《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》གྱི་རིན་ཐང་དཔྱད་བརྗོད།
གཞུང་ལུགས་རབ་འབྱམས་སྨྲ་བའི་ཆེད་མཁས་པ་རྣམ་པ། འགོ་ཁྲིད་རྣམ་པ། གྲོགས་པོ་རྣམ་པ། ཚང་མ་ཕྱི་དྲོ་བདེ་ལེགས། དེ་རིང་སྐབས་སུ་བབས་པའི《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》ལ་ཕྱོགས་གསུམ་ནས་དཔྱད་བརྗོད་ཅུང་ཙམ་བྱ།
དང་པོ། ས་མིང་རིག་གནས་ཀྱི་གལ་ཆེན་རང་བཞིན་གྱི་སྐོར། མིང་ཞེས་པ་ནི་ཐ་སྙད་རིག་གནས་ཀྱི་མཚོན་རྟགས་ཤིག་ཡིན། དཔེར་ན་བུ་སྐྱེས་པ་ལ་མིང་འདོགས་པ་ལྟ་བུ། སྤྱིར་བོད་གངས་ཅན་ལ་མཚོན་ན་ཕྱིའི་སྣོད་ཀྱི་བཀོད་པ་འདི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཕྱིན་རི་རེ་རེ་ལ་མིང་རེ་ཡོད་པ་དང་། ཆུ་རེ་རེ་ལ་མིང་རེ་ཡོད། ཡང་ན་ཡུལ་གྲུ་སོ་སོའམ་ཡུལ་ཁམས་ག་གེ་མོ་ཚང་མར་མིང་གི་བཏགས་པ་རེ་ཡོད་པ་ནི་བོད་ཀྱི་ས་མིང་གི་ཁྱད་ཆོས་ཤིག་རེད། དཔེར་ན་ཨ་མདོ་ཞེས་པ་ནི་ཨ་ཆེན་གངས་རི་མན་ཆད་དང་མདོ་ལ་རིང་མོའི་ཡན་ཆད་ཀྱི་ཡུལ་འདི་ལ་ཟེར་བ་ལྟ་བུ། དེ་བཞིན་དུ་དབུས་གཙང་དང་། ཁམས་ཕྱོགས། བླ་བྲང་། རྨ་ཆུ་དང་འབྲི་ཆུ། བློན་པོ་གསེར་ཆེན་ལྟ་བུ་སོགས་མིང་ལ་བརྟེན་ནས་གནས་ངོས་འཛིན་ཐུབ་པའོ། །
ས་མིང་རིག་གནས་ཞེས་པ་ནི་ཡུལ་ཁམས་སོ་སོའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་འཚོ་བ། མི་རིགས་ཀྱི་སེམས་ཁམས་བཅས་དང་འབྲེལ་བ་ཤིན་ཏུ་དམ་པོ་ཡོད་པའི་ཤུལ་བཞག་རིག་གནས་ཤིག་ཡིན་ཕྱིན། ས་མིང་རིག་གནས་ནང་དུ་མི་རིགས་དེའི་གལ་འགངས་ཧ་ཅང་ཆེ་བའི་རིག་གནས་དང་ལོ་རྒྱུས་ཀྱི་རིན་ཐང་འདུས་ཡོད། དེའི་སྟབས་ཀྱིས་མཁས་པ་རྣམས་ཀྱིས་ཇི་སྐད་དུ། ས་མིང་ནི་བསུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཡིན། ས་མིང་ནི་ལོ་རྒྱུས་རིག་གནས་ཀྱི་གདོད་མའི་བརྡ་རྟགས་ཤིག་ཡིན། ས་མིང་ནི་ལོ་རྒྱུས་རིག་གནས་ལ་ཁྱབ་མཆེད་དང་མཉམ་འདྲེས་བྱུང་བའི་མཚོན་རྟགས་ཤིག་ཡིན།ས་མིང་ནི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་པའི་ལམ་རྟགས་ཤིག་ཡིན། ཞེས་ས་མིང་རིག་གནས་ཀྱི་གལ་ཆེན་རང་བཞིན་བསྟན་ཡོད། ཡང་དོར་ཞི་གདོང་དྲུག་སྙེམས་པའི་བློ་གྲོས་ཀྱིས“སྔོན་གྱི་བྱུང་རབས་ལོ་རྒྱུས་ཐམས་ཅད་གཏམ་རྒྱུད་དང་ཡིག་ཚང་ལ་བརྟེན་ནས་མི་རབས་རྗེས་མ་དག་གིས་གོ་ཐོས་བྱུང་བ་ཡིན་ལ། སྔོན་བྱུང་གི་ལོ་རྒྱུས་དང་འབྲེལ་བའི་ཡུལ་ལྗོངས་དང་མི་རིགས་སོགས་ཀྱི་ཁྱད་པར་ས་མིང་ཡུལ་མིང་གི་སྟེང་ནས་ཤེས་པ་ཡིན་ལ། རིག་གནས་གཞུང་ལུགས་ཀྱི་འབྱུང་ཁུངས་ཁྱད་ཆོས་སོགས་ཀྱང་གཞུང་རང་རང་གི་མིང་ཚིག་ཐ་སྙད་ཀྱི་རྟགས་མཚན་སྟེང་ནས་ཤེས་ནུས”ཞེས་གསུང་བ་དང་། ཡང“ལོ་རྒྱུས་ཀྱི་འགྱུར་ལྡོག་ཅི་འདྲ་བྱུང་ཡང་ས་མིང་གནས་མིང་གི་རྟགས་མཚན་ཡུན་རིང་བོར་གནས་པ་ཡིན་ལ། མིང་གི་རྟགས་མཚན་དེ་དག་ལོ་རྒྱུས་ཀྱི་རྟགས་མཚན་ཞིག་ཡིན་པས། མིང་དང་བརྟེན་པར་ལོ་རྒྱུས་ཀྱི་རིག་གནས་མང་པོ་ཞིག་གོ་ཐུབ་པ་ཡིན། དེའི་གནད་ཀྱིས་ས་མིང་ཆུ་མིང་སོགས་བསུབ་ཏུ་མེད་པའི་ལོ་རྒྱུས་རྡོ་རིང་ཞིག་ཏུ་ངོས་འཛིན་བྱེད་ཆོག”ཅེས་ས་མིང་གི་གལ་ཆེན་རང་བཞིན་གསུང་འདུག
གཉིས་པ། 《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》ཞེས་པའི་གཞུང་འདི་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དུ་མ་ཡོད་པའི་སྐོར། འོ་ན་འདི་འདྲའི་བྱ་བ་རླབས་པོ་ཆེ་ཞིག་བསྒྲུབ་ནས་འགྲུབ་དགོས་ཚེ། ཐོག་མར་བྱ་བ་འདི་ལ་སྣེ་ཁྲིད་བྱེད་པའི་ལས་ཁུངས་སམ་འགོ་ཁྲིད་མཁྱེན་རྒྱ་ཡངས་ཤིང་བློ་གྲོས་དང་ལྡན་པ་ཞིག་ཡོད་དགོས། མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་གཞུང་ལས་ཁང་གི་ལས་བྱེད་མི་སྣ་ཐམས་ཅད་ཀྱིས་ལོ་ངོ་བཞིའི་རིང་ལ་འགྲིམ་འགྲུལ་སྟབས་མི་བདེ་བ་དང་གཅིག མ་དངུལ་མི་འདང་བ་དང་གཉིས། ལམ་ཐག་རིང་བ་དང་གསུམ་བཅས་ཀྱི་དཀའ་ངལ་ཁྱད་དུ་བསད་ནས་རྫོང་ལྔའི་སྲིད་འཛིན་སྡེ་བ་བཞི་བརྒྱ་ལྷག་ལ་སོང་ནས་ས་མིང་རེ་རེ་བཞིན་སྔོག་འདོན་དང་འཚོལ་བསྡུ། དག་བསྒྲིགས་བཅས་བྱས་ནས་ད་ལྟ་པར་སྐྲུན་འགྲེམ་སྤེལ་བྱས་པ་ནི་ལས་ཁུངས་འདིའི་འགོ་གཙོ་དང་ལས་མི་རྣམ་པའི་བྱས་རྗེས་རེད། གཞུང་འདི་ལ་ཁྱད་ཆོས་གང་དག་ཡོད་ཅེ་ན། གཞུང་འདིའི་ནང་འཁོད་པའི་ས་མིང་ཆུ་མིང་རྣམས་ཀྱི་འགྲེལ་ཚུལ་ཐད་རིགས་པའི་སྒྲུབ་སྟངས་ཧ་ཅང་གཟབ་ནན་ཡིན་པ་དང་གཅིག ཁུངས་གཏུགས་སའི་ར་སྤྲོད་ཚད་མཐུན་ཡིན་པ། ཚིག་ཉུང་ཞིང་དོན་འདུས་པ། སྒྲ་དོན་འགྲེལ་བ་གནད་དུ་འཁེལ་བ་དང་གཉིས། ས་མིང་དག་བསྒྲིགས་དང་གཏན་འབེབས་ཁྲོད་དུ་ནོར་འཁྲུལ་རྩ་བ་ནས་ཡོ་བསྲིང་དང་རྫུན་སྤང་བདེན་སྐྱོང་གི་རྩ་དོན་ལ་བརྟེན་ནས་མཚོ་ལྷོ་ས་ཁུལ་གྱི་ཉམས་ཉེན་ཆེ་བ་དང་། མ་དག་རྒྱུན་འབྱམས་སུ་འགྲོ་བ། བོད་རྒྱ་དབྱིན་གསུམ་གྱི་འབྲི་ཚུལ་ཉོག་དྲ་ཡིན་པ་དུས་ཐོག་ཏུ་གཙང་སེལ་བྱས་ནས་དེ་དག་ཚད་ལྡན་དུ་བཏང་བ་དང་གསུམ། གཞུང་འདི་ལ་མཚོ་ལྷོའི་ས་མིང་གི་ལོ་རྒྱུས་རང་བཞིན་དང་མི་རིགས་རང་བཞིན། རྒྱུ་མང་རང་བཞིན། ས་ཁུངས་རང་བཞིན་བཅས་འབུར་དུ་ཐོན་ཡོད་པ་དང་བཞི། གཞུང་འདིའི་ནང་དུ་རྩོམ་སྒྲིག་གི་ལས་ལ་ཞུགས་མཁན་དང་ཐུགས་ཁུར་གནང་མཁན་རྣམས་ཀྱི་རྔུལ་ཆུ་དྲོན་མོ་འདུས་ཡོད་པས། གཞུང་འདི་ནི་ཐུན་མོང་གི་བློ་གྲོས་ལས་ཐོན་པའི་ཉིང་བཅུད་ཡིན་པ་དང་ལྔ། གཞུང་འདིའི་ནང་དུ་ས་མིང་བདག་པོ་ལ་བསྟུན་པའི་རྩ་དོན་གཞིར་བཟུང་སྟེ། ལོ་རྒྱུས་དང་མང་ཚོགས་ཀྱི་འདོད་བློ་ལ་བརྩི་འཇོག་བྱེད་པ།ས་མིང་གི་གཏན་ཆགས་རང་བཞིན་ལ་ཟུང་འབྲེལ་བྱེད་པའི་ཚན་རིག་དང་མཐུན་པ་དང་དྲུག གཞུང་འདིའི་ནང་དུ་ས་མིང་མང་པོ་ཞིག་གཏན་ལ་ཕབ་སྐབས་མཚོ་ལྷོའི་ས་མིང་རིག་གནས་ཀྱི་མཐའ་དཔྱོད་ཚོགས་འདུ་བསྡུས་ཏེ་ས་མིང་ཕྱོགས་ཀྱི་མཁས་པ་སུམ་ཅུ་ལྷག་མཉམ་དུ་འཛོམས་ནས་བརྡར་ཤ་བཅད་པ་དང་བདུན་ཡོད་དོ། །
གསུམ་པ། མ་འོངས་པར་གཞུང་འདིའི་ཕན་ནུས་སྐོར། གཅིག་ནི་གཞུང་འདི་པར་སྐྲུན་བྱས་རྗེས་མཚོ་ལྷོ་དྲིལ་སྒྲོག་དང་མཚན་སྙན་མདོ་དབུས་ཁམས་གསུམ་དུ་ཁྱབ་པར་བྱེད་པའི་ཕན་ནུས་ཆེན་པོ་ཡོད་པ། གཉིས་ནི་མཚོ་ལྷོ་ཁུལ་གྱི་རིག་གནས་འཛུགས་སྐྲུན་དང་ས་ཁུལ་འཛུགས་སྐྲུན། རིག་གནས་རང་རྐང་གི་སྟོབས་ཤུགས་འཛུགས་སྐྲུན་བཅས་ཀྱི་ཕྱོགས་སུ་ཕུགས་ཡུན་རིང་བའི་ཕན་ནུས་ཆེན་པོ་ཡོད་པ། གསུམ་ནི་མུ་མཐུད་དུ་མཚོ་ལྷོའི་ས་མིང་རིག་གནས་བརྟག་དཔྱད་དང་འཚོལ་བསྡུ། ལེགས་བསྒྲིགས་ཀྱི་ཐད་ལ་ཕན་ནུས་ཆེན་པོ་ཡོད་པ། བཞི་ནི་གཞུང་འདིས་མཚོ་ལྷོ་ཁུལ་དང་ཐ་ན་བོད་ཁུལ་ཡོངས་སུ་ད་ཕན་བོད་རྒྱའི་ས་མིང་སྐོར་ལ་ཆེད་སྤྱོད་ཀྱི་དཔེ་དེབ་ཅིག་མེད་པའི་སྟོང་ཆ་བསྐངས་བ་མ་ཟད། སྔོན་མེད་གསར་གཏོད་ཀྱི་ལམ་དུ་གོམ་གང་སྔོན་སྤོས་བྱས་པ་ཡིན་པས་རྗེས་ཕྱོགས་སུ་ཡུལ་གྲུ་སོ་སོའི་མ་དཔེ་རུ་བྱེད་ཐུབ་པའི་ཁྱད་ཆོས་ཆེན་པོ་ཡོད་པ། ལྔ་ནི་རང་རིགས་ཀྱི་མི་རབས་རྗེས་མ་རྣམས་ཀྱིས་གཞུང་འདིར་བལྟས་རྗེས་མི་རིགས་རང་ལ་དགའ་བ་དང་གཅེས་པ། མི་རིགས་རང་གི་རིན་ཆེན་རིག་གནས་ལ་དགའ་བ་དང་གཅེས་པ། མི་རིགས་རང་གི་ཕ་ས་ཕ་ཡུལ་ལ་དགའ་བ་དང་གཅེས་པའི་ཕན་ནུས་ཆེན་པོ་ཡོད་པ་བཅས་ནི་བསྙོན་དུ་མེད་པ་ཞིག་རེད། དེར་བརྟེན་འདིར་བཤམས་ཡོད་པའི《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》གྱི་གཞུང་འདི་ལ་ང་ཡིས་རིན་པོ་ཆེ་ཞིག་གི་བལྟ་ཚུལ་བཟུང་ཡོད། རིན་ཆེན་ནོར་བུ་ཞིག་གི་བལྟ་ཚུལ་བཟུང་ཡོད། མཇུག་མཐར་འདིར་བཞུགས་ཡོད་པའི་བློ་མཐུན་རྣམ་པ་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། གཏན་དུ་བདེ་བ་འཐོབ་པར་ཤོག
ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དམངས་ཁྲོད་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་རབ་འབྱམས་པ་བསོད་ནམས་རྡོ་རྗེ་ལགས་ཀྱི་དཔྱད་བརྗོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com