ང་ཚོར་བསྐོས་པའི་བཀོད་ཐང་འདི་ལྕི་དྲགས་མེད་དམ།

རྩོམ་པ་པོ།:མགལ་མེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-03 13:42:00 ཀློག་གྲངས།:

——བོད་ཀྱི་སློབ་ཆེན་ཁག་གི་ཆེད་ལས་བཀོད་སྒྲིག་ཐད་ཀྱི་བསམ་ཚུལ་འགའ།

གཅིག

         མཐའ་ལ་ལ་ནས་བལྟས་ན།  མི་རིགས་འདིའི་བསྐོས་བབ་ཀྱི་འགན་འཁྲིའི་རྡོག་ཁྲེས་སྒལ་རྩིབ་ཏུ་བླངས་ཤིང་།  འབྱུང་འགྱུར་གྱི་རེ་བའི་ས་བོན་སྙིང་ཁོང་དུ་བཙུགས་པའི་སློབ་ཆེན་པ་ཚོ་ནི་   དབུ་ནག་བོད་པའི་རྟེན་ཕུར་དུ་ཆགས་པའི “མཐོ་སྒང་གི་གྲུ་གཟིངས” གསོན་པོ་ཏག་ཏག་རེད་སྙམ། 

གཉིས།

        མ་གཞི་ནས་སློབ་ཆེན་གྱི་ཆེད་ལས་དེ་ཉིད་སྲབ་མདའ་ཞིག་དང་འདྲ་དགོས་པར།  བློ་ལྡན་རྣམས་ཐོས་གཉེར་གྱི་ལམ་བུར་ཆར་སྣེ་རླུང་ཁྲིད་ལྟར་དཀྱུ་དགོས་ནའང་།  དུས་རྐྱེན་སྣ་ཚོགས་ཀྱི་དབང་གིས་བོད་ཀྱི་སློབ་ཆེན་ཁག་གི་ཆེད་ལས་བཀོད་སྒྲིག་དེ་གང་ནས་གང་ཞིག་ཏུ་སྐྱེལ་དགོས་པའི་དོས་ཁལ་ལྗིད་མོ་ཞིག་དང་འདྲ་ལ།  བོད་ཀྱི་སློབ་ཆེན་པ་དག་ནི་དོས་ཁལ་ལྗིད་མོ་དེ་སྒེར་གྱི་སྒལ་རྩིབ་ཏུ་ཁུར་ཏེ་གང་ནས་གང་ཞིག་ཏུ་སྐྱེལ་བའི “མཐོ་སྒང་གི་གྲུ་གཟིངས” ལྟ་བུ་ཞིག་རེད། 

        ན་གཞོན་ནི་འབྱུང་འགྱུར་གྱི་རེ་བ་ཉག་གཅིག་ཡིན་ལ།  དེ་བས་ཀྱང་ན་གཞོན་གྲས་ཀྱི་དྭངས་རྩེ་རུ་གྱུར་པའི་སློབ་ཆེན་པ་དག་ནི་མ་འོངས་པའི་བདག་པོ་ཡིན་གཤིས།  རྒྱལ་ཁབ་ཡིན་ན་འདྲ།  མི་རིགས་ཡིན་ཡང་ཆོག  ཡང་ན་སྤྱི་ཚོགས་སོགས་གང་གིས་ཀྱང་སློབ་ཆེན་པ་དག་གི་འཚར་ལོངས་དང་འཕེལ་རྒྱས་ཀྱི་སླད་དུ།  ནུས་ཡོད་ཅི་ལྕོགས་སྒོས་འགལ་རྐྱེན་མཐའ་དག་སེལ་ཅིང་མཐུན་རྐྱེན་ཡོད་ཚད་བསྐྲུན་པའི་འགན་ཁུར་ཞིག་མ་བསྐོས་རང་བབ་ཏུ་གྲུབ་ཡོད་ལ།  སློབ་ཆེན་པ་དག་གིས་ཀྱང་གསར་སྐྱེས་ཀྱི་སྙིང་སྟོབས་དང་རྒྱུ་འབྲས་ཀྱི་བློ་མིག་གིས་རྒྱལ་ཁབ་དེ་དང་མི་རིགས་དེ།  ཡང་ན་སྤྱི་ཚོགས་དེའི “མདུན་དུ་སྐྱོད་པའི་སྦས་ཤུགས་མཐུན་རྐྱེན་འཚོལ་དགོས་ལ།  རྗེས་སུ་ལུས་པའི་གབ་གནས་འགལ་རྐྱེན་དེའང་འཚོལ” (འཇུ་སྐལ་བཟང་གི་སྙན་ཚིག་ཅིག་ལས་དྲངས།)དགོས་པར་སྙམ་མོ། །

        གནད་འདི་དག་གི་དབང་གིས།  ང་ཚོས་བོད་ཀྱི་སློབ་ཆེན་ཁག་གི་གནས་བབ་ངོ་མ་དང་བསྟུན་ཏེ།  རྟོག་གེའི་མིག་དང་སྙོམས་འཇུག་གི་བློས་བསྔགས་པར་འོས་པ་ལ་དཔའ་དར་རིང་མོ་འཐེན་དགོས་ཤིང་།  དགག་ཏུ་རུང་བ་ལ་རིགས་པའི་ཐོག་མདས་གཏོར་དགོས།

གསུམ།

       སྤྱིར་རྒྱལ་ནང་གི་དམིགས་བསལ་གྱི་གནས་ཚུལ་རྐྱེན་དུ་བྱས་པས།  གྲངས་ཉུང་མི་རིགས་རྣམས་ལ་ཆིན་ཧྭ་དང་པེ་ཅིན་སློབ་ཆེན་བཞིན་དུ།  རང་གི་ཕ་སྐད་དང་མ་ཡིག་ལ་བསྟུན་ནས་ཆེད་དུ་བཙུགས་ཤིང་ཟུར་དུ་བཀར་ཆོག་ལ།  ཆེད་ལས་དང་སྒྲིག་གཞི་ཡོངས་སུ་ཚང་བའི་སློབ་ཆེན་ནི་ཉུང་ཉུང་མ་གཏོགས་མེད་པས།  སློབ་ཆེན་ཁག་གི་གྲངས་ཉུང་མི་རིགས་རྣམས་ཀྱི་ཆེད་ལས་ཀྱང་གྲངས་ཉུང་ཤ་སྟག་རེད།  བོད་ཀྱི་སློབ་ཆེན་དག་གི་ཆེད་ལས་བཀོད་སྒྲིག་ཀྱང་དེ་ལས་མ་འདས་སོ། །

        མིག་སྔར་བོད་ཀྱི་སློབ་ཆེན་ཁག་གི་ཆེད་ལས་བཀོད་སྒྲིག་གི་གནས་སྟངས་ནི།  དེང་ཆར་བོད་ཀྱི་སློབ་ཆེན་དུ་འབོད་པའི་སློབ་གྲྭ་དེ་དག་ནི་རྒྱལ་གཉེར་གྱི་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་དང་།  མི་རིགས་སློབ་ཆེན་སློབ་ཆེན་གྱི་ཁོངས་གཏོགས་སུ་བོད་རིག་པའི་ཞིབ་འཇུག་སློབ་གླིང་ངམ་བོད་སྐད་ཡིག་རིག་གནས་སློབ་གླིང་།  བོད་ཡིག་སྡེ་ཁག་སོགས་ཀྱི་རྣམ་པར་གནས་གཤིས།  དེ་དང་བསྟུན་པའི་དངོས་གཞི་སློབ་མའི་ཆེད་ལས་ཀྱང་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་རིག་གནས་ཀྱི་ཆེད་ལས་ཡིན་ལ།  དེའི་འུབས་སུ་བོད་ཀྱི་སྐད་ཡིག་དང་རྩོམ་རིག  ལོ་ཙཱ།  དགེ་ཐོན་སོགས་བསྡུས་ཡོད་ལ།  གཞན་དུ་ན་སློབ་གྲྭ་རེ་གཉིས་སུ་རྩིས་འཁོར་དང་དྲུང་ཡིག  བཟོ་ཚོང་དོ་དམ་ཕྱོགས་ཀྱི་ཆེད་ལས་ཀྱང་ཉུང་ཤས་ཤིག་ཡོད་པ་རེད།

        དེས་ན།  ཆེད་ལས་འདི་དག་ནི།  བོད་ཀྱི་སློབ་གྲྭ་ཆེན་མོ་ཁག་གི་དངོས་གཞི་སློབ་མ་ཕལ་མོ་ཆེའི་སློབ་ཆེན་གྱི་སློབ་གཉེར་འཚོ་བའི་ཁ་ཕྱོགས་དང་གོ་རིམ་འབའ་ཞིག་ཡིན་ལ།  དགེ་བའི་བཤེས་གཉེན་མང་ཆེ་བས་ལོ་ལ་ཟླ་བརྩེགས་ཏེ་བློ་གྲོས་ཀྱི་སྙུག་རྩེ་གཏོད་ཡུལ་ཉག་གཅིག་ཀྱང་ཡིན།

        ཆེད་ལས་འདི་དག་གིས།  བོད་བྱིངས་ཀྱི་ཆབ་སྲིད་དང་དཔལ་འབྱོར།  རིག་གནས་ཡོངས་ཀྱི་གཞུང་རྟ་ནས་རྩ་བ།  ཡལ་ག་ནས་ཡལ་འདབ་ཀུན་ལ་ཁེབས་དགོས་པ་མ་ཟད།  ད་དུང་རྒྱུན་འཛིན་དང་དར་སྤེལ་གྱི་ནུས་པ་ཡང་ཐོན་དགོས།

        ཆེད་ལས་འདི་དག་གི་གསོ་སྐྱོང་འོག གངས་ལྗོངས་ཀྱི་མ་འོངས་པའི་རེ་བར་སེམས་པའི་སློབ་ཆེན་པ་དག་གིས་བོད་ཆེན་པོའི་འཕེལ་རྒྱས་ལ་སྣེ་ཁྲིད་དང་གཞོགས་འདེགས་བྱ་དགོས།

        མདོར་ན།  ཆེད་ལས་འདི་དག་ནི་བོད་ཀྱི་སློབ་ཆེན་ཁག་གི་གནམ་ས་གཉིས་ཀྱི་གཞུང་ཤིང་རེད།   བོད་ཀྱི་སློབ་ཆེན་ཁག་གོ་ལ་རིལ་མོ་འདི་ནས་ཆགས་པའི་རྟེན་ཕུར་རེད།

བཞི།

        གོང་ལས་མཐུད་དེ་བཤད་ན།  སློབ་ཆེན་གྱི་གཞུང་ཤིང་དང་རྟེན་ཕུར་དུ་ཆགས་པའི་ཆེད་ལས་དེ་དག་ཀྱང་དམིགས་བསལ་གྱི་དུས་ཀྱི་རྒྱབ་ལྗོངས་འོག་མེད་པ་ནས་ཡོད་པ་དང་།  ཡོད་པ་ནས་དར་རྒྱས་སུ་སོང་བ་ཞིག་ཡིན་པས།  རང་སྟེང་དུ་གནས་པའི་ལེ་ལན་དང་ཉེས་སྒྲིབ་ལ་ཁག་དཀྲི་ས་དང་ཁ་གཡར་ས་ཡོད་ཆོག་ཆོག་ཡིན་ལ།  ང་ཚོས་ཀྱང་གུ་ཡངས་པའི་སྒོ་ནས་གདེང་འཇོག་བྱ་དགོས་མོད།  དེའི་མ་ཚང་བ་དང་མི་འདང་ས།  བསྒྱུར་དགོས་པ་དང་བཅོས་རུང་བ་སོགས་ཀྱང་མངོན་སུམ་ཡིན་པས་མ་ཚད་ཁ་ཚ་དགོས་གཏུགས་རེད།

       འདིའི་ཕྱོགས་ལ༢༠༡༠ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོས་མིག་དཔེ་ཡག་པོ་ཞིག་བསྟན་པ་སྟེ།  བོད་རིག་པའི་ཞིབ་འཇུག་སློབ་གླིང་གིས་རང་གི་ཞན་ཆ་མཐོང་སོང་ཟེར་ན་འདྲ།  གཞན་གྱི་ལེགས་ཆ་རིག་སོང་ཟེར་ནའང་ཆོག  གང་ལྟར།  བོད་ཀྱི་སློབ་ཆེན་གྱི་དྭངས་རྩེ་དང་གསེར་ཏོག་ཏུ་གྱུར་ཅིང་།  ༡༩༥༡ལོར་བོད་ཀྱི་སྐད་ཡིག་ཁྲིད་དཔྱོད་ཁང་ཞེས་རྟེན་འབྲེལ་གྱི་དྭངས་ཕུད་བསྒྲིགས་པ་ནས་ད་ལྟའི་བར་དུ།  ཀྱག་ཀྱོག་གི་ལམ་ཕྲན་དུ་ཞུགས་ནས་རབ་བྱུང་གཅིག་ཙམ་འགོར་ལ་ཉེ་བའི་སྔ་རོལ་དུ།  བོད་རིག་པའི་སློབ་གླིང་གི་དངོས་གཞི་སློབ་མ་ཚོར་ལོ་ཙཱའི་ཆེད་ལས་གསར་བ་ཞིག་བསྣན་པ་རེད།  དེ་ནི་སྤྱི་ཚོགས་ལ་མཁོ་བའི་ཤེས་ལྡན་པ་སྐྱེད་བསྲིང་བྱ་རྒྱུ་དམིགས་པ་དང་པོ་རུ་བཟུང་བའི་སློབ་ཆེན་གྱིས་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་བསྒྱུར་བཅོས་ཐེངས་ཤིག་བྱས་པ་ཡིན་ལ།  གསར་གཏོད་ཀྱི་ཁ་གཡང་ཤེད་ཀྱིས་སྒྲོག་པའི་རིག་པའི་དཔའ་བོ་དོན་གྲུབ་རྒྱལ་སྐྱེད་པའི་ཞིང་ས་རུ་ཁ་གཡང་དེ་ལ་མི་འགྱུར་དན་རྟགས་ཤིག་བཞག་སོང་བ་ཡང་ཡིན། 

        འོན་ཏེ།  ཐེངས་འདིའི་ཆེད་ལས་བཅོས་བསྒྱུར་གྱི་དོན་སྙིང་འདི་ཙམ་ག་ལ་ཡིན།  དེས་བོད་ཀྱི་སློབ་ཆེན་དག་གི་ཆེད་ལས་བཀོད་སྒྲིག་དེ་དུས་རབས་ཀྱི་རྗེས་ལ་ཆོད་ཀྱིན་མེད་པའི་ཉེན་བརྡ་བཏང་སོང་ལ།  སྤྱི་ཚོགས་ཀྱི་དགོས་མཁོར་དང་འཚམས་པོ་མཐུན་པོ་ཞིག་ཡོང་ཐུབ་ཀྱིན་མེད་པའི་དྲན་སྐུལ་བྱས་བྱུང་།  དེ་བས།  ང་ཚོས་རྟོག་གེའི་མིག་དང་སྙོམས་འཇུག་བློས་བོད་ཀྱི་སློབ་ཆེན་ཁག་གི་ཆེད་ལས་བཀོད་སྒྲིག་ཐད་ལ་བློ་ཞིབ་མོས་ཕྱིར་རྟོག་རེ་བྱ་དགོས་འདུག

ལྔ།

        བོད་ཀྱི་སྔ་མའི་མཁས་པ་རྣམས་ཀྱིས་ཐོས་པ་དོན་དུ་གཉེར་བའི་ཚེ།  རིག་གནས་བཅུ་བོ་ཀུན་ལ་སློབ་གཉེར་བྱ་དགོས་པ་ལྟར།  བོད་ཀྱི་སློབ་ཆེན་དག་གིས་ཀྱང་གོམས་སྲོལ་དེ་རྒྱུན་འཛིན་བྱས་ཡོད་ལ།  བོད་ཀྱི་སློབ་ཆེན་བྱིངས་ལ་འདི་ལྟ་བུའི་སྣང་ཚུལ་ཞིག་ཡོད་དེ།  ཆེད་ལས་དང་སློབ་ཚན་བཀོད་སྒྲིག་གང་གི་ཐད་ནས་ཀྱང་སྤྱི་ཡི་ཕྱོགས་སུ་བསྡུས་པ་ཅུང་ཐལ་བ་རེད། 

        དཔེར་ན།  ཆེད་ལས་བཀོད་སྒྲིག་གི་ཐད་ཀུན་གྱིས་ཤེས་གསལ་ལྟར།  བོད་ཀྱི་སློབ་ཆེན་ཕལ་མོ་ཆེ་ལ་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྩོམ་རིག་ཅེས་པ་ཞིག་ལས་ཆེད་ལས་གཞན་ཉུང་ཉུང་ཡིན་པ་དང་།  གཞན་ཡོད་པ་དེ་དག་ཀྱང་ནང་དོན་གྱི་ཆ་ནས་བསྡུར་ན་གོང་དང་ཕར་ཆེར་ཆ་མཚུངས་སུ་གནས་བ་རེད།  སློབ་ཚན་བཀོད་སྒྲིག་གི་ཐད་ནས་ཀྱང་དེ་ལྟར་ཡིན་ཏེ།  རྩོམ་ཡིག་གི་ཆེད་ལས་ལ་ཆ་བཞག་ན།  ཆེད་ལས་ཀྱི་མིང་ལ་རྩོམ་རིག་ཅེས་བཏགས་ཡོད་ནའང་ངེས་པ་དོན་གྱིས་རྩོམ་རིག་འཇོག་དཀའ་སྟེ།  སློབ་ཚན་བཀོད་སྒྲིག་ཐད་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཆོས་ལུགས་དང་དམངས་སྲོལ།  སྐད་བརྡ་ལ་སོགས་མ་འདུས་པ་ཞིག་མེད་པའོ། ། 

        འདི་ལྟ་བུའི་ཆེད་ལས་དང་སློབ་ཚན་བཀོད་སྒྲིག་བྱེད་སྲོལ་གྱིས་ཤེས་བྱའི་སྒྲིག་གཞི་སྣ་མང་ཅན་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་མཐུན་རྐྱེན་བསྐྲུན་ཡོད་ནའང་།  ཞིབ་ཏུ་བསམ་ན་ལོ་བཞི་ཡི་ཡུན་ཐུང་ཐུང་གི་ཐོས་གཉེར་ཙམ་གྱིས་རེ་བའི་འབྲས་བུ་སྨིན་པ་ཅུང་དཀའ་བར་སྙམ་ལ།  དེར་འབྱུང་སྲིད་པའི་མཇུག་འབྲས་ནི་གང་ཡང་སྦྱངས་ལ།  གང་ལ་ཡང་རྣ་ཐོས་ཙམ་ཡོད་པ།  གང་ཡང་ཕུ་ཐག་ཆོད་པ་ཞིག་མི་ཤེས་པ་དེ་ཡིན་ནོ། །    

        དེང་གི་དུས་རབས་འདིར་མཁོ་བ་སྣ་གཅིག་ལ་མཁས་པའི་ཤེས་ཡོན་པ་ཡིན་པ་ལ།  ས་སྐྱ་པཎྚི་ཏས “མཁས་གང་ཤེས་བྱའི་དེ་ཁོ་ན། །  ཇི་བཞིན་རྟོགས་པ་ཡིན་པར་འདོད། །  བྱེ་བྲག་སྦྱངས་པའི་དོན་ཤེས་པ། །  དེ་ཡང་དེ་ལ་ཤེས་པ་ཡིན། །” ཞེས་རྒྱབ་རྩ་མནན་ཡོད་པས།  ང་ཚོས་ཀྱང་དེ་དེ་བཞིན་ཡིན་པ་ཤེས་དགོས་པར་སྙམ་མོ། །

དྲུག

       སློབ་ཆེན་པ་དག་ལ་མཚོན་ན་སློབ་ཆེན་ནི་མཐར་ཐུག་གི་དམིགས་ཡུལ་མིན་པར།  སྤྱི་ཚོགས་ཀྱི་ལས་རིགས་སྣ་ཚོགས་ལ་ཞུགས་ཏེ་འཇོན་ཐང་དང་བློ་གྲོས་ཀྱིས་མི་ཚེའི་རིན་ཐང་མངོན་འགྱུར་བྱ་རྒྱུ་དེ་མཐར་ཐུག་གི་དམིགས་ཡུལ་རེད།

       འོན་ཏེ་སློབ་ཆེན་པ་མང་པོ་ཞིག་གི་ཤེས་བྱའི་སྒྲིག་གཞི་དང་ཤེས་ཡོན་གྱི་ཆུ་ཚད་དེས་སྤྱི་ཚོགས་ཀྱི་དགོས་མཁོ་བསྐང་རྒྱུ་ཕར་ཞོག  མི་སྒེར་གྱི་འཚོ་བའི་དགོས་མཁོ་ཡང་སྐོང་མི་ཐུབ་བའི་གནས་སུ་ལྷུང་འདུག་པས།  སྐབས་འདིར་ང་ཚོས་རང་ཉིད་བརྒྱུད་མྱོང་བ་དང་བརྒྱུད་གྱིན་པའི་ལམ་སྟེ།  ཆེད་ལས་ཀྱི་ནང་དོན་དང་གོ་རིམ་ལྟར་སྦྱངས་ཡོང་བ་དེ་སྤྱི་ཚོགས་ཀྱི་དགོས་མཁོ་འཕྲལ་ག་བཞིན་འཕྲོད་མེད་པ་ཤེས་ཐུབ་ལ།  བོད་ཀྱི་སློབ་ཆེན་ཁག་གི་ཆེད་ལས་ཀྱི་ནང་དོན་དེ་ལའང་བཅོས་བསྒྱུར་བྱ་རྒྱུ་མང་དག་ཅིག་ཡོད་པ་ཡང་ཤེས་ཐུབ། 

       གཞན་སློབ་ཚན་བཀོད་སྒྲིག་གི་སྐབས་སུ་བསྐྱར་བཟློས་མང་བ་དང་།  སློབ་ཆེན་ཁ་ཤས་སུ་གཞུང་བཀའ་པོད་ལྔ་དེའང་སློབ་སྐབས་གཅིག་གི་ནང་དུ་རྫོགས་པར་བྱས་པ་སོགས་སྣང་ཚུལ་འདྲ་མིན་མཐོང་རྒྱུ་མང་བས།  དུས་དང་བསྟུན་པའི་བཅོས་བསྒྱུར་དང་དག་ཐེར་ཡང་ཡང་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་དང་གལ་འགངས་ཆེ་བར་སེམས་སོ། །

བདུན།

       སློབ་ཆེན་པ་དག་ལ་རང་སྐལ་དུ་ཐོབ་པའི་ཆེད་ལས་ནི་ཁ་ཕྱོགས་སྟོན་མཁན་ཞིག་ཡིན་དགོས་པ་ལས།  གང་ཞིག་ནས་གང་ཞིག་ཏུ་བསྐྱལ་དགོས་པའི་དོས་ཁལ་དང་རྡོག་ཁྲེས་ལྗིད་མོ་མ་ཡིན་ལ།  སློབ་ཆེན་པ་ཚོ་ཡང་མ་འོངས་པའི་བདག་པོ་ཡིན་པ་ལས་དོས་ཁལ་སྐྱེལ་མཁན་མིན་པ་ཤེས་དགོས།

       དེས་ན།  ཉི་མ་ནི་རིང་ལ།  ད་དུང་སྐྱས་ཐག་ཀྱང་མི་ཐུང་སྟེ།  ཁྱོད་ཀྱིས་བལྟས་ན།  ང་ཚོར་བསྐོས་པའི་བཀོད་ཐང་འདི་ལྕི་དྲགས་མེད་དམ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།