་པའི་མཁས་པ80ལ་བུད་ཡོད་པ་དང་། རགས་བསྡུར་བྱས་ན་མདོ་དབུས་ཁམས་གསུམ་དུ་གསུང་འབུམ་ཡོད་པའི་མཁས་པ1000ལྷག་འདུག རྒྱ་མི་རིགས་ལ་མཚོན་ན་གསུང་འབུམ་ཡོད་པའི་མཁས་པ60ནས70བར་ལས100ལའང་བུད་མེད་པ་འདྲ།
གསུང་རྩོམ་པོ་ཏིའི་མང་ཉུང་དང་རྒྱ་ཆེ་མིན་གྱི་ཐད་ནས་བསྡུར་ན་དེ་བས་ཀྱང་མི་ རིགས་གཞན་གྱིས་བསྡུར་ཐབས་བྲལ་བ་ཞིག་ཏུ་སྣང་། དཔེར་ན་རྒྱ་མི་རིགས་ལ་མཚོན་ན་དཔེ་ཆ་ལྔ་ཡོད་ན་གསུང་འབུམ་དུ་རྩིས་པ་དང་། ཡང་བོད་མི་རིགས་ལ་མཚོན་ན་པོ་དོང་བ་ཁོ་ནར་པོ་ཏི་བརྒྱའི་ཡན་ཟིན་པས་དངོས་གནས་ ཧ་ལས་ཤིང་འགྲན་ཡ་བྲལ་བ་ཞིག་རེད། དེ་མིན་གེ་སར་སྒྲུང་ལྟ་བུར་མཚོན་ན་སྒྲུང་སྣ་མི་གཅིག་པའི་སྒྲུང300ལྷག་ལ་བུད་ ཡོད་པ་དང་། དེ་ལས་ད་སྔ་དག་སྒྲིག་བྱས་ཟིན་པའི་སྒྲུང100ལྷག་དང་དཔར་བཏབས་པའི་པོ་ཏི87 ནས88ལ་བུད་ཡོད། སྙན་ངག་གི་ཐད་ནས་ཀྱང་རྒྱ་མི་རིགས་ལ་མཚོན་ན་འཛམ་གླིང་དུ་མངོན་རྒྱུ་ཡོད་པ་ ཞིག་ནི《唐诗300首》ཞེས་པ་དེ་ཡིན་ནའང་། བོད་མི་རིགས་ལ་མཚོན་ན་རྗེ་བཙུན་ཙོང་ཁ་པ་ཁོ་ནར་རྟེན་འབྲེལ་བསྟོད་པ་དང་། རྟག་ངུའི་རྟོག་བརྗོད། གཞན་ད་དུང་སྒིས་སྟེང་བློ་བཟང་དཔལ་ལྡན་དང་། རྒྱལ་དབང་ལྔ་བ་བཅས་ཀྱི་སྙན་ངག་ལ་ཤོ་ལོ་ཀ་བགྲང་གིས་མི་ལངས་པས་གཞན་གྱིས་ནི་ འགྲན་ཟླ་བྲལ་བ་ཞིག་ཡིན། གླུ་གར་རྩེད་འཇོའི་ཐད་ནས་ཀྱང་མི་རིགས་གཞན་པས་འགྲན་མི་ནུས་སོ།།
ཡང་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ཀྱི་བཀའ་དྲིན་ལ་རྟེན་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལས་རིག་གནས་ཀྱི་ཉིང་བཅུད་དེ་ནང་བ་སངས་རྒྱས་ཀྱི་ཆོས་ལུགས་ཐོན་པའི་ས་ཁུལ་དག་མི་རིགས་གཞན་དུ་བགར་མེད་པར་བོད་ཅེས་འབོད་པ་དང་། ནང་བ་སངས་རྒྱས་ཀྱི་ཆོས་ལུགས་ཐོན་མེད་པའི་ས་ཆའམ་བོན་ཆོས་དར་བའི་ས་ཆ་མང་ཆེ་བ་ མི་རིགས་གཞན་དུ་བགར་ཡོད་དེ། དཔེར་ན普米族,哈尼族,白族,纳西族སོགས་ལ་ནང་ཆོས་ཐོན་མེད་པས་མི་རིགས་གཞན་དུ་བཀར་ཡོད་པ་ལྟ་བུའོ།།
ཐ་སྙད་གསར་བ་གཅིག་གྱུར་བྱེད་དགོས་པ། ཐ་སྙད་གསར་བ་གཅིག་གྱུར་བྱེད་རྒྱུ་ནི་ད་ལྟའི་བར་འབྲེལ་ཡོད་ཆེད་མཁས་པ་དང་། ཤེས་ཡོན་པ། འགོ་ཁྲིད་དག་གིས་གླེང་དང་གླེང་བཞིན་པ་དང་། ཐབས་ལམ་ཡག་པོ་བཙལ་དང་འཚོལ་བཞིན་ཡོད་ནའང་། ཐ་སྙད་གསར་སྒྱུར་དང་ཁྱབ་སྤེལ་གྱི་ཐད་ནས་ད་དུང་དུས་རབས་དང་སྤྱི་ཚོགས་ཀྱི་རྗེས་ཆོད་ཀྱི་མེད་སྟབས། སྔར་ལས་ལྷག་པའི་ཐབས་ལམ་བཟང་པོ་ཞིག་སྤྱད་དེ་ཐ་སྙད་གསར་སྒྱུར་གྱི་དུས་མྱུར་རང་བཞིན་དང་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བསྟན།
དགེ་རྒན་ཆེན་མོ་བུ་བཞི་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ།
ཟླ8པའི་ཚེས16ཉིན། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་བུ་བཞི་བསམ་པའི་དོན་གྲུབ་ལགས་ཀྱིས་མཚོ་ལྷོ་ཁུལ་གཞི་རིམ་རྐང་འཛིན་ལོ་ཙཱ་བའི་གསོ་སྦྱོང་འཛིན་གྲྭར《སྒྲ་སྦྱོར་བམ་གཉིས》 ཀྱི་གཞུང་ལུགས་དང་སྦྱར་ནས་དེང་རབས་ཐ་སྙད་གསར་བ་འགའི་བསྒྱུར་སྟངས་ལ་དཔྱད་པ་ཞེས་པའི་འཆད་ཁྲིད་གནང་།
རྒན་བུ་བཞི་ལགས་ཀྱིས《སྒྲ་སྦྱོར་བམ་གཉིས》གཞུང་ལུགས་ཀྱི་ལོ་རྒྱུས་རིན་ཐང་དང་། ལོ་ཙཱའི་རྩ་དོན། དེང་རབས་ཐ་སྙད་གསར་བའི་བསྒྱུར་སྟངས་སོགས་ཕྱོགས་གང་མང་ནས་གནད་དུ་འཐིངས་པའི་འཆད་ཁྲིད་གནང་བ་སྟེ། ཁོང་གིས་གསུང་རྒྱུར། 《སྒྲ་སྦྱོར་བམ་གཉིས》ནི་སྔོན་མའི་ལོ་ཙཱའི་ཚད་གཞི་ཞིག་ཡིན་པར་མ་ཟད། ཉེ་རབས་དང་དེང་རབས་ཀྱི་ལོ་ཙཱའི་ཚད་ཐིག་ཅིག་ཀྱང་ཡིན་པས། དེ་ནི་དུས་རབས་ཀྱི་བཀག་རྒྱ་ལས་བརྒལ་ཞིང་ཤེས་རིག་ཚན་ཁག་གི་རིས་སུ་མ་ཆད་པར་ཕྱོགས་གང་ལ་སྤྱོད་ཀྱང་འཚམ་པའི་གཞུང་ལུགས་ཡང་དག་དང་ཚད་ལྡན་ཞིག་རེད་ཅེས་ བརྗོད་པ་རེད། དེའི་འཕྲོར་དེང་རབས་ཐ་སྙད་གསར་བའི་བསྒྱུར་ཐབས་ཏེ། གྲངས་ཀྱི་བསྒྱུར་སྟངས་དང་། གོ་གནས་དང་ཐོབ་ཐང་གི་བསྒྱུར་སྟངས། མངོན་བརྗོད་ཀྱི་བསྒྱུར་སྟངས། སྟབས་བསྟུན་གྱི་ཐ་སྙད་བསྒྱུར་སྟངས་སོགས་དཔེ་གང་མང་དྲངས་ཏེ་ཁ་གསལ་ཞིང་གོ་ བདེ་བའི་སྒོ་ནས་བསྟན་པ་རེད།
དགེ་རྒན་ཆེན་མོ་བུ་བཞི་ལགས་ཀྱི་འཆད་ཁྲིད་བརྒྱུད་ནས་ལོ་ཙཱའི་གཞུང་ལུགས་ ཀྱི་ཉིང་བཅུད་ལ་རོལ་མྱོང་བྱེད་ཐུབ་པར་མ་ཟད། དེང་ཕྱིན་ལོ་ཙཱའི་ལག་ལེན་ལ་འཇུག་པར་མཛུབ་སྟོན་གསལ་བོ་གནང་བས་ཀུན་གྱིས་དགའ་ བསུ་ཆེན་པོ་ཐོབ་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com