ངོས་དང་པོ > ཆེད་དོན། > རིག་གནས་བགྲོ་གླེང་། > ༄༅། །སྐད་ཡིག་སློབ་ཁྲིད་ཀྱི་ངོ་བོ་དང་འབབ་སྟེགས་ལ་དཔྱད་པ།
༄༅། །སྐད་ཡིག་སློབ་ཁྲིད་ཀྱི་ངོ་བོ་དང་འབབ་སྟེགས་ལ་དཔྱད་པ།
རྩོམ་པ་པོ།:རྩྭ་ཕྲན།
ཡོང་ཁུངས།:གུ་རྡོར་འཕྲིན་སྟེགས།
དུས་ཚོད།:2022-04-13 10:23:07
ཀློག་གྲངས།:
༄༅། །སྐད་ཡིག་སློབ་ཁྲིད་ཀྱི་ངོ་བོ་དང་འབབ་སྟེགས་ལ་དཔྱད་པ།
ཐེ་རྐྱང་ཉག་ཕྲན།
ནང་དོན་མདོར་བསྡུས། དེང་རབས་ཀྱི་སྤྱི་ཚོགས་ཁྲོད་དུ། སྤྱི་དམངས་དག་ལ་མི་ཆོས་ཀྱི་ཀུན་སྤྱོད་དང་ཚན་རིག་གི་ལྟ་བ་ཡང་དག་འཛུགས་དགོས་ཚེ། སློབ་ཁྲིད་སློབ་གསོའི་གསར་གཏོད་ཀྱི་སྙིང་སྟོབས་དང་། མཉམ་ལས་ཀྱི་འདུ་ཤེས་དང་མཐོང་ཐོས་ཀྱི་ཁོད་ཡངས་མོ་ལྡན་དགོས་པའི་བླང་བྱ་ནན་མོ་བཏོན་ཡོད། དེ་ཡང་བྱེ་བྲག་ལ་བབས་ན། མི་སྒེར་ལ་དཔེ་ཀློག་འཇོན་པོ་དང་མི་གཞན་ལ་འབྲེལ་འདྲིས་ཀྱི་ནུས་བ་ངེས་ཅམ་ལྡན་དགོས་པ་ནི་ཆེས་རྩ་བའི་རྨང་གཞི་ཡིན་ལ། ད་དུང་དེང་རབས་ལག་རྩལ་གྱིས་རྒྱུ་ཆ་འཚོལ་སྡུད་དང་ཤེས་བྱའི་བརྡ་འཕྲིན་ཅི་རིགས་ལ་བླང་དོར་གྱི་ཤེས་རབ་བཅས་ལྡན་དགོས། དེས་ན། སྐད་ཡིག་སློབ་ཁྲིད་ཀྱིས་གཞི་ནས་མི་རབས་གསར་བ་གསོ་སྐྱོང་བྱེད་པའི་རྩ་བའི་འགན་ནུས་འདི་བོད་སྐད་ཡིག་དགེ་རྒན་ཡོད་དོ་ཅོག་གི་ཕྲག་ལ་བསྣམས་ཡོད་པ་སྨོས་མ་དགོས། འོ་ན་སྐད་ཡིག་སློབ་ཁྲིད་ལེགས་པོ་ཞིག་བྱེད་དགོས་ན། ངེས་པར་དུ་སྐད་ཡིག་ཅེས་པའི་གོ་དོན་གསེད་འགྲེལ་བྱེད་ཐུབ་པའི་རྨང་གཞིའི་སྟེང་ནས། ད་གཟོད་སྐད་ཡིག་སློབ་ཁྲིད་ཀྱི་ངོ་བོ་དང་དེའི་ཁྱད་ཆོས། གཞན་སྐད་ཡིག་སློབ་ཁྲིད་ཀྱི་འབབ་སྟེགས་དང་འགན་འཁྲི་བཅས་རྟོགས་ཐུབ་དགོས་སེམས།
གནད་ཚིག སྐད་ཡིག ཁྲིད་ཐབས། ཁྱད་ཆོས། རིན་ཐང་། ཉིང་དགོས།
སྐད་ཡིག་སློབ་གསོ་སློབ་ཁྲིད་མ་བགྲོ་སྔོན་དུ་དྲི་བ་འགའ་ལ་ལྟ་བར་བྱའོ། །
● སྐད་ཡིག་ནི་ཅི་ཞིག་ཡིན། ཅི་ཞིག་ལ་སྐད་ཡིག་སློབ་ཁྲིད་ཟེར་རམ།
● སྐད་ཡིག་སློབ་ཁྲིད་ཀྱི་ངོ་བོ་དང་ཁྱད་ཆོས་ལ་ཇི་ལྟར་རྒྱུས་ལོན་བྱེད་དགོས།
● སྐད་ཡིག་སློབ་ཁྲིད་ཀྱི་ཆེས་རྩ་བའི་འབབ་སྟེགས་དེ་གང་ཡིན།
● སྐད་ཡིག་སློབ་ཁྲིད་ཀྱི་འབབ་སྟེགས་ཇི་ལྟར་འཛུགས་དགོས།
མི་རིགས་ཀྱི་རིག་གནས་དང་སྒྱུ་རྩལ་གྱི་ཁྱད་ཆོས་ལ་གཙིགས་འཛིན་མི་བྱེད་པའམ་མཐོང་ཆུང་བྱེད་པ་ནི་རིག་གནས་དང་བསམ་བློའི་སྟེང་ནས་ཆེས་ཆེར་རྗེས་ལུས་ཀྱི་རྟགས་ཡིན། ----མཁས་དབང་དོར་ཞི་མཆོག་གིས།
གཅིག སྐད་ཡིག་གི་གོ་དོན།
བོད་སྐད་ཡིག་ནི་སྐད་ཡིག་སློབ་ཁྲིད་ཀྱི་རྐང་ཚུགས་ས་སྟེ། ཆུང་འབྲིང་སློབ་གྲྭའི་སྐད་ཡིག་སློབ་ཁྲིད་བྱེད་ཐབས་ཀྱི་རྩ་བའི་འགོ་རྩོམ་ས་ཡིན་ལ། སྐད་ཡིག་སློབ་ཁྲིད་ལེགས་པོ་ཞིག་བྱེད་དགོས་ན། ཐོག་མར་སྐད་ཡིག་ཅེས་པའི་གོ་དོན་རྟོགས་དགོས། མི་རིགས་རང་གི་སྐད་ཡིག་ནི་མི་རིགས་དེ་འཕེལ་རྒྱས་འགྲོ་མིན་གྱི་གནད་འགག་ཡིན། མི་རིགས་དེའི་རིག་གནས་སྲུང་སྐྱོབ་བྱེད་དགོས་ན། མི་རིགས་དེའི་སྐད་ཡིག་ལ་བརྟེན་དགོས། མི་རིགས་དེའི་སྐད་ཡིག་ནི་མི་རིགས་དེ་དབུལ་ཕོང་དང་གཉའ་གནོན། འཐབ་རྩོད་སོགས་ལས་བརྒལ་ཐུབ་པའི་ལག་ཆ་ཡིན་ལ། འཕེལ་རྒྱས་དང་སྔོན་ཐོན་ཕྱོགས་སུ་བསྐྱོད་པའི་གྲུ་གཟིངས་ཤིག་ཀྱང་ཡིན།༡ སྐད་ཡིག་ཅེས་པ་ལ་ངོས་འཛིན་མི་འདྲ་བ་ཡོད་པ།
སྐད་ཡིག་ཅེས་པ་ནི་རྨང་གཞིའི་སློབ་གསོའི་བསླབ་ཁག་ཅིག་གི་བཏགས་མིང་ཡིན་ཞིང་། དེ་ནི་སྤྱི་ལོ༡༩༤༩ལོར་ཀྲུང་གོའི་བྱང་ཤར་མི་དམངས་སྲིད་གཞུང་བསླབ་གཞི་གཙོ་སྒྲིག་ཚན་ཆུང་གིས་སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་བསླབ་དེབ་བསྒྲིགས་པ་ནས་མགོ་ཚུགས་ཏེ། མི་རྣམས་ཀྱིས་སྐད་ཡིག་ཅེས་པའི་གོ་དོན་ལ་ངོས་འཛིན་མི་འདྲ་བ་དུ་མ་བྱུང་། དེང་རབས་རྒྱའི་སྐད་ཡིག་གི་ཚིག་མཛོད་དུ། སྐད་ཡིག་གི་འགྲེལ་བ་ལ། སྐད་དང་ཡི་གེ་སྟེ། དཔེ་ཀློག་དང་རྩོམ་འབྲི་སོགས་ཀྱི་ནུས་བ་ཞེས་གོ་དོན་བཞག་ཡོད།
སྤྱིར་གོ་དོན་འགྲེལ་སྟངས་འདི་ཡང་ང་ཚོའི་སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་སློབ་ཁྲིད་ལ་འབྲེལ་བ་ངེས་ཅན་ལྡན་ནའང་། རྒྱའི་ཚིག་གཏེར་ཞེས་པའི་དཔེ་ཆའི་ཁྲོད་དུ། སྐད་ཡིག་ཅེས་པའི་བརྡ་ཆད་འདི་ཉིད་གཏན་ནས་བྱུང་མེད། ཡིན་ཡང་དེ་རུ་སྐད་ཡིག་རིག་པ་ཞེས་པའི་ཐ་སྙད་ཅིག་ཡོད་དེ། དེའི་གོ་དོན་ལ། ཡིག་ཚང་ལམ་ནས་སྐད་དང་ཡི་གེ་ལ་ཞིབ་འཇུག་བྱེད་པའི་བསླབ་ཁག་གི་སྤྱི་མིང་ཞིག་ལ་ཟེར་ཞེས་འགྲེལ་བརྒྱབ་ཡོད། དེ་ལ་ཡི་གེ་རིག་པ་དང་དབྱངས་ཡིག་རིག་པ་སོགས་དུ་མ་ཞིག་འདུས་ཡོད། སྒྲ་ཡངས་འཇུག་གིས་སྐད་ཡིག་རིག་པ་ལ་སྐད་དང་ཡི་གེ་གཉིས་འདུས་ཤིང་། ད་ལྟ་སྐད་ཡིག་རིག་པ་ནི་སྐད་བརྡ་རིག་པའི་ཁོངས་སུ་གཏོགས་པར་བྱས་ཡོད། དེས་ན། ང་ཚོས་རྟོགས་ཐུབ་པ་ནི། གོང་གི་ཚིག་གཏེར་ཞེས་པའི་དཔེ་ཆའི་ཁྲོད་དུ། སྐད་བརྡ་རིག་པའི་ལམ་ནས་སྐད་ཡིག་རིག་པ་ལ་འགྲེལ་བརྒྱབ་པ་ཡིན། དེ་བས་སྐད་ཡིག་ཅེས་པ་ནི་སྐད་དང་ཡི་གེ་ལ་ངོས་འཛིན་གནང་ཡོད་དོ།།
༢ དུས་དང་ཁོར་ཡུག་གིས་སྐད་ཡིག་གི་གོ་དོན་གཅོད་སྟངས།
སྐད་ཡིག་ཅེས་པའི་བརྡ་ཆད་ལ་གཅིག་གྱུར་གྱི་གོ་དོན་མེད་པ་མ་ཟད། མཁས་པ་དག་གིས་ཁོར་ཡུག་མི་འདྲ་བའི་གནས་བབས་འོག་ནས་སྐད་ཡིག་གི་གོ་དོན་འཇོག་སྟངས་ལ་འགྱུར་བ་འགྲོ་བཞིན་ཡོད། སྐད་ཡིག་གི་གོ་དོན་འཇོག་སྟངས་ནི། སྐད་བརྡ་རིག་པ་བ་དང་སྐད་ཡིག་སློབ་གསོ་བ་སྐུ་ཞབས་དཔལ་རིས་སངས་རྒྱས་ལགས་ཀྱིས་འདི་སྐད་དུ།༼སློབ་གྲྭ་ཆུང་འབྲིང་གི་བསླབ་གཞི་བསྒྱུར་བཅོས་ཐེངས་གསུམ་པའི་གྲོས་ཚོགས་ཀྱི་ཞུ་ཡིག་ནང་དུ།༽ང་ཚོས་བརྗོད་པའི་སྐད་ཡིག་སློབ་ཁྲིད་ཅེས་པ་ནི་སྐད་དང་ཡི་གེ་ཡིན་ནམ། ཡང་ན་སྐད་ཡིག་གི་རྩོམ་རིག་ཡིན། ཧ་ལམ་མི་མང་ཤོས་ཤིག་གིས་སྐད་ཡིག་སློབ་ཁྲིད་ཅེས་པ་ནི་སྐད་ཡིག་གི་རྩོམ་རིག་ལ་ངོས་འཛིན་བྱས་ཡོད། ཡིན་ཡང་ཁོ་བོའི་རྒྱུས་ལོན་ལ་གཞིགས་ན། སྐད་དང་ཡི་གེ་ཡིན་ཨང་ཞེས་བརྗོད་ཡོད། ད་དུང་སྐུ་ཞབས་ཝང་ལེ་ཞིན王立新ལགས་ཀྱི༼སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་སློབ་ཁྲིད་ལ་རགས་ཙམ་དཔྱད་པ༽ཞེས་པའི་ནང་དུ།སྐད་ཡིག་ཅེས་པའི་བརྡ་ཆད་འདི་ལ་གོ་དོན་གཉིས་ཡོད་དེ། གཅིག་ནི་སྐད་དང་ཡི་གེ་ལ་གོ་ཞིང་། གཅིག་ཤོས་ནི་སྐད་ཡིག་གི་རྩོམ་རིག་ལ་གོ་དགོས། ཁོ་བོས་བལྟས་ན་སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་ནི་སྐད་ཡིག་གི་རྩོམ་རིག་ཡིན་ཞིང་། ཕྱིས་ཀྱི༡༩༥༦ལོའི་སློབ་གྲྭ་ཆུང་འབྲིང་ནས་བཟུང་། སྐད་ཡིག་བསླབ་ཁག་གཉིས་སུ་གྱེས་ཏེ། སྐད་ཡིག་དང་རྩོམ་རིག་གཉིས་སུ་ཕྱེས་པར་ངོས་འཛིན་གནང་ཡོད་ལགས།
མཁས་དབང་ཉན་ཤུལ་མཁྱེན་རབ་འོད་གསལ་ལགས་ཀྱི་སྐད་ཡིག་གི་གོ་དོན་འཇོག་སྟངས་ནི། ཁོང་གི་གསུངས་འབུམ་ལས་སྐད་ཡིག་སློབ་ཁྲིད་ནང་གི་ཆེས་རྩ་བའི་ཤེས་བྱ་གཉིས་ཀྱི་དོན་སྙིང་གླེང་བ་ཞེས་པའི་ནང་དུའང་། སྐད་ཡིག་ལ་གོ་དོན་གཉིས་སུ་ཕྱེས་ཡོད། སྐད་དང་ཡི་གེ སྐད་དང་ཡི་གེ་ད་དུང་རྩོམ་རིག་གཉིས་ཞེས་གསུངས་སོ།།
སྐུ་ཞབས་ཀྲང་ཀྲུ་ཀོང་གི་སྐད་ཡིག་གི་གོ་དོན་འཇོག་སྟངས། སྐུ་ཞབས་ཀྲང་ཀྲུ་ཀོང་གི༼སྲོལ་རྒྱུན་གྱི་སྐད་ཡིག་སློབ་གསོའི་བསླབ་གཞི་གླེང་བ༽ཞེས་པའི་ནང་དུ། སྐད་ཡིག་ཅེས་པའི་རིག་ཚན་འདི་ནི་གཙོ་བོ་སྐད་དང་ཡི་གེ་ཡི་རིག་པ་ཞིག་ཡིན། ཞེས་གསུངས་ཡོད།
༣ རྒྱལ་ཡོངས་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་པའི་མཐུན་ཚོགས་ཀྱི་སྐད་ཡིག་གི་གོ་དོན་འཇོག་སྟངས།
སྐད་དང་རྩོམ་ཡིག
སྤྱི་ལོ༡༩༥༠ལོར། རྒྱལ་ཡོངས་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་མཐུན་ཚོགས་ཀྱི་ཁོངས་མི་སུང་ཡོན་ལིན་དང་ཀྲོའོ་བེན་ཧྲོ། ཅང་ཀྲོང་རེན་དང་ཀྲོའོ་ཙའོ་མའོ། ཡའོ་ཀའོ་འན། ཝའེ་ཅིན་ཀོང་སོགས་ཀྱིས་བསླབ་གཞིའི་རྩོམ་སྒྲིག་པའི་སྐད་ཆའི་ནང་དུ་འདི་ལྟར་འཁོད་ཡོད་དེ། ངག་ནས་བརྗོད་པ་ནི་སྐད་ཆ་དང་། དེ་ཡིག་ཐོག་ལ་ཕབ་ན་རྩོམ་ཡིག་ཡིན། རྩོམ་ཡིག་གི་གཞི་འཛིན་ས་ནི་སྐད་ཆ་ཡིན་སྟབས། སྐད་དང་ཡི་གེ་གཉིས་སོ་སོ་ཕྱེས་མི་ཐུབ། དེ་བས་སྐད་ཡིག་སློབ་ཁྲིད་ལ་ཉན་པ་དང་བཤད་པ། ཀློག་པ་དང་འབྲི་བ་བཅས་ཆ་རྐྱེན་བཞི་ཚང་དགོས། ད་དུང་སྔོན་ལ་རྒྱལ་ཁབ་ཀྱི་ཡི་གེ་དང་རྒྱལ་ཁབ་ཀྱི་སྐད་ཅེས་པའི་བསླབ་གཞིའི་བཏགས་མིང་ཡང་སྐད་ཡིག་བསླབ་དེབ་ལ་བསྒྱུར་ཞེས་བྲིས་སྣང་མཛད་ཡོད་ཅེས་བྲིས་འདུག
རྗེས་སུ། དཔྱོད་ཤེས་ལྡན་པའི་མཁས་པ་ལ་ལས་སྐད་ཡིག་ནི།སྐད་ཡིག་མ་ཡིན་པར་ཡིག་སྐད་ཡིན། སྐད་ཡིག་བསླབ་གཞི་མ་ཡིན་པར་ཡིག་སྐད་བསླབ་གཞི་ཡིན། ཞེས་བརྗོད་སྟངས་སྣ་ཚོགས་རིམ་གྱིས་བྱུང་ངོ་། །དེང་རབས་ཀྱི་མཁས་དབང་ལྕགས་བྷེའི་གསུངས་ཤིག་ལས་སྐད་ཡིག་གི་གོ་དོན་ལ་སྐད་ཡིག་ནི་བསམ་བློའི་མཚོན་རྟགས་ཡིན། ཞེས་གསུངས་པར་ཡང་རིག་མྱངས། སྐད་ཡིག་ནི་ཕན་ཚུན་ལ་འབྲེལ་འདྲིས་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། རིག་གནས་ཀྱི་སྒྲོམ་གཞི་གལ་ཆེན་ཀྱང་ཡིན། སྐད་ཡིག་ནི་འབྲེལ་འདྲིས་བྱེད་པའི་ལག་ཆ་གལ་ཆེན་དང་། མིའི་རིགས་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པར་ཁོ་བོས་ངོས་འཛིན་གནང་གི་ཡོད།
༼ལྗོངས་ཞིང་ལྔའི་སྐད་ཡིག་བསླབ་ཚན་ཚད་གཞི་ལས༽སྐད་ཡིག་གི་གོ་དོན་འཇོག་སྟངས་ལ། སྐད་ཡིག་ནི་བསམ་བློའི་མཚོན་རྟགས་ཡིན་ཏེ།མི་རིགས་སོ་སོའི་སྐད་བརྡ་ནི་བརྡ་རྟགས་ཀྱི་མ་ལག་འཐུས་ཚང་ཞིག་ཡིན་ལ། དེས་མི་རིགས་དེའི་འཇིག་རྟེན་ལྟ་ཚུལ་དང་འཇིག་རྟེན་ལ་རྒྱུས་ལོན་བྱུང་བའི་རིན་ཐང་ལྟ་བ་དང་མི་ཚེ་ལྟ་བའི་མ་ལག་མཚོན་ཡོད་ཅིང་། སྐད་བརྡའི་རིག་གནས་སྨྲ་བའི་གྲུབ་མཐའ་བྱུང་སྟེ། སྐད་ཡིག་ནི་ཕན་ཚུན་ལ་འབྲེལ་འདྲིས་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། རིག་གནས་ཀྱི་སྒྲོམ་གཞི་གལ་ཆེན་ཀྱང་ཡིན་ཞེས་སྡོམ་ཚིག་བཀོད་ཡོད་པ་མ་ཟད། སྐད་ཡིག་ནི་འབྲེལ་འདྲིས་བྱེད་པའི་ལག་ཆ་གལ་ཆེན་དང་། མིའི་རིགས་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་ལུགས་གསུངས་འདུག
༼བོད་རིག་པའི་མཁས་དབང་བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་ཀྱིས་གསུངས་འབུམ་ལས།༽སྐད་ཅེས་པ་ནི་ཁ་སྐད་ཡིན་ཞིང་། ཡི་གེ་ཞེས་པ་ནི་ཡིག་ཐོག་ལ་གཞོལ་ཆེ་བས། རིམ་གྱིས་ཐ་སྙད་འདི་གཉིས་གཞི་གཅིག་ལ་སྦྱར་ཏེ། སྐད་ཡིག་ཅེས་པའི་སྤྱི་མཚན་གྱི་སྐད་ཡིག་ཅེས་པའི་བློའི་རྟོག་པའི་བརྡ་རྟགས་བྱུང་།
ངག་ཐོག་གི་སྐད། ཡིག་ཐོག་གི་སྐད། སྐད་ཡིག་ལ་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ། སྐད་ཆ་ཟེར་ཞིང་ཡིག་ཐོག་ནས་ཡི་གེ་ཞེས་འབོད། འདི་གཉིས་ཀྱི་སྤྱི་མིང་ལ་སྐད་ཡིག་ཅེས་འབོད།
༼རྒྱ་ཡིག་དང་བོད་ཡིག་ལ་ཁྱད་པར་ཆེན་མོ་ཡོད་དེ།༽རང་རེའི་བོད་མི་རིགས་ཀྱིས་སྐད་དང་ཡི་གེ་ཞེས་པ་ལས་སྐད་ཅེས་པ་ནི་སྐྱེས་བུའི་ཤེས་རྒྱུད་ཀྱི་བསྡུས་པའི་ང་རོའི་ཚུལ་དུ་འབྱིན་པའི་དོན་ཅན་གྱི་སྒྲ་ལ་གོ་ཞིང་། ཡི་གེ་ཞེས་པ་ནི་ཤོག་ངོས་ཀྱི་རི་མོ་ལ་གོ་ཞིང་། དེ་ཉིད་ངག་ནས་འབྱིན་པའི་ཀ་ཞེས་པའི་སྒྲ་ཕྱིར་ཐོན་པའི་དོན་ཅན་དོན་མེད་གཉིས་གང་ཡང་རུང་བའི་ང་རོའི་སྒྲ་ལ་ཡི་གེ་ཞེས་མཚན་ཉིད་བཞག་ཡོད། རྒྱ་ཡིག་ནི་འདྲ་གཟུགས་ཡི་གེ་ཡིན་ལ།བོད་ཡིག་ནི་སྒྲ་སྦྱོར་ཡི་གེ་ཡིན།
༤ སྐད་ཡིག་ཅེས་པའི་བརྡ་ཆད་ཀྱི་འཕེལ་རིམ།
སྔོན་གྱི་སྤྱི་ལོ༡༩༤༩ལོའི་ཟླ་དྲུག་པར། རྒྱལ་ཡོངས་སྐམ་ས་ཆེན་མོ་བཅིངས་འགྲོལ་བྱས་རྗེས། ཧྭ་བྱང་མི་དམངས་སྲིད་གཞུང་སློབ་གསོ་སྡེ་ཁག་གིས་བསླབ་དེབ་སྒྲིག་བཟོ་བྱེད་སྐབས། ཆུང་འབྲིང་སློབ་མར་ཁ་གཏད་དེ། རྒྱའི་སྐད་ཡིག་གི་རྗོད་བྱེད་ཚིག་སྟེ་གོ་སླ་བའི་རྣམ་པ་ཅན་དུ་བསྒྱུར་ཞིང་། སློབ་མ་དག་གིས་ངག་ཐོག་དང་ཡིག་ཐོག་གང་རུང་ནས་འཚོ་བའི་འབྲེལ་འདྲིས་ཀྱི་ནུས་བ་ཡར་སྐྱེད་གཏོང་སླད། རྒྱལ་ཁབ་ཀྱི་སྐད་ཡིག་ཅེས་པའི་བསླབ་གཞིའི་མིང་བརྗེ་ནས་སྐད་ཡིག་ལ་བསྒྱུར། ཡང་ན། སྐད་ཡིག་ཅེས་པ་ནི་སྐད་ཆའི་དོན་ལ་གཞོལ་ཆེ་སྟབས། རང་བཞིན་གྱིས་ངག་ཐོག་གི་སྐད་དང་ཡིག་ཐོག་གི་སྐད་གཉིས་སུ་འདུ་ཞིང་། ང་ཚོས་ཀྱང་ངག་ཐོག་ནས་སྐད་དང་། ཡི་གེ་ལམ་ནས་ཡིག་ཅེས་པའི་འདི་གཉིས་ཟུང་འབྲེལ་བྱས་པའི་སྤྱི་མིང་ལ་སྐད་ཡིག་ཅེས་བཏགས་ནོ་སྙམ།
༼མི་རིགས་རང་སྐྱོང་ལྗོངས་ཀྱི་ཁྲིམས་ཡིག༽ལས། ཕུལ་དུ་བྱུང་བའི་བོད་ཀྱི་སྐད་ཡིག་རིག་གནས་རྒྱུད་འཛིན་དང་ཡུལ་སྲོལ་གོམས་གཤིས་དར་རྒྱས་གཏོང་པ་ལ། མི་རིགས་འདིའི་རེ་འདོད་སྐོང་བའི་ཕྱིར།ངེས་པར་དུ་བོད་ཀྱི་སློབ་མ་རྣམས་ལ་སློབ་ཆུང་ནས་སློབ་ཆེན་བར་བོད་ཡིག་གཙོ་བྱས་ནས་སློབ་གསོ་གནང་རྒྱུ་གལ་ཆེན་ཡིན།ཞེས་བཀོད་འདུག
གཉིས་པ། སྐད་ཆའི་ངོ་བོ།
དགེ་བཤེས་ཆོས་གྲགས་ལགས་ཀྱིས། ༼རིགས་མཐུན་མི་ཡི་འགྲོ་བའི་སེམས་ཀྱི་འོད། །ཕན་ཚུན་འཕྲོ་བའི་རྒྱུན་ལམ་ཉག་གཅིག་དེ།།༽སྐད་ཆའི་ནུས་བ་དང་ཕན་ཡོན་གསུངས་པར་བཞིན་དུ། སྐད་ཡིག་སློབ་ཚན་གྱི་ངོ་བོ་དང་སྐད་ཆའི་ངོ་བོ་གཉིས་ལ་འབྲེལ་བ་དམ་ཟབ་ལྡན་ཞིང་། སྐད་ཡིག་སློབ་ཚན་གྱི་ངོ་བོ་རྟོགས་དགོས་ན། ཐོག་མར་སྐད་ཆའི་ངོ་བོ་རྟོགས་དགོས། སྐད་ཆ་ལ་ངོ་བོ་དུ་མ་ལྡན་ཏེ། དཔེར་ན། བརྡ་རྟགས་རང་བཞིན་དང་སྤྱི་ཚོགས་རང་བཞིན། འཕེལ་རྒྱས་རང་བཞིན། ལག་ཆའི་རང་བཞིན། མི་ཆོས་རང་བཞིན་སོགས་ཡོད། ཡིན་ཡང་སྐད་ཆའི་བཀོལ་སྤྱོད་ཀྱི་ཕྱོགས་ནས་བལྟས་ན། སྐད་ཆའི་ཆེས་གལ་ཆེ་བའི་ངོ་བོ་ནི། འབྲེལ་འདྲིས་རང་བཞིན་དང་ལག་ཆ་རང་བཞིན། མི་ཆོས་རང་བཞིན་བཅས་ཡིན། སྐད་ཆའི་འབྲེལ་འདྲིས་རང་བཞིན། ལག་ཆ་རང་བཞིན། མི་ཆོས་རང་བཞིན། བཅས་མང་དུ་མངོན་ཡོད།
གསུམ་པ། སྐད་ཡིག་སློབ་ཁྲིད་ཀྱི་ངོ་བོ་དང་ཁྱད་ཆོས།
༡ སྐད་ཡིག་སློབ་ཁྲིད་ཀྱི་ངོ་བོའི་ཉིང་དགོས་གླེང་བ།བྱ་དངོས་ཤིག་གི་ངོ་བོ་ནི་བྱ་དངོས་དེའི་ཁྱད་ཆོས་ཡིན་ཞིང་། ཡང་གཅིག་བཤད་ན། བྱ་དངོས་དེའི་ངོ་བོའི་ཆོས་ཉིད་ལ་ངོས་འཛིན་གནང་ཆོག་པ་ཡིན། བྱ་དངོས་ཀྱི་ཁྱད་ཆོས་ནི། ངོ་བོའི་ཆོས་ཉིད་ཀྱི་མངོན་སྟངས་བྱེ་བྲག་གིས་མཚོན་པའི་རྣམ་པ་ལ་ཟེར། ང་ཚོས་བྱ་བ་གང་ཞིག་སྒྲུབ་པའི་སྐབས་སུའང་། ཐོག་མར་ངོ་བོ་ལ་རྒྱུས་ལོན་བྱེད་དགོས་ཤིང་། དེ་ནས་བྱ་དངོས་ཀྱི་ཁྱད་ཆོས་རྟོགས་དགོས། དེས་ན་སྐད་ཡིག་སློབ་ཁྲིད་ལེགས་པོ་ཞིག་བྱེད་དགོས་ན། ཐོག་མར་སྐད་ཡིག་སློབ་ཁྲིད་ཀྱི་ངོ་བོ་དང་དེའི་ཁྱད་ཆོས་ངེས་པར་དུ་རྟོགས་དགོས་སོ།། ༼བུ་སྟོན་ཆོས་འབྱུང་ལས༽སེམས་ཅན་ལྷགས་པ་རྩེ་གཅིག་གྱུར་རྣམས་ལ། །གཏམ་ཡང་རྣམ་པ་སྣ་ཚོགས་ཉེ་བར་སྟོན། །རྒྱལ་པོ་དག་དང་རྒྱལ་བུ་རྣམས་ལ་ཡང་། །མཁས་དེ་རྟག་ཏུ་ཕྲག་དོག་མེད་པར་ནི། །སྣ་ཚོགས་དོན་ལྡན་སྙན་པའི་གཏམ་ཡང་སྟོན། །ལེ་ལོ་དག་ཀྱང་རྣམ་པར་རབ་སྤངས་ནས། །སྐྱོ་བ་སྙམ་པའི་འདུ་ཤེས་བསྐྱེད་མི་བྱ། །ཞེས་གསུངས་སོ།།
༢ སྐད་ཡིག་སློབ་ཁྲིད་ཀྱི་ཁྱད་ཆོས།
སྐད་ཡིག་སློབ་ཁྲིད་ནི་མིའི་རིགས་ཀྱི་རིག་གནས་གྲུབ་ཆ་གཙོ་བོ་ཞིག་ཡིན་ཏེ། དེ་ལ་ལག་ཆའི་རང་བཞིན་དང་མི་ཆོས་རང་བཞིན་རིག་གནས་ཀྱི་རང་བཞིན་གཉིས་གཞི་གཅིག་ཏུ་གྲུབ་པ་ཁྲིད་ཐབས་ནི་སྐད་ཡིག་སློབ་ཁྲིད་ཀྱི་རྩ་བའི་ཁྱད་ཆོས་ཡིན། སྐད་ཡིག་སློབ་ཁྲིད་ཀྱིས་སློབ་མའི་ཤེས་རབ་དང་རིག་གནས་ཀྱི་ཡོན་ཚད་ཇེ་མཐོར་བཏང་སྟེ། སློབ་མར་སྐད་ཡིག་གི་བཀོལ་སྤྱོད་ཀྱི་ནུས་པ་ཅུང་ཆེན་པོ་ཞིག་དང་། མཛེས་དཔྱོད་ཀྱི་ནུས་པ་དང་འཚོལ་དཔྱད་ཀྱི་ནུས་པ་ངེས་ཅན་ཞིག་ལྡན་དུ་འཇུག་དགོས་ལ། བསམ་བློ་ཀུན་སྤྱོད་ཀྱི་སྤུས་ཀ་དང་ཚན་རིག་རིག་གནས་ཀྱི་སྤུས་ཀ་ལེགས་པོ་ཞིག་ཆགས་པར་བྱས་ནས། མི་ཚེ་གང་པོར་སློབ་སྦྱོང་བྱེད་པ་དང་། རང་གཤིས་ལྡན་པའི་འཕེལ་རྒྱས་ཡོང་བར་རྨང་གཞི་འདིང་དགོས།
● སྐད་ཡིག་ནི་རིག་གནས་ཀྱི་སྒྲོམ་གཞི་གལ་ཆེན་དེ་ཡིན།
● སྐད་ཡིག་ནི་མིའི་རིགས་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་དེ་ཡིན།
● སྐད་ཡིག་ནི་རིག་གནས་ཀྱི་ཆེས་རྩ་བའི་སྒྲོམ་གཞི་དེ་ཡིན།
● སྐད་ཡིག་དང་རིག་གནས་ནི་ཕྱོགས་གཅིག་ནས་དྲང་ཐིག་གིས་བགྲོད་ཅིང་། ཕྱོགས་གཅིག་ནས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་དེ་ཡིན།
● སྐད་ཡིག་གི་ཁོངས་སུ་ཡིག་སྐད་འདུས་ཡོད།
● སྐད་ཡིག་ནི་སྐད་དང་བསམ་བློའི་འབྲེལ་འདྲིས་ཀྱི་ལག་ཆ་གཙོ་བོ་དེ་ཡིན།
སྐད་ཡིག་ལ་བྱེ་བྲག་ཏུ། ༡ སྐད་ཆ། ༢ ནང་དོན། ༣ ཐ་སྙད། ༤ བརྡ་སྤྲོད་ཐབས་ཞེས་མངའ།
༡ སྐད་ཡིག་སློབ་ཚན་གྱི་ངོ་བོའི་ངོས་འཛིན་མི་འདྲ་བ།
སྐད་ཡིག་ལ་ངོས་འཛིན་མི་འདྲ་བ་དུ་མ་བྱུང་བ་ལས། བྱེ་བྲག་ཏུ་བོད་ཀྱི་སྐད་ཡིག་བསླབ་ཚན་གྱི་ངོ་བོ་ལའང་ངོས་འཛིན་སྟངས་སྣ་ཚོགས་བྱུང་ཡོད་ཅིང་། དེ་དག་གི་ཚབ་བྱེད་རང་བཞིན་གཤམ་གསལ་ལྟར། ངོས་འཛིན་མི་འདྲ་བ་སྣ་ཚོགས་བྱུང་བཤམས་གསལ་དུ།
ལག་ཆ་རང་བཞིན་དང་བསམ་བློ་རང་བཞིན།
ལག་ཆ་རང་བཞིན་དང་མི་ཆོས་རང་བཞིན།
ལག་ལེན་རང་བཞིན་དང་སྣ་འཛོམ་རང་བཞིན།
ལག་ཆ་རང་བཞིན།
བསམ་བློ་རང་བཞིན།
རྩོམ་རིག་རང་བཞིན།
ཤེས་བྱ་རང་བཞིན།
ལག་ལེན་རང་བཞིན།
སྣ་མང་རང་བཞིན།
རྒྱ་ཁྱབ་རང་བཞིན་དང་མག་མོག་རང་བཞིན།
སྤྱི་ཚོགས་རྒྱུན་སྤྱོད་རང་བཞིན་དང་རྨང་གཞི་རང་བཞིན།ཞེས་མང་པོ་རིག་རྒྱུ་འདུག
༢ བྱེ་བྲག་བོད་ཀྱི་སྐད་ཡིག་བསླབ་ཚན་གྱི་ངོ་བོའི་ངོས་འཛིན།
དུས་ཚོད་དང་ས་གནས་ཁོར་ཡུག ལོ་རྒྱུས་དང་རིག་གནས་རྒྱབ་ལྗོངས་མི་འདྲ་བའི་གནས་ཚུལ་འོག་ཏུ། སྐད་ཡིག་སློབ་ཚན་གྱི་ངོ་བོའི་ངོས་འཛིན་ཐད་དུ་འང་རིགས་མི་འདྲ་བ་མང་པོ་ཡོད་ཅིང་། དེ་དག་ཐམས་ཅད་ཕྱོགས་གཅིག་ལ་བསྡུས་ན། བསླབ་ཁག་གི་ངོ་བོ། མི་ཆོས་རྨང་གཞིའི་རྒྱུན་སྤྱོད་བསླབ་ཁག་རང་བཞིན། རྩ་བའི་རང་བཞིན། མི་ཆོས་རང་བཞིན་དང་ལག་ཆ་རང་བཞིན། ཤིན་ཏུ་ཕལ་བའི་རང་བཞིན། སྤྱི་ཚོགས་རང་བཞིན། ལག་ལེན་རང་བཞིན།
གོང་གི་རྣམ་པ་འདི་བཞི་ཡིས་བོད་སྐད་ཡིག་བསླབ་ཚན་གྱི་རྩ་བའི་ངོ་བོ་ཐག་གིས་བཅད་ཡོད་ཅིང་། རང་བཞིན་གྱིས་སྐད་ཡིག་སློབ་ཁྲིད་ཀྱི་རྩ་བའི་ཁྱད་ཆོས་གསེད་འགྲེལ་བྱས་ཀྱང་བྱས་ཡོད།
༣ སྐད་ཡིག་སློབ་ཚན།
༼༡༽ དེ་ཡང་སྐད་ཡིག་ཅེས་པ་གོང་དུ་བརྗོད་ཟིན་པས་བསྐྱར་ཟློས་ཀྱི་ངལ་བ་མི་བསྟེན་ཞིང་། འོ་ན་སློབ་ཚན་ཞེས་པ་ནི་ག་རེ་ཞིག་ལ་ངོས་འཛིན་བྱེད་དགོས་ཞེ་ན། སློབ་ཚན་ཞེས་པ་ནི་ང་ཚོའི་ཉམས་མྱོང་ལྟར། སློབ་སྦྱོང་གི་ཁྱབ་ཁོངས་དང་འཕེལ་རིམ། འཆར་གཞི་ཅན་གྱི་ཕྱོགས་ཤིག་ལ་གཞོལ་དགོས་ཤིང་། དེ་ཡང་ཐོག་མར་ནུབ་ཕྱོགས་སུ། སློབ་ཚན་ཞེས་པར་ལ་ཐིང་སྐད་དུ། ཐོག་མར་རྒྱུགས་ལམ་དང་། མི་རིགས་ཀྱི་ཉམས་མྱོང་ཞེས་པའི་ནང་དོན་ལྡན་ཞིང་། ད་སྐབས་སློབ་གྲྭའི་སློབ་ཚན་དུ་བཀོལ་སྤྱོད་གནང་སྟེ། སློབ་ཁྲིད་ཀྱི་ནང་དོན་དང་འཆར་གཞི་ལ་གོ་བ་བླངས་ཡོད། ལྗོདས་ཞིང་ལྔའི་བསླབ་ཚན་ཚད་གཞི་ནང་དུའང་། སློབ་ཚན་ནི་སློབ་གྲྭ་སོ་སོས་སློབ་གསོའི་དམིགས་ཡུལ་དང་གཏན་འབེབས་ཀྱི་བསླབ་ཁག་སོ་སོའི་དམིགས་ཡུལ་དང་ཁྱབ་ཁོངས། མང་ཉུང་དང་འཕེལ་རིམ་གྱི་སྤྱི་མིང་ལ་ཟེར་ཞེས་བཀོད་ཡོད་ཅིང་། དེང་རབས་ཚིག་མཛོད་ནང་དུ། སློབ་ཚན་ནི་སློབ་གྲྭའི་སློབ་ཁྲིད་ཀྱི་བསླབ་ཁག་དང་འཕེལ་རིམ་ཞེས་འགྲེལ་བརྒྱབ་ཡོད།
དམའ་འབྲིང་བོད་སྐད་ཡིག་གི་བསླབ་ཚན་གྱི་གཞི་རྩའི་ལྟ་བ།
༼༡༽ སྐད་ཡིག་བསླབ་ཚན༼ལྗོངས་ཞིང་ལྔའི་འགན་བབས་སློབ་གསོའི་སྐད་ཡིག་བསླབ་ཚན་གྱི་ཚད་གཞི༽ལས་བཏོན་པའི་གཞི་རྩའི་ལྟ་བ་མུ་མཐུད་དུ་རྒྱུན་འཁྱོངས་དང་། དུས་སྐབས་གསར་པའི་བོད་སྐད་ཡིག་གི་སློབ་གསོའི་ལས་འགན་དང་སློབ་མའི་དགོས་མཁོ་གཞིར་བཟུང་སྟེ། ཤེས་བྱ་དང་ནུས་རྩལ། བརྒྱུད་རིམ་དང་ཐབས་ཤེས། འགྱུར་ཉམས་དང་རིན་ཐང་གི་ལྟ་བ་བཅས་ཕྱོགས་གསུམ་ནས་བསླབ་ཚན་གྱི་དམིགས་ཚད་འཆར་འགོད་བྱས་ཡོད་པ་དང་། བསླབ་ཚན་གྱི་ནང་དོན་དང་། སྒྲིག་གཞི། ལག་བསྟར་བྱེད་ལུགས་བཅས་ལ་སྒྱུར་བཅོས་གང་ལེགས་བྱས་ཡོད།
༼༢༽ བོད་སྐད་ཡིག་ནི་རྨང་གཞིའི་སློབ་གསོའི་དུས་རིམ་གྱི་བསླབ་ཁག་ཅིག་ཡིན་པའི་ཆ་ནས། སྐད་དང་ཡི་གེ བརྡ་སྤྲོད་བཅས་ནི་སྐད་ཡིག་སློབ་ཚན་གྱི་གཞི་རྩའི་ནང་དོན་ཡིན་ཞིང་། འདི་ཉིད་གསལ་བོར་ངོས་འཛིན་ཐུབ་ན། ད་གཟོད་སྐད་ཡིག་སློབ་ཁྲིད་ཀྱི་བྱེད་སྒོའི་ཁྲོད་དུ་སློབ་མའི་དམིགས་ཚད་དང་སློབ་ཁྲིད་དམིགས་ཚད་གཅིག་གྱུར་ཐུབ་པ་མ་ཟད། ངོ་བོ་འདི་ལ་དམིགས་ནས་ཤེས་བྱ་དང་ནུས་བ། རྒྱུད་རིམ་དང་བྱེད་ཐབས། བརྩེ་འདང་དང་རིན་ཐང་ལྟ་བ་བཅས་ཀྱི་ཚད་གཞི་ཇུས་བཀོད་གང་ལེགས་བྱེད་པར་གཞི་འཛིན་ས་རྙེད་སོན་བྱུང་ཐུབ་སྙམ་པའི་དཔའ་གདེངས་ཤར་བྱུང་ལགས།
༼༣༽ མཐུན་མོང་གི་རྨང་གཞི་དང་སྣ་མང་གདམ་ག་བྱེད་པ་གཉིས་གཅིག་གྱུར་ཡོང་བའི་རྩ་དོན་ལ་བརྩི་འཇོག་བྱས་ཏེ། དམའ་འབྲིང་བོད་སྐད་ཡིག་གི་བསླབ་ཚན་གུ་ཡངས་ཤིང་གོ་རིམ་ལྡན་པ་ཞིག་སྒྲིག་འཛུགས་བྱེད་དགོས།
བསླབ་ཚན་གྱི་དམིགས་ཚད།
(1)གསོག་འཇོག་དང་ལེགས་སྒྲིལ།
(2)མྱོང་བ་དང་མྱོང་དཔྱད།
(3)བསམ་གཞིག་དང་ཤེས་རྟོགས།
(4)བཀོལ་སྤྱོད་དང་རྒྱ་སྐྱེད།
(5)རྙེད་རྟོགས་དང་གསར་གཏོད།
(6)གོ་བརྡ་སྤྲོད་པ་དང་བརྗེ་རེས།
བཞི་པ། དམའ་འབྲིང་བོད་སྐད་ཡིག་གི་ཁྲིད་ཐབས་འཕྲོས་བཤད།
༡ སློབ་ཁྲིད་སེམས་ཁམས་རིག་པའི་ཐད་ནས་བལྟས་ན། སློབ་མ་ནི་འཕེལ་རྒྱས་ཁྲོད་དུ་ལྷན་སྐྱེས་ཀྱི་ཤེས་རབ་མེ་ལྟར་འབར་བཞིན་ཡོད། སློབ་མ་ནི་སློབ་སྦྱོང་གི་བདག་པོ་ཡིན་ཞིང་། ཁོ་ཚོ་རེ་རེ་ལ་རང་དང་ཐུན་མིན་གྱི་ཁྱད་གཤིས་ཡོད། དཔེ་ཀློག་སློབ་ཁྲིད་ནི་སློབ་མ་སྒེར་གྱི་དགའ་ཁ་འཁྱེར་སོ་དང་། ཁམས་དང་མོས་པ། གཤིས་ཀ་དང་དགོས་མཁོ་ལ་གཞིགས་ཏེ་ཤེས་བྱ་བསྡུ་ལེན་དང་། ཉམས་མྱོང་གསོག་འཇོག ཤེས་རབ་སྐྱེད་སྲིང་བྱེད་པ་ཡིན་སྐད།༢ མ་གཞི་ནས་དམའ་འབྲིང་བོད་སྐད་ཡིག་གི་དཔེ་ཀློག་སློབ་ཁྲིད་ཀྱི་ངོས་ཐད་ནས་བལྟས་ནའང་། དཔེ་ཀློག་སློབ་ཁྲིད་ནི་མི་ཞིག་གིས་ཡིག་ངོས་ནས་སྙིང་བོ་ཚུར་ལེན་བྱས་ཏེ་ཡི་གེ་གསར་དུ་སྒྲིག་པའི་གོ་རིམ་ཞིག་ཡིན། དཔེ་ཀློག་ནི་སློབ་མས་ཡི་གེ་བརྒྱུད་དེ་བརྡ་སྤྲོད་ཚུར་ལེན་བྱེད་པ་དང་། བརྡ་སྤྲོད་དང་ཚིག་རྒྱན་སོགས་གྱི་ནང་དོན་ཐག་གཅོད་བྱེད་པར་མ་ཟད། ཤེས་བྱར་གསར་གཏོད་བྱེད་པའི་གོ་རིམ་ཞིག་ཡིན། ཡང་ན་སློབ་མས་རང་རྒྱུད་ཀྱི་ཤེས་བྱ་དང་ཉམས་མྱོང་ནི་ཡིག་ངོས་ནས་དོན་སྙིང་གསར་རྙེད་དང་ཡི་གེ་ཡི་སྒྲིག་གཞི་ལ་ལས་སྣོན་བྱེད་པའི་གོ་རིམ་ཞིག་ཡིན། བཤད་སྟངས་གཞན་ཞིག་ནས་ལབ་ན། དཔེ་ཀློག་སློབ་ཁྲིད་ནི་སློབ་མ་རང་ཉིད་དང་ཡི་གེ་བར་དུ་དོན་སྙིང་འཛུགས་པའི་གོ་རིམ་ཞིག་ཀྱང་ཡིན། གོ་རིམ་འདི་ནི་རྙོག་དྲ་ཆེ་ཞིང་དཀའ་སྡུག་ཤིན་ཏུ་ཆེ། དཔེ་ཀློག་བྱེད་པའི་སློབ་མའི་རྒྱུད་ཀྱི་ཤེས་བྱའི་སྒྲིག་གཞི་དང་འཚོ་བའི་མྱོང་རོལ། བསམ་བློ་གཏོང་སྟངས་སོགས་གཞིར་བྱས་ཏེ། ཤེས་རབ་ཀྱི་བྱིན་རླབས་བསྡུ་ལེན་བྱེད་ཐུབ་པ་མ་ཟད། ཤེས་བྱའི་གནད་རྣམས་ཐག་གཅོད་དང་གསར་གཏོད་བྱེད་པའང་ཡིན། གོ་རིམ་འདིའི་ཁྲོད་དུ། ཤེས་བྱར་བསྡུ་ལེན་བགྱིས་ཚུལ་ཚད་ངེས་ཅན་ཞིག་ནས་བཤད་ན། དམའ་འབྲིང་བོད་སྐད་ཡིག་དགེ་རྒན་གྱི་སྐད་ཡིག་ཁྲིད་པའི་རིགས་པ་པ་རག་ལས་ཡོད། བྱ་དངོས་ཀྱི་ཐག་གཅོད་དང་ལྷག་པར་དུ་ཤེས་བྱར་གསར་གཏོད་ནི་དཔེ་ཀློག་སློབ་ཁྲིད་དང་དཔེ་ཀློག་བྱེད་མཁན་ལ་འབྲེལ་བ་དམ་ཟབ་ཡོད། མཐར་གཏུགས་ན་དམའ་འབྲིང་བོད་སྐད་ཡིག་དགེ་རྒན་ཚོས་དཔེ་ཀློག་སློབ་ཁྲིད་ཀྱི་འགོ་རྩོམ་སའི་དགོས་སོགས་ཆོས་བཞི་མ་ནོར་བར་མཁྱེན་རྒྱུ་གལ་ཆེ་སྟེ།
༣ དེར་བརྟེན་དམའ་འབྲིང་བོད་སྐད་ཡིག་ཁྲིད་ཐབས་ལས་བོད་ཀྱི་བརྡ་སྤྲོད་དང་ཚིག་རྒྱན་ཁྲིད་ཐབས་ཀྱང་ཐུན་མིན་གྱི་ཁྱད་ཆོས་བདོག་སྟེ། དམའ་འབྲིང་བོད་སྐད་ཡིག་གི་སུམ་རྟགས་དག་གསུམ་གཞིར་བྱས་ཏེ། སྙན་ངག་གི་དོན་རྒྱན་ལེའུ་གཉིས་པ་ལས།རང་བཞིན་བརྗོད་པའི་རྒྱན་གཉིས་ལས་གཟུགས་རྒྱན་གྱི་དབར། །རྩ་བའི་གོ་དོན་ཁྱད་པར་ཤེས་པར་བྱ་རྒྱུ་ཧ་ཅང་གལ་འགངས་ཆེ་སྟེ། དམའ་འབྲིང་གི་སྐབས་སུ་སློབ་གཞིའི་རེ་འདུན་ལྟར་སུམ་རྟགས་དག་གསུམ་གནད་དུབཟུང་ནས།སྙན་ངག་གི་དོན་རྒྱན་སོ་ལྔ་ལས་དང་པོ་རང་བཞིན་བརྗོད་པའི་རྒྱན་ལས་གསུམ་པ་གཟུགས་རྒྱན་བར་གྱི་རྒྱན་སོ་སོའི་གོ་དོན་དང་། མཚན་གཞིའི་དཔེར་བརྗོད། རྒྱན་སོ་སོའི་གོ་དོན་དང་།མཚན་གཞིའིདཔེར་བརྗོད། རྒྱན་སོ་སོའི་ཁྱད་པར་སོགས་གོ་སླ་བའི་ཚིག་གིས་སློབ་མར་རྟོགས་སུ་བཅུག་ནས་དངོས་སུ་སྤྱོད་ཤེས་པའི་ཚད་ལ་སླེབས་སུ་འཇུག་དགོས་པ་དང་གཅིག བྱེད་འབྲེལ་གཉིས་ཀྱི་ཁྱད་པར་དང་བྱེ་བྲག་གི་དབྱེ་བ་དང་གོ་དོན། ལས་ཚིག་གི་ཁྱད་པར་དང་། དང་སྒྲ། ལྷག་བཅས། བདག་སྒྲ། དགག་སྒྲ། ན་ལ་གཉིས་དོན་གཞན་ལ་འཇུག་ཚུལ། ཚིག་ཕྲད་ཅིང་ཞིང་ཤིང་སོགས་ཀྱི་སྤྱོར་ཚུལ་ཤེས་དགོས་པ་དང་།
༤ སུམ་རྟགས་དག་གསུམ་གྱི་རྩ་ཚིག་བློར་ངེས་པར་བྱེད་དགོས་པ་དང་གཉིས། དམའ་འབྲིང་བོད་སྐད་ཡིག་དགེ་རྒན་རྣམ་པས་འཇོན་ཚེ་བྱ་བྱེད་ལས་གསུམ་ངོས་འཛིན་ཁྲིད་ཞོར་རྟགས་ཀྱི་འཇུག་ལའང་བག་ཆགས་ཙམ་བཞག་ན་འགྲིག་སེམས།རྟགས་འཇུག་སྐབས་ཀྱི་མིང་གཞི་དང་སྔོན་འཇུག རྗེས་འཇུག་སོ་སོའི་རྟགས་ཀྱི་དབྱེ་བའི་ཁྱད་པར་ཞིབ་ཏུ་ཤེས་དགོས་པར་མ་ཟད།སྔོན་འཇུག་གི་སྐབས་སུ་དགོས་པ་ཅིའི་ཕྱིར་འཇིག་པ་ལས་བྱ་བྱེད་ལས་གསུམ་དང་དངོས་པོ་བདག་གཞན། བྱ་བྱེད་ཐ་དད་པའི་ལས་ཚིག་ཐ་མི་དད་པའི་ལས་ཚིག་རིགས་གཉིས་ཀྱི་ཁྱད་པར། མིང་མཐའ་འདྲེན་ཚུལ་སོགས་ཀྱི་གོ་དོན་དང་ཁྱད་པར་འབྱེད་ཤེས་དགོས་ལ་དཔེ་བརྗོད་ཀྱང་འབྲི་ཤེས་དགོས་བ་དང་གསུམ།
༥ སློབ་དེབ་ཏུ་བཀོད་པའི་ཐ་སྙད་སྤྱི་དང་མངོན་བརྗོད་ཀྱི་ཐ་སྙད་རྣམས་ལ་ཞིབ་ཏུ་བརྟགས་ནས། སྒྲ་མཚུངས་ཀྱང་དོན་མི་མཚུངས་པའི་ཐ་སྙད། སྒྲ་མི་མཚུངས་ཀྱང་དོན་མཚུངས་པར་སྟོན་པའི་ཐ་སྙད། མིང་གཅིག་དོན་དུ་མར་འཇུག་པ་དང་། དོན་གཅིག་ལ་མིང་གི་རྣམ་གྲངས་དུ་མས་སྟོན་པའི་མངོན་བརྗོད་ཀྱི་ཁྱད་པར་གྲངས་ཀྱི་མངོན་བརྗོད་བཅས་ངེས་དགོས་པ་དང་བཞི།
༦ སྙན་ངག་གི་སྐབས་སུའང་ལེའུ་གཉིས་པའི་དོན་རྒྱན་སོ་ལྔ་ལས་དང་པོ་རང་བཞིན་བརྗོད་པའི་རྒྱན་ནས་གསུམ་པ་གཟུགས་རྒྱན་ཉི་ཤུའི་བར་གྱི་བྱེ་བྲག་གི་རྒྱན་སོ་སོའི་གོ་དོན་དང་མཚན་ཉིད། མཚན་གཞིའི་དཔེར་བརྗོད། རྒྱན་སོ་སོའི་ཁྱད་ཆོས་དང་དབྱེ་བ་མ་འདྲེས་པར་གོ་ནུས་པ་དང་ལྔ། ལོ་རྒྱུས་སྐོར་གྱི་རྩོམ་ཡིགདང་སྙན་རྩོམ། ལེགས་བཤད། སྒྲུང་གཏམ། གཏམ་རྒྱུད། ལྷུག་རྩོམ། བཅད་ལྷུག་སྤེལ་མ་སོགས་ཀྱི་སློབ་ཚན་ལ་རགས་དཔྱད་བྱས་དེས། དེ་དག་གི་རྩོམ་སྟངས་ཀྱི་ཁྱད་ཆོས་ཤེས་དགོས་པར་མ་ཟད། གསལ་བཤད་དང་དགག་སྒྲུབ། ཇི་བཞིན་བརྗོད་པའི་རྩོམ་གྱི་འབྲི་སྟངསབཅས་ལ་ཞིབ་ཏུ་སྦྱངས་སྟེ་སློབ་མའི་རྩོམ་གྱི་ནུས་རྩལ་ཇེ་མཐོར་གཏོང་དགོས་པ་དང་དྲུག དམ་པ་གོང་མའི་ཡིག་གཟུགས་ལ་དཔེར་བལྟས་ཏེ། ཡིག་གཟུགས་སྦྱོང་རྒྱུ་དེ་ནི་དོན་གལ་ཆེན་དུ་བརྩིས་ནས་སློབ་མའི་ཡིག་གཟུགས་ཇེ་ལེགས་སུ་གཏོང་དགོས་པ་དང་བདུན་ནི། དམའ་འབྲིང་སློབ་མའི་ངེས་པར་དུ་བསླབ་པར་བྱ་བའི་རྨང་གཞིའི་ཤེས་བྱར་དམའ་འབྲིང་སྐད་ཡིག་དགེ་རྒན་རྣམས་ཀྱི་ཕྱི་གསལ་ནང་གསལ་དུ་མཁྱེན་རྒྱུ་རབ་ཏུ་འགངས་ཀྱི་གནས་སོ།།
༧ད་དུང་བོད་སྐད་ཡིག་གི་དམའ་འབྲིང་དགེ་རྒན་ཞིག་ལ་ངེས་པར་དུ་འཛོམས་དགོས་པའི་ཆ་རྐྱེན་ཧ་ཅང་མང་ཞིང་། གམིགས་གསལ་དུ་སློབ་ཁྲིད་རིག་པ་དང་། སློབ་ཁྲིད་དཔྱོད་པ། མིག་སྔར་གྱི་བོད་སྐད་ཡིག་སློབ་འཁྲིད་གང་ཡིན་ཀྱང་། སློབ་ཁྲིད་ཉན་པ་དང་སློབ་ཁྲིད་དཔྱད་པ། སློབ་ཁྲིད་གྲ་སྒྲིག་བཅས་ནི་སློབ་ཁྲིད་ཞིབ་འཇུག་བྱ་བའི་རྣམ་པ་གལ་ཆེན་དུ་ཞིག་ཆགས་ཡོད་ཅིང་། འོན་ཀྱང་ད་དུང་དགེ་རྒན་ཁ་ཤས་ཀྱིས་སློབ་ཁྲིད་ཉན་པ་དང་སློབ་ཁྲིད་གྲ་སྒྲིག་སློབ་ཁྲིད་དཔྱད་པའི་སྟེང་ན་རང་སྣང་གང་ཤར་རམ། ཁ་ཕྱོགས་མེད་པ། དམིགས་འབེན་མི་གསལ་བའི་སྣང་ཚུལ་ཡོད་པ་མ་ཟད། དེས་སློབ་ཁྲིད་ཉན་པ་དང་སློབ་ཁྲིད་གྲ་སྒྲིག་སློབ་ཁྲིད་དཔྱད་པའི་དོན་གོ་ཆོད་ཀྱིན་མེད་ཙང་། དེས་ན་དོན་དང་སྙིང་བོ་གཉིས་འཛོམས་ཀྱི་སྒོ་ནས་སློབ་ཁྲིད་ལ་ཉན་པ་དང་སློབ་ཁྲིད་གྲ་སྒྲིག་ལེགས་པོར་བགྱིད་པ། སློབ་ཁྲིད་ལ་དཔྱད་པར་བཅས་ཡང་དག་གི་བྱེད་ཐབས་དང་གོ་རིམ་ཚང་དགོས་པར་དམའ་འབྲིང་བོད་སྐད་ཡིག་དགེ་རྒན་གྱི་གཞི་རྩའི་ཆ་རྐྱེན་ཡིན་ལགས།
ལྔ་པ། སྐད་ཡིག་སློབ་ཁྲིད་སློབ་ཚན་གྱི་འབབ་སྟེགས།
དེ་ཡང་ས་སྐྱའི་སྔོན་འགྲོའི་ཁྲིད་ཡིག་གི་བཤེས་གཉེན་བསྟེན་ཚུལ་ལས། ཀུན་མཁྱེན་གྱིས་བསྔགས་བླ་མ་བསྟེན། །སློབ་མས་རང་གར་མ་ཡིན་ནོ། །ལོང་བས་རང་གར་རི་བོ་ལ། །འཛེག་པར་ནུས་པ་མ་ཡིན་ནོ། །ཞེས་གསུངས་པར་བཞིན་དུ།སྐད་ཡིག་སློབ་ཁྲིད་སློབ་ཚན་གྱི་དམིགས་ཡུལ་དང་དམིགས་འབེན་ནི་སྐད་ཡིག་སློབ་ཚན་གྱི་འབབ་སྟེགས་ལ་དམིགས་ཡུལ་དང་དམིགས་འབེན་ཞེས་ཕྱོགས་གཉིས་སུ་དབྱེ་ཞིང་། དེ་ཡང་རང་རྒྱལ་གྱི་སློབ་གསོའི་ཤེས་ལྡན་པ་དག་གིས་ངོས་འཛིན་ལྟ་ཚུལ་མི་འདྲ་བ་དུ་མ་བྱུང་ཡོད།
༡ སྐད་ཡིག་སློབ་ཚན་གྱི་འབབ་སྟེགས་དང་དེའི་ངོས་འཛིན།
1.ངོས་འཛིན། དུས་ཡུན་རིང་བོ་ཞིག་བརྒྱུད་དེ་འབྱུང་འགྱུར་གྱི་རེ་སྨོན་བྱེད་སའི་གནས་ཤིག་ལ་བགྲོད་པའི་ཆེས་སྤྱིར་བཏང་གི་འགྲེལ་ཚུལ་ཞིག་ལ་ཟེར།
2.དམིགས་འབེན། འབྱུང་འགྱུར་གྱི་གནས་ག་གེ་མོ་བྱེ་བྲག་མངོན་གསལ་ཞིག་གསལ་བོར་སྟོན་པའི་འགྲེལ་སྟངས་ཤིག་ལ་གོ
༢ སྐད་ཡིག་སློབ་ཚན་གྱི་དམིགས་ཡུལ།
རྨང་གཞིའི་སློབ་གསོའི་བསླབ་ཁག་སོ་སོའི་དམིགས་ཡུལ་ནི།རྨང་གཞིའི་སློབ་གསོས་སྐྱེད་སྲིང་བྱེད་པའི་དམིགས་འབེན་དེ་སློབ་ཚན་བྱེ་བྲག་གི་འབྲས་བུའི་མངོན་ཚུལ་ལ་ཟེར།
དྲུག་པ། སྐད་ཡིག་དང་འབྲེལ་ཡོད་གནད་དོན་གླེང་བ།
སི་ཏཱ་ལིན་ནས་གསུངས་པར་བཞིན་དུ། མང་ཚོགས་ཁྲི་འབུམ་མང་པོས་རང་ཉིད་ཀྱི་སྐད་ཡིག་བེད་སྦྱོད་བྱས་ན། ད་གཟོད་མི་རིགས་དེའི་རིག་གནས་དང་དཔལ་འབྱོར་གོང་དུ་སྤེལ་ཐུབ།བཅས་བཞིན་ཀུན་གྱི་རྩ་ཁྲིམས་དང་མཐུན་པའི་འོག་ནས་ངོས་འཛིན་ཟབ་གསལ་གདའ་རྒྱུ་ལེགས་པར་གལ།(1) སྐད་ཡིག་གི་མི་རིགས་རང་བཞིན།
སྐད་ཡིག་ནི་མི་རིགས་ཁྱད་ཆོས་ཀྱི་ཡ་གྱལ་ཞིག་ཡིན་ལ། དེ་ཉིད་མི་རིགས་དེ་དང་ཕན་ཚུན་རྟེན་དང་བརྟེན་པའི་འབྲེལ་བའི་ཚུལ་དུ་གནས་ཡོད། བོད་སྐད་ཡིག་ནི་བོད་མི་རིགས་ཀྱི་རིག་གནས་དང་དཔལ་ཡོན་གྱི་བླ་སྲོག་ཡིན་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་སྐྱེད་མོའི་ཚལ་ན་བཀྲག་མདངས་རབ་ཏུ་རྒོད་པའི་མེ་ཏོག་སེར་ཆེན་རྐང་གཅིག་ཡིན། བོད་སྐད་ཡིག་གིས་བོད་མི་རིགས་ཀྱི་མི་རབས་ནས་མི་རབས་བར་རྒྱུད་འཛིན་དར་སྤེལ་བཏང་བའི་རིག་གནས་ཀྱི་ཤུལ་བཞག་སྲུང་སྐྱོབ་བྱས་ཡོད་པ་མ་ཟད། བོད་མི་རིགས་འདི་ཉིད་མི་རབས་ནས་མི་རབས་བར་ཉམས་པ་མེད་པར་དུས་རབས་ཀྱི་མགྲོས་དང་བསྟུན་ནས་མདུན་བསྐྱོད་བྱེད་ཐུབ་པའི་སྲོག་རྩའི་འཕར་ལྡིང་འབའ་ཞིག་ཡིན། དེ་ལ་ལོ་རྒྱུས་ཀྱི་འབྲས་བུ་དང་དད་མོས། རྣམ་བཞག ལེགས་བཤད། རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་དང་མཐའ་དག་གསོག་འཇོག་བྱས་ཏེ་བོད་མི་རིགས་ཀྱི་སྐད་དང་ཡི་གེ་ཡི་མཛོད་དུ་ཉར་ཚགས་བཟང་བོ་བྱེད་པའི་རྒྱུན་མཐུད་ཀྱི་མཐུན་རྐྱེན་སྦྱར་ཡོད། མི་རིགས་ཤིག་གིས་རང་གི་ལྟ་གྲུབ་དང་རིན་ཐང་གཞལ་དུ་མེད་པའི་རིན་ཐང་གི་ལྟ་བ་མཐའ་དག་མི་རིགས་དེའི་སྐད་དང་ཡི་གེ་ཡི་སྒམ་ཆུང་ལ་བཅུག་ཡོད་པས། བོད་མི་རིགས་ཀྱི་ངག་ཐོག་རྩོམ་རིག་དང་ཡིག་ཐོག་རྩོམ་རིག་གང་ཞིག་ཡིན་རུང་། དེས་སྐད་ཡིག་གི་བཀོལ་སྤྱོད་ཀྱི་ཉིང་བཅུད་བྱེད་པའི་ཐབས་དང་ཤེས་རབ། གཞན་དད་པ་དང་སྙིང་བོ་སྒྱུ་རྩལ་ལ་དྲངས་ཏེ་མཚོན་པར་བྱས་ཡོད་པར་ངེས་དགོས་སོ། །
མཇུག་གི་གཏམ།
བོད་སྐད་ཡིག་བསླབ་ཚན་གྱིས་སློབ་མ་ཡོངས་ལ་རང་ལ་འཛོམ་འོས་པའི་སྐད་ཡིག་གི་ཡོན་ཚད་ལྡན་པར་བྱེད་དགོས་པ་མ་ཟད། སློབ་མ་སོ་སོའི་འཕེལ་རྒྱས་ཀྱི་འདུན་པ་མི་འདྲ་བར་གཞིགས་ནས་ཁོ་ཚོར་སློབ་སྦྱོང་གི་བར་གསེང་སྔར་ལས་ཡངས་པ་ཞིག་འདོན་སྤྲོད་བྱེད་དགོས་ལ། དུས་རབས་ལ་མཁོ་ཆེ་བའི་ལས་རིགས་སོ་སོའི་ཤེས་ལྡན་པ་སྐྱེད་སྲིང་བྱེད་པ་དང་། མི་རིགས་ཀྱི་སྙིང་སྟོངས་དར་སྤེལ་དང་རིག་གནས་རྒྱུན་འཛིན། སྲོལ་རྒྱུན་རིག་གནས་གསོ་སྐྱོང་དང་མ་ཉམས་གོང་འཕེལ། མི་རིགས་ཀྱི་གསར་གཏོད་ནུས་བ་དང་རྡོག་རྩ་གཅིག་སྒྲིལ་གྱི་ནུས་ཤུགས་ཆེ་རུ་གཏོང་བ་བཅས་ལ་ནུས་བ་གང་ལེགས་འདོན་དགོས།དཔྱད་གཞིའི་ཡིག་ཆ།
ཉན་ཤུལ་མཁྱེན་རབ་འོད་གསལ་ལགས་ཀྱི་གསུངས་འབུམ། བོད་ལྗོངས་མི་མང་དཔེ་སྐྲུན་ཁང་།
བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་ཀྱི་གསུངས་འབུམ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
ལྗོངས་ཞིང་ལྔའི་སྐད་ཡིག་བསླབ་ཚན་ཚད་གཞི།
ངེས་སྦྱོང་དེབ་བཞི་པའི་སྐད་ཡིག་དང་རིག་གནས། སྒྲིག་པ་པོ་ཆོས་སྐྱོང་སྐྱབས།
རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་དཔྱད་རྩོམ། བོད་ཀྱི་སྐད་ཡིག་ཁྲིད་ཐབས་སྐོར།
མཁན་པོ་བསོད་དར་རྒྱས་ལགས་དཔྱད་རྩོམ། སྐད་ཡིག་གི་རིན་ཐང་།
ཁང་སྐྱིད་བསོད་བསྟན་ལགས་ཀྱི་དཔྱད་རྩོམ། མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་རྣམ་པའི་འཕེལ་འགྱུར་དང་དེའི་དོན་སྙིང་སྐོར་གྱི་ཐོག་མའི་དཔྱད་གླེང་།
གཡག་ཚེ་བརྟན་ལགས་ཀྱི་དཔྱད་རྩོམ། སྐད་ཡིག་སློབ་ཁྲིད་དང་འབྲེལ་བའི་བསམ་གཞིག
དར་རྒྱས་ལགས་དཔྱད་རྩོམ། སྐད་ཡིག་བསླབ་ཚན་གྱི་རང་བཞིན་ལ་བསྟུན་ཏེ་སློབ་ཁྲིད་བྱེད་ཐབས་ལེགས་བཅོས་གཏོང་ཚུལ་སྐོར་གླེང་བ།
《 教育学》
《新课程教师专业能力培养与训练》
[1]王作扣对初中语文教学中主问题设计的思考 中学教学参考,2013
[2]董秀英谈谈初中语文课堂问题设计的有效性 现代语文,2012
[3]郭清平初中语文教师课堂教学提问行为研究 四川师范大学,2010
培根《培根随笔集》人们出版社
叶圣陶《语文教学论》吉林出版社
郑桂华《教学论》广西教育出版社
王湖《课程与教学论》华东师范大学出版社
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།