རིག་གནས་དང་སློབ་གསོའི་བར་གྱི་འབྲེལ་བ།
རིག་གནས་བྱ་བ་ཅི་ཞིག་ཡིན་ནམ། མིང་ཚིག་གི་ངོས་ཐད་ནས་བལྟས་ན་དེ་ནི་མི་རིགས་ཤིག་གི་བྱུང་འཕེལ་དང་འབྲེལ་བའི་ཤེས་ཡོན་གྱི་ལོ་རྒྱུས་ཤིག་དང་། ལོ་རྒྱུས་དེའི་གོ་རིམ་ཁྲོད་དུ་ཆགས་པའི་རིན་ཐང་དད་མོས་དང་། མི་ཚེའི་འདུ་ཤེས་ལ་སོགས་མཚོན་པའི་རྩོམ་རིག་དང་སྒྱུ་རྩལ་བརྩམས་ཆོས། ཆོས་ལུགས་རིག་པ། འཛུགས་སྐྲུན་གྱི་ཁྱད་ཆོས་ལ་སོགས་ཡིན་འདུག་ལ། དེ་ལས་གཞན་དུ་མི་རིགས་དེའི་ཆ་ལུགས་གོམས་སྲོལ་དང་གྱོན་ཆས་སྒྱུ་རྩལ་གྱི་སྣང་ཚུལ་དག་ཀྱང་འདུས་ཏེ། དེ་དག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་དོན་ལྟར་བཤད་ན། དངོས་པོ་མ་ཡིན་པའི་ཤེས་རིག་གི་ཤུལ་དངོས་དག་ལ་གོ་དགོས།
དེ་འདྲ་ཞིག་ཡིན་པའི་དབང་གིས་ལོ་རྒྱུས་མེད་ན་རིག་གནས་ཀྱང་མེད་ཟེར་ཆོག་སྟེ། དཔེ་བཞག་ནས་བཤད་ན། རྩིས་འཁོར་འཕྲུལ་ཆས་འདི་ཐོག་མར་དར་བའི་དུས་སུ་དེའི་མིང་ལ་རྩིས་འཁོར་འཕྲུལ་ཆས་ཀྱི་ལག་རྩལ་ཙམ་ལས་འབོད་ཀྱིན་མེད་མོད། ལོ་ངོ་བཅུ་ཕྲག་ཅིག་གི་འཕེལ་རྒྱས་བརྒྱུད་ནས་དེའང་རྩིས་འཁོར་འཕྲུལ་ཆས་ཀྱི་རིག་གནས་ཤིག་ཏུ་གྱུར་ཡོད་པ་ལྟ་བུ་རེད། ལོ་རྒྱུས་མེད་ན་མི་རིགས་ཤིག་མི་རིགས་སུ་འགྱུར་བའི་གཞི་ཁུངས་གང་དུ་ཡང་འཇོག་རྒྱུ་མེད་དེ། ལོ་རྒྱུས་མེད་ན་མི་དེ་དག་ནི་དུས་སྐབས་ཤིག་ལ་ཕྱོགས་གཅིག་ཏུ་བསྡུས་པའི་མི་སྐོར་ཅིག་གམ་ཚོང་འདུས་ཀྱི་མགྲོན་པོ་ལྟ་བུ་ལས་མིན།
དེ་ལྟ་ན་དེའི་མིང་ལ་མི་ཚོགས་ཤིག་ཟེར་རྒྱུ་ལས་མི་རིགས་སུ་མི་འབོད་དེ། མི་ཚོགས་དེ་ཉིད་ཡུན་རིང་གི་ལོ་ཟླ་བརྒྱུད་ཅིང་། སྤྱི་མཐུན་གྱི་འཕེལ་རྒྱས་བྱུང་ལ་སྤྱི་མཐུན་གྱི་ལོ་རྒྱུས་རྣམ་པའི་ཁྲོད་དུ་རིམ་གྱིས་ཐུན་མོང་གི་གོམས་སྲོལ་དང་སྐད་ངག སྤྱི་མཐུན་གྱི་སྲོལ་རྒྱུན་དང་རིག་གནས་ཤུལ་བཞག་ཅིག་གྲུབ་སྟེ། སྤྱི་མཐུན་གྱི་རིག་གནས་སེམས་ཁམས་ཤིག་ཆགས་པ་ནས་བཟུང་མི་ཚོགས་དེའང་མི་རིགས་སུ་འགྱུར་མགོ་ཚུགས་པ་ཡིན། དཔེ་བཞག་སྟེ་བཤད་ན། དང་ཐོག་མེ་གླིང་གི་སྐམ་ས་ཆེན་པོར་སླེབས་པ་དེ་མི་ཚོགས་ཤིག་ཡིན་པ་ལས་མི་རིགས་ཤིག་མིན་མོད། མི་ཚོགས་དེ་ཕ་མེས་ཡང་མེས་བཞིན་མེ་གླིང་དུ་ཐུན་མོང་གི་འཚོ་བ་རོལ་ཏེ་མི་ལོ་༢༠༠ལྷག་སོང་རྗེས་ད་གཟོད་ཨ་རབ་ཀྱི་མི་རིགས་ཤིག་ཏུ་གྱུར་བ་ལྟ་བུ་རེད།
དེའི་དབང་གིས་མི་རིགས་ཤིག་རྩ་མེད་དུ་བཟོ་བསམས་ན། ཐབས་གཅིག་ནི་མི་རིགས་དེའི་རིགས་རྒྱུད་ཁྱོན་ཡོངས་ནས་རྩ་མེད་དུ་གཏོང་རྒྱུ་དེ་ཡིན་ལ། ཐབས་གཞན་ཞིག་ནི་མི་རིགས་དེའི་ལོ་རྒྱུས་ཀྱི་སྐེ་རྩ་བསྒགས་ཏེ་ཁོ་ཚོའི་ཐུན་མོང་གི་རིག་གནས་མེད་པར་བཟོ་བ་དེ་ཡིན་ཏེ། རིག་གནས་དེ་མེད་པར་བཟོ་བྱེད་གཙོ་བོ་ནི་ལོ་རྒྱུས་འཁྱོག་བཟོ་དང་སྐད་རིགས་མཉམ་བསྲེས། སློབ་གསོའི་གཞི་རྐང་བཅོས་སྒྲིག་གིས་རིག་གནས་ཀྱི་སེམས་ཁམས་མེད་པར་བཟོ་བ་དེ་རེད་ལ། དེ་ལྟར་བརྒྱུད་དེ་མི་རིགས་དེ་ཡང་བསྐྱར་མི་ཚོགས་ཤིག་ཏུ་བསྒྱུར་རྒྱུ་དེ་རེད།
རྐྱེན་དེས་རིག་གནས་ནི་མི་རིགས་ཤིག་གི་ཆེས་ནང་རིམ་གྱི་སྲོག་སྙིང་དང་སྒུལ་ཤུགས་གཙོ་བོ་ཞིག་ཏུ་གྱུར་ཡོད་ཅིང་། སྒུལ་ཤུགས་དེས་མི་རིགས་ཤིག་གི་མཉམ་འབྲེལ་གྱི་ནུས་སྟོབས་ཤིག་མཚོན་གྱིན་ཡོད་པ་མ་ཟད། མི་རིགས་ཤིག་གི་དབུ་འཕང་འདེགས་བྱེད་ཀྱི་སྒལ་ཚིགས་ཤིག་ཀྱང་མཚོན་གྱིན་ཡོད། རིག་གནས་དད་མོས་དེ་ཡོད་པས་ད་གཟོད་མི་རིགས་ཤིག་ལ་ལ་རྒྱ་བྱ་བ་ཞིག་དང་ངོ་གདོང་བྱ་བ་ཞིག མི་གཞི་བྱ་བ་ཞིག་ཡོད་པ་མཚོན་ཐུབ་ལ། དེ་ཡོད་པས་ད་གཟོད་མི་བྱ་བའི་འཚོ་བ་དེ་ཡོད་པར་གྱུར་ཡོད། མི་རིགས་ཤིག་གི་འཚོ་བ་དེ་མིའི་རིགས་ཀྱི་འཚོ་བའི་ཁྲོད་ཁས་ལེན་སྤྱད་དང་མི་རིགས་གཞན་དག་གི་འཚོ་བའི་ཁྲོད་དུའང་གུས་བརྩི་དང་ཡོད་ཆེས་འཐོབ་སྤྱད་ཉག་གཅིག་པུ་དེའང་རིག་གནས་རེད་འདོད།
དེའི་དབང་གིས་སློབ་གསོའི་ཁྲོད་མི་རིགས་རང་གི་ལོ་རྒྱུས་རིག་གནས་མེད་པ་དང་སྲོལ་རྒྱུན་རིག་གནས་ཀྱི་རྒྱུད་འཛིན་མེད་པར་གྱུར་ན་སློབ་གསོ་དེ་ནི་རིག་གནས་སློབ་གསོ་མིན་པ་ཞིག་ཏུ་འགྱུར་ཞིང་། རིག་གནས་སློབ་གསོ་མིན་པའི་སློབ་གསོ་དེ་ནི་གཞི་རྩའི་འགན་ནུས་མེད་པའི་སློབ་གསོ་ཞིག་རེད་ཅེས་བརྗོད་ཆོག་སྟེ། སློབ་གསོ་བྱ་བ་དེའི་གཞི་རྩའི་འགན་ནུས་ཆེན་པོ་གཉིས་ལས། གཅིག་ནི་མིའི་རིགས་ཀྱི་ཤེས་ཡོན་རྒྱུད་འཛིན་དང་གསར་སྤེལ་བྱེད་པ་སྟེ། དེ་ལ་རིག་གནས་སློབ་གསོ་ཞེས་གདགས་ཆོག་ཅིང་། སློབ་གཞི་གཙོ་བོའང་ལོ་རྒྱུས་རིག་གནས་ཡིན་དགོས། གཉིས་ནི་མིའི་རིགས་ཀྱི་ལག་རྩལ་སློབ་ཁྲིད་དང་འཕེལ་རྒྱས་གཏོང་བ་སྟེ། དེ་ལ་ལག་རྩལ་སློབ་གསོ་ཟེར་ཆོག་ཅིང་། སློབ་གཞི་གཙོ་བོའང་ཆེད་ལས་ལག་རྩལ་རིགས་ཡིན།
དེ་གཉིས་ལས་མིའི་རིགས་ཀྱི་ལག་རྩལ་སློབ་སྦྱོང་དང་འཕེལ་རྒྱས་སུ་གཏོང་བའི་སློབ་གསོའི་ཐབས་ལམ་དེ་ནི་སློབ་གསོ་མྱོང་མཁན་ལ་ལྟོས་འཇོག་གིས་བཤད་པ་ཞིག་ཡིན་ལ། དེས་ལག་རྩལ་སློབ་གསོ་མྱངས་བ་བརྒྱུད་ནས་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་དགོས་པ་དང་དེ་བརྒྱུད་ནས་རང་ཉིད་འཚོ་སྐྱོང་བྱེད་དགོས། དེ་ལྟ་བུའི་སློབ་གསོ་དེ་ནི་གཞི་རྩའི་སྟེང་མི་ཡིས་ལག་ཆ་གང་ཞིག་བེད་སྤྱོད་བྱེད་ཤེས་པར་བཟོས་ཏེ་མི་རང་ཉིད་ཀྱང་ལག་ཆ་ཞིག་ཏུ་འགྱུར་བར་བྱེད་པའི་ཐབས་ལམ་ཞིག་ཡིན་པས་མི་དང་སྤྱི་ཚོགས་ཀུན་ལའང་དགོས་ངེས་ཤིག་དང་འགངས་ཆེན་ཞིག་ཏུ་གྱུར་ཡོད་མོད། དེ་ནི་སློབ་གསོ་ཡི་དོན་སྙིང་ཧྲིལ་བོ་མིན་པ་མ་ཟད། ཆེས་གལ་འགངས་ཆེ་ཤོས་དེའང་མ་རེད།
དེ་ན་འགངས་ཆེ་ཤོས་དེ་གང་ཡིན་སྙམ་ན། ཁོ་བོས་སྔར་བཞིན་མིའི་རིགས་ཀྱི་ལོ་རྒྱུས་རྒྱུད་འཛིན་དང་གསར་སྤེལ་བྱེད་པའི་སློབ་གསོ་དེ་རེད་འདོད་ལ། དེ་ནི་ད་གཟོད་སློབ་གསོ་བས་སློབ་གསོ་མྱོང་མཁན་དག་༼མི་རུ་འགྱུར་བར༽་བྱེད་པའི་སློབ་གསོ་ཞིག་རེད་སྙམ། མདོར་བསྡུས་ཏེ་བཤད་ན། སློབ་གསོ་དེ་ནི་ད་གཟོད་མི་ཡི་སློབ་གསོ་སྟེ། ལག་ཆའི་སློབ་གསོ་མ་ཡིན་པའི་གནད་ཆེ་ཤོས་དེ་རེད་འདོད། རྒྱུ་མཚན་ནི་རིག་གནས་སློབ་གསོ་དེ་མི་ཞིག་ལ་མཚོན་ནས་བཤད་ན་མི་ལ་དད་མོས་ཡོད་པ་དང་རིན་ཐང་གི་འདུ་ཤེས་ཡོད་པ། རིན་ཐང་གི་འདུ་ཤེས་ཀྱིས་བསྐྱེད་པའི་དཔྱོད་ཤེས་ཀྱི་ནུས་པ་ཡོད་པ་ཅན་ཞིག་ཏུ་འགྱུར་བྱེད་ཅིག་ཡིན་པས་རེད།
དེ་བས་ཀྱང་རིག་གནས་སློབ་གསོ་དེ་མི་རིགས་ཤིག་ལ་མཚོན་ནས་བཤད་ན། ཐུན་མོང་གི་རིག་གནས་དད་མོས་དང་རིན་ཐང་འདུ་ཤེས་བསྐྱེད་སྲིང་བྱས་ཏེ། ཕན་ཚུན་ཐུན་མོང་གི་མི་རིགས་མཉམ་འབྲེལ་བྱེད་སྤྱད་ཉག་གཅིག་རེད་དེ། སློབ་གསོ་ཡོད་ཚད་ཀྱི་ཆེས་མཐར་ཐུག་གི་དམིགས་ཡུལ་ནི་མི་མི་རུ་འགྱུར་བར་བྱེད་པ་དེ་ཡིན་པས་རེད། མི་མི་རུ་འགྱུར་བའི་གོ་རིམ་ཁྲོད་ནས་ཁོས་རང་དང་རིགས་མཐུན་གྱི་མི་དང་རྒྱུད་པ་ངོས་འཛིན་བྱེད་ནུས་པར་བཟོ་བའང་ཆེས་རྩ་གནད་ཅིག་རེད་དེ། དེ་ཡོད་པས་ད་གཟོད་རང་ཉིད་ལའང་ཁོངས་གཏོགས་ཀྱི་འདུ་ཤེས་ཡོད་ལ། རིགས་ཞེན་གྱི་ལ་རྒྱ་ཡོད་པར་འགྱུར་ངེས་པ་རེད།
མ་ཚར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com