རྗེ་མཛོད་དགེ་མཁས་གྲུབ་བསྟན་འཛིན་པ་ཆེན་པོའི་རྣམ་ཐར་རྟོགས་བརྗོད་ལེགས་ཚོགས་སྒོ་འབྱེད་ཅེས་པ་བཀླགས་རྗེས་ཀྱི་མྱོང་ཚོར།

རྩོམ་པ་པོ།:འཇིགས་མེད་བརྩོན་འགྲུས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-06-06 11:05:23 ཀློག་གྲངས།:
གསང་ཆེན་རིམ་གཉིས་ཀྱི་རྣལ་འབྱོར་མངོན་དུ་གྱུར་བའི་སྙིགས་དུས་ཀྱི་ཆོས་ཀྱི་འཁོར་བསྒྱུར་ཆེན་མོ།
                                                                  ---རྗེ་མཛོད་དགེ་མཁས་གྲུབ་བསྟན་འཛིན་པ་ཆེན་པོའི་རྣམ་ཐར་རྟོགས་བརྗོད་ལེགས་ཚོགས་སྒོ་འབྱེད་ཅེས་པ་བཀླགས་རྗེས་ཀྱི་མྱོང་ཚོར།
ཟིན་བྲིས་པ། འཇིགས་མེད་བརྩོན་འགྲུས།

དང་པོ། གླེང་བརྗོད།
        ནམ་རྒྱུན་དཔེ་ཀློག་གི་འདུ་ཤེས་ཇེ་བརྟན་དུ་བཏང་སྟེ། སྔོན་བྱོན་བླ་མའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་ཞེས་གསུངས་པ་བཞིན། སྐྱེས་ཆེན་དམ་པ་གོང་མ་དག་གི་རྣམ་ཐར་ལོ་རྒྱུས་ཀྱི་དཔེ་དེབ་འགངས་ཆེན་རེ་བཙལ་ཏེ་ལྟ་ཀློག་བྱ་རྒྱུ་དེ་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་ཡོད་ལ། ད་ཐེངས་ཀྱང་མཚན་སྦྱོང་དང་བར་གསེང་གང་ཡོད་ཀྱི་དུས་ཚོད་བེད་སྤྱད་དེ་གསང་གསུམ་རིམ་གཉིས་ཀྱི་རྣལ་འབྱོར་མངོན་དུ་གྱུར་བའི་རྗེ་བཙུན་བླ་མ་དམ་པ་མཛོད་དགེ་མཁས་གྲུབ་བསྟན་འཛིན་པ་ཆེན་པོའི་རྣམ་ཐར་རྟོགས་བརྗོད་ལེགས་ཚོགས་སྒོ་འབྱེད་ཅེས་པ་ཡོངས་སུ་བཀླགས་གྲུབ་པར་བྱས་ཤིང་། རྣམ་ཐར་རྟོགས་བརྗོད་འདིའི་གསེང་ནས་དམ་པ་ཁོང་གི་གསང་གསུམ་གྱི་མཛད་པ་འཕྲིན་ལས། མཚན་དཔེའི་དཔལ་འབར་གྱིས་ཡོངས་སུ་ཁྱབ་པའི་ཡོན་ཏན་མཐའ་ཡས་པ་དག་ལ་ངོ་མཚར་སྐྱེས་ཏེ་འདི་ལ་མཇལ་བའི་མྱོང་ཚོར་ཙམ་ཞིག་བྲི་བའི་ལས་སུ་ཞུགས་སོ། །
གཉིས་པ། རྩོམ་པ་པོའི་རྣམ་ཐར་ངོ་སྤྲོད།
        རྣམ་ཐར་འདིའི་རྩོམ་པ་པོ་གུང་ཐང་འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་བོ་མཆོག་ནི་མདོ་སྨད་མཛོད་དགེ་སྨད་ཀྱི་སའི་ཆར་ཡབ་ཐེ་བོ་ལྕགས་པོ་བྱམས་དང་ཡུམ་བོ་ཅོག་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཆུ་རྟ༡༨༦༢ལོར་སྐུ་བལྟམས། བྱིས་པའི་དུས་ནས་ཀྱང་ན་མཉམ་གཞན་དང་མི་འདྲ་བར་མཁྱེན་རབ་ཀྱི་རྩལ་ཆེ་ཞིང་ཀུན་སྤྱོད་ཕུན་སུམ་ཚོགས་པ་མངའ་བར་མ་ཟད་ངོ་མཚར་བའི་མཛད་པ་མང་དུ་བསྟན་པས་ཕ་མ་དང་ཡུལ་མི་དག་གིས་བྱིས་པ་རང་མཚན་པ་ཞིག་མ་རེད་ཅེས་ཡང་ཡང་གླེང་། དགུང་ལོ་ལྔ་ལ་ཕེབས་སྐབས་ཁྲི་ངག་དབང་བསྟན་པའི་རྒྱལ་མཚན་པའི་ཡང་སྲིད་ངོས་འཛིན་ཞུ་མི་རྣམས་འབྱོར་བས་ངོས་འཛིན་འཁྲུལ་མེད་དུ་མཛད། སྐྱབས་མགོན་ཆེན་མོས་གུང་ཐང་མཆོག་སྤྲུལ་རིན་པོ་ཆེའི་ཡང་སྲིད་དུ་ཐུགས་ཐག་བཅད། དགུང་ལོ་བདུན་པ་ས་བྱི༡༧༦༨ལོར་བཀྲ་ཤིས་འཁྱིལ་དུ་གདན་དྲངས། རྗེ་དཀོན་མཆོག་འཇིགས་མེད་དབང་བོའི་དྲུང་ནས་རབ་བྱུང་དང་དགེ་ཚུལ་རྣམས་དཀྱིས་གཅིག་ཏུ་བསྒྲུབས་ཏེ་མཚན་ལ་དཀོན་མཆོག་བསྟན་པའི་སྒྲོན་མེ་ཞེས་གསོལ། དགེ་བའི་བཤེས་གཉེན་བློ་བཟང་རིན་ཆེན་ཀློག་གི་དགེ་རྒན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་དང་། ཆོ་ག་ཆོས་སྤྱོད་ཀྱི་སྐོར། གཞུང་ཆེན་པོ་ཏི་ལྔའི་རྩ་བ་སོགས་ཐུགས་འཛིན་གནང་། དགུང་ལོ་བཅུ་བདུན་པ་ས་ཁྱི༡༧༧༨ལོར་དབུས་གཙང་དུ་སློབ་གཉེར་ལ་བྱོན་ནས་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཞུགས། ཕར་ཕྱིན་འཛིན་གྲྭ་གཞུང་གསར་ནས་དབུ་ཚུགས་ཏེ་གསན་སྦྱོང་རྡོ་རུས་ཐུག་པ་གནང་། རིགས་སྨྲའི་དབང་ཕྱུག་ཧོར་བསྐལ་བཟང་དངོས་གྲུབ་དགེ་རྒན་དུ་བསྟེན་ནས་དགུང་ལོ་ཉེར་ལྔའི་བར་ཏེ་ལོ་ངོ་དགུའི་རིང་གཞུང་ཆེན་པོ་རྣམས་ལ་སློབ་གཉེར་མཁས་གྲུབ་ཀུན་གྱི་མིག་དཔེར་འོས་པ་མཛད། དགུང་ལོ་ཉེར་གཅིག་པ་ཆུ་སྟག༡༧༨༢ལོར་གོང་ས་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་ཏེ་སྐུའི་འཕེན་པ་མ་རྫོགས་ཀྱི་བར་དུ་བསླབ་ཁྲིམས་མིག་འབྲས་བཞིན་དུ་སྲུང་། དབུས་སུ་བཞུགས་པའི་རིང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང་ཀློང་རྡོལ་བླ་མ་རིན་པོ་ཆེ་གཉིས་བླ་མའི་གཙོ་བོར་བསྟེན་ཏེ་མདོ་སྔགས་ཀྱི་ཆོས་རྒྱུན་སྔར་མ་གསན་པ་མང་བོ་གསན། དགུང་ལོ་ཉེར་ལྔ་བ་མེ་རྟ༡༧༨༦ལྷ་སའི་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་གྲྭ་སྐོར་དམ་བཅའ་འགྲན་ཟླ་དང་བྲལ་བ་མཛད་པས་ཀུན་གྱིས་བསྔགས་བརྗོད་ཚད་མེད་བྱས། དེ་ནས་རིང་བོ་མ་ལོན་པར་སྐྱབས་མགོན་མཆོག་གི་ཐུགས་རིས་བཞིན་ཕྱིར་མདོ་སྨད་དུ་ཕེབས་ཏེ་ཐུགས་དམ་ཉམས་བཞེས་གཙོར་འདོན་ཐོག་དད་འདུས་ཀྱི་སློབ་མ་མང་པོར་རང་རང་གི་འདོད་མོས་བཞིན་མདོ་སྔགས་ཀྱི་ཆོས་རྒྱུན་རྒྱ་ཆེར་སྤེལ། དགུང་ལོ་སོ་གཅིག་པ༡༧༩༢ལོར་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲིར་ཕེབས་ཏེ་ལོ་ངོ་བདུན་གྱི་རིང་ཆོས་འཆད་ཉན་སོགས་གང་ཅིས་ཐད་ལ་སྔར་ལས་ལྷག་པའི་གོང་འཕེལ་ཆེན་པོ་བྱུང་། དགུང་ལོ་སོ་བདུན་པ་ས་རྟ༡༧༩༨ལོར་སྐྱབས་མགོན་མཆོག་ལ་ཚོགས་ཆེན་གྱི་ཁྲིའི་ཐུགས་ཁུར་དགོངས་ཞུས་གནང་སྟེ་ལོ་ཤས་རིང་དགོན་ལུང་གི་ཁྲི་བསྐྱངས། དགུང་ལོ་ཞེ་གཉིས་པ་ཆུ་ཕག༡༨༠༣ལོར་མཆོད་རྟེན་མཐོང་གྲོལ་ཆེན་མོ་གསར་བཞེངས་ཀྱི་དབུ་ཚུགས། དགུང་ལོ་ཞེ་བཞི་བ་ཤིང་གླང༡༨༠༥ལོར་ཡོངས་སུ་གྲུབ་སྟེ་དགའ་སྟོན་རྒྱས་པ་མཛད། མདོར་ན་དམ་པ་གང་ཉིད་བོད་མདོ་དབུས་ཁམས་གསུམ་གྱི་ས་གནས་མང་བོས་གདན་དྲངས་པ་ལྟར་ཕེབས་ནས་མདོ་སྔགས་ཀྱི་ཆོས་རྒྱུན་སྤེལ་བ་དང་། དགོན་སྡེ་གསར་འདེབས་དང་སློབ་གཉེར་དང་སྒྲིག་ཁྲིམས་སོགས་ཉམས་པ་སླར་གསོ་དང་མ་ཉམས་པ་གོང་འཕེལ་དུ་བཏང་བས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པའི་གསུང་ལས་སྐྱེས་པའི་སློབ་མ་ཡང་དབལ་མང་པཎྡི་ཏའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་བགྲང་ལས་འདས་པ་བྱུང་། ཁོང་གིས་བསྟན་འགྲོའི་གསོས་སྨན་དུ་བཞག་པའི་གསུང་རྩོམ་ཡང་དྲང་ངེས་མཆན་འགྲེལ། ཀུན་གཞིའི་མཐའ་དཔྱོད། བདེན་བཞིའི་རྣམ་བཤད། རྟེན་འབྲེལ་གྱི་མཐའ་དཔྱོད། རིག་བྱེད་མའི་བསྟོད་འགྲེལ་སོགས་གསང་སྔགས་ཀྱི་སྐོར་མང་བོ་དང་། རྗེ་བླ་མའི་བསྟོད་པ་དོན་ལྡན་གྱི་རང་འགྲེལ། ཆུ་ཤིང་བསྟན་བཅོས། རྒན་བྱིས་འབེལ་གཏམ། སྐྱབས་མགོན་བར་མ་ཆེན་མོའི་རྣམ་ཐར། སྡེ་ཁྲི་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར། ཐུའུ་བཀྭན་ཆོས་ཀྱི་ཉི་མའི་རྣམ་ཐར་སོགས་གསུང་འབུམ་པོད་བརྒྱད་ལྷག་བཞུགས། མཐར་དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་གཉིས་པའི་ཆུ་ལུག༡༨༢༣ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །
གསུམ་པ། དཔེ་དེབ་ངོ་སྤྲོད།
        རྣམ་ཐར་རྟོགས་བརྗོད་འདིའི་མཚན་བྱང་ལ་ངེས་པ་དོན་གྱི་བཤེས་གཉེན་ཆེན་པོ་མཁས་གྲུབ་བསྟན་འཛིན་པའི་རྟོགས་པ་བརྗོད་པ་ལེགས་ཚོགས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། ། ཞེས་སྦྱར་ཡོད། རྩོམ་ལུས་ཚིག་ལྷུག ཤོག་གྲངས༦༡ཡོད། ནང་དོན་རྣམ་ཐར་རྟོགས་བརྗོད་ཀྱི་རིགས། མཛད་པ་བོ་ནི་གུང་ཐང་སྐུ་ཕྲེང་གསུམ་པ་འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། སྤྱི་ལོ་༢༠༢༠ལོའི་ཟླ༤བར་པར་གཞི་དང་བོ་བསྒྲིགས། སྤྱི་ལོ༢༠༢༠ལོའི་ཟླ་༤བར་དཔར་ཐེངས་དང་བོ་དཔར།
བཞི་པ། ནང་དོན་སྙིང་བསྡུས།
        ༡ སྐུ་བལྟམས་པ་དང་རྨི་ལྟས་ངོ་མཚར་བ་མང་དུ་བྱུང་ཚུལ།
        དེ་ལ་འདིར་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་འཁྲུངས་པའི་དམ་པ་ཁོང་གང་དུ་འཁྲུངས་པའི་གནས་ནི་མདོ་སྨད་ལྷོ་རྒྱུད་ཀྱི་སའི་ཆ་མཛོད་དགེ་སྨད་དུ་གྲགས་པའི་ནང་ཚན་རུ་སྟོད་མའི་ཤོག་ཏུ་ཡབ་མཛོད་པ་སྒོམ་པ་རྒྱལ་དང་། ཡུམ་འབྲུག་མོ་སྐྱིད་གཉིས་ཀྱི་སྲས་སུ་ཆུ་མོ་ཕག་གི་ལོར་སྐུ་འཁྲུངས། ཡབ་ཡུམ་གཉིས་རང་བཞིན་གྱིས་ཆོས་ལ་དགའ་ཞིང་སྡིག་སྤྱོད་ལ་འཛེམ་པ་སོགས་ཡ་རབས་ཀྱི་ངང་ཚུལ་ཅན་གཉིས་ཡིན་ལ། འབྱོར་བ་ཧ་ཅང་མི་ཆེ་ཡང་དབུལ་བས་ཉམ་ཐག་པ་ཡང་མ་ཡིན་པས་བར་མར་གནས་པ་ཞིག་སྟེ། དེ་ཡང་འདུལ་བ་ལུང་ལས། ཧ་ཅང་ཕྱུག་པོའི་ཁྱིམ་དང་ནི། །དབུལ་བའི་ཁྱིམ་དུ་མི་སྐྱེ་བར། །བར་མའི་ཁྱིམ་དུ་སྐྱེ་འགྱུར་ཞིང་། །རྟག་ཏུ་རབ་བྱུང་མང་བར་ཤོག །ཅེས་མཐའ་གཉིས་ཀར་མི་གནས་པའི་ཁྱིམ་དེ་ལྟ་བུར་སྐྱེ་བ་ནི་རབ་ཏུ་བྱུང་ཞིང་ཆོས་སྒྲུབ་དང་རྗེས་སུ་མཐུན་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྔགས་པ་མཛད་དོ། ། ལྷུམས་སུ་ཞུགས་སྐབས་ཡུམ་གྱི་རྨི་ལམ་དུ་དགེ་སློང་དབང་ཕྱུག་སེང་གེ་ཟེར་བས་གསེར་གྱི་རྡོ་རྗེ་འོད་འཚེར་བ་ཞིག་ལག་ཏུ་གཏད་དེ་འདི་ལ་གཙང་སྦྲ་ལེགས་པར་གྱིས་ཞེས་ཟེར་བ་དང་། ཡུལ་མི་གཞན་འགའ་ཞིག་ལ་ཡང་རྨི་ལྟས་ངོ་མཚར་བ་ཅི་རིགས་བྱུང་ཞིང་། ཁྱད་པར་དུ་སྐུ་འཁྲུངས་པའི་མཚན་མོ་དེར་ཁུ་བོ་རྒྱལ་མཚན་ཟེར་བའི་དགེ་སློང་བགྲེས་པོ་རྗེ་བཙུན་སྒྲོན་མ་ཡི་དམ་གྱི་ལྷར་བཟུང་སྟེ་རྒྱུན་དུ་བསྙེན་ལ་འབད་པས། བྱིན་རླབས་ཀྱི་རྟགས་མཚན་ཅི་རིགས་ཐོབ་པ་ཞིག་ཡོད་པ་དེའི་རྨི་ལམ་དུ་སྒོམ་པ་རྒྱལ་ཚང་གི་ཁྱིམ་གྱི་ཕུ་ན་སྟོན་པའི་གསེར་སྐུ་ཞིག་བཞུགས་པ་ལ་མི་མང་བོས་མཇལ་ཞིང་། རྒྱལ་མོའི་ཆ་བྱད་ཅན་གྱི་བུ་མོ་འགའ་ཞིག་གིས་ཁྲུས་གསོལ་བྱེད་པ་སོགས་ངོ་མཚར་བའི་རྨི་ལྟས་མང་དུ་བྱུང་། གཞན་ཡང་ཆུང་ངུའི་དུས་ནས་བྱིས་པ་ཕལ་བ་དང་མི་འདྲ་བར་སྤྱོད་པ་གཙང་ཞིང་མཐོང་ན་ཡིད་དུ་འཐད་པ་ཞིག་ཡོད་པས། ཐམས་ཅད་ཀྱིས་ཀྱང་འདི་ཆོས་ཀྱི་བག་ཆགས་ཅན་ཞིག་ཏུ་འདུག་ཅེས་གླེང་བའང་བྱུང་།
        ༢ བསྟན་པའི་ཆོས་སྒོར་ཞུགས་ཏེ་སློབ་གཉེར་གྱི་དབུ་ཚུགས་པ།
        དགུང་ལོ་བརྒྱད་པ་ལྕགས་རྟའི་ལོར་བར་མ་རབ་བྱུང་གི་ཚུལ་ཁྲིམས་བཞེས་ཤིང་མཚན་བསྟན་འཛིན་སེང་གེར་བཏགས། སྐབས་དེ་ནས་བསྲུང་བྱའི་མཚམས་སོགས་དྲི་བའི་ཡུལ་འཕྲལ་དུ་མི་རྙེད་པས་ཐུགས་འཚེར་ཞིང་ལ་ལས་འདི་ལྟར་བྱེད་མི་རུང་ཟེར་བ་བྱུང་བར། དེ་མ་ཐག་ནས་དགའ་བཞིན་དུ་དེའི་ཚིག་དང་དུ་བླངས་ཏེ་སྤོང་ཅི་ཐུབ་མཛད། འདི་ནི་སྐྱེ་བའི་ཕྲེང་བར་འཆར་ཚུལ་སྤོང་བ་ལ་གོམས་པ་ངང་དུ་གྱུར་བའི་རྣམ་ཐར་ཉིད་དུ་ངེས་སོ། །དེ་ནས་རིམ་བཞིན་སློབ་གཉེར་གྱི་དབུ་སྦྱོར་ཀློག་ནས་བརྩམས་ཏེ་འབྲི་ཀློག་སོགས་ལ་སྦྱངས། ཀློག་སློབ་པའི་དུས་ན་ཡང་ཀློག་གི་སློབ་དཔོན་དེ་ལ་གུས་པ་ཆེ་ཞིང་། དེས་གང་གསུངས་ཐམས་ཅད་དོ་གལ་ཆེན་པོས་ཐུགས་ལ་བཅངས་ཏེ་བརྩོན་པ་ལྷུར་མཛད། མ་འགྱངས་པར་ཕྲལ་ཀློག་སྦྱོར་ཀློག་ཀུན་ལ་བྱང་ཞིང་། དེའི་ཞར་ལ་ཡུལ་ཕྱོགས་དེར་དར་ཆ་ཆེ་བའི་ཆོ་ག་ཆོས་སྤྱོད་སོགས་ཀྱང་ཕལ་ཆེར་ཐུགས་ལ་ཆུད་པར་མཛད། ཀློག་གི་སློབ་དཔོན་དེ་ཉིད་རྗེ་སོར་འདས་པའི་སྐབས་སུ་གནས་དེར་བཞུགས་མེད་ཀྱང་། གསན་མ་ཐག་ཏུ་ཕེབས་ནས་གདུང་གི་ཞབས་ལ་གཏུགས་ཏེ། མཆི་མའི་རྒྱུན་ཆོད་དཀའ་བའི་གདུང་ཤུགས་དྲག་པོ་དང་བཅས་སྨོན་ལམ་དང་གསོལ་བ་ཡང་ཡང་བཏབ། དེ་ཡང་རྣམ་ཐར་འདི་ཉིད་ལས། ད་ལྟ་མཐའ་དབུས་ཀུན་ཏུ་ཀློག་གི་སློབ་དཔོན་ལ་བླ་མར་བརྩི་བ་ཤིན་ཏུ་དཀོན་པས། དམ་པ་འདི་ནི་གཞན་གྱིས་བཅོས་པ་ལ་མ་ལྟོས་པར། དེ་ལ་ཡང་བླ་མར་འཛིན་པ་ཞིག་ཤུགས་འབྱུང་དུ་ཡོད་པ་ཞིག་ཡིན། ཞེས་གསུངས་ལྟར་རོ། །
        ༣ བཤེས་གཉེན་ཚུལ་བཞིན་བསྟེན་ཏེ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་འཁྲུངས་པ།
        དེ་ཡང་བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་རྨོག་ལྕོག་པའི་ཞལ་ནས། སྤྱན་རས་གཟིགས་དཀར་ན་དཀར། ཀྱེེ་རྡོ་རྗེ་སྔོ་ན་སྔོ། རྗེ་བཙུན་མ་རང་དམར་ན་དམར། ང་ནི་གང་དུ་གནས་ཀྱང་བླ་མའི་སྣང་བ་དང་འབྲལ་མ་མྱོང་བས་ཚེ་གཅིག་གི་སངས་རྒྱས་དེ་ད་ཡོང་བ་འདྲ་ཞེས་གསུངས་པ་བཞིན། དམ་པ་འདི་ཉིད་དགུང་ལོ་བཅོ་བརྒྱད་པ་ལྕགས་འབྲུག་གི་ལོར། མཁས་དང་གྲུབ་པའི་དབང་ཕྱུག ཁམས་གསུམ་ཆོས་ཀྱི་རྒྱལ་བོ་སྐྱབས་མགོན་རྡོ་རྗེ་འཆང་ཆེན་མོ་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་བོ་མཛོད་དགེའི་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར་བའི་ཚེ་ཞལ་གྱི་དཀྱིལ་འཁོར་མཇལ་བ་ན། ལན་གཅིག་མ་ཡིན་པར་རིགས་ཀྱི་བདག་པོར་གྱུར་བའི་བག་ཆགས་ཀྱིས་ཚད་མེད་པའི་མོས་གུས་དྲག་པོས་ཡིད་རང་དབང་མེད་པར་གཡོས་ཏེ་དང་བའི་མཆི་མ་འཁྲུག་ཅིང་ལུས་ཀྱི་བ་སྤུ་གཡོ་བ་བྱུང་། དམ་པ་ཉིད་ཀྱི་ཞལ་ནས་ཀྱང་། དེ་སྐབས་སྐྱབས་མགོན་རིན་པོ་ཆེའི་ཞལ་མཇལ་མ་ཐག་ཚེ་འདི་སྣང་གི་ཤེས་པ་འགག་འགྲོ་བ་ལྟ་བུའི་དད་པ་སྐྱེས་ཤིང་། དེ་ནས་བཟུང་སྟེ་ཉིན་མཚན་ཐམས་ཅད་དུ་ཀུན་མཁྱེན་འཇམ་དབྱངས་བཞད་པ་བརྗེད་མ་མྱོང་ཞེས་གསུངས་པ་འདི་བཤེས་གཉེན་བསྟེན་ཚུལ་ལེགས་པའི་རྣམ་ཐར་ཆེན་མོ་ཡིན་ཏེ། འདིའི་སྐབས་མཛོད་དགེའི་དགོན་པ་སྤྱིའི་གསོལ་བ་བཏབ་པ་བཞིན་སྐྱབས་མགོན་རྡོ་རྗེ་འཆང་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་བོ་ཉིད་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོར་བཞེངས་ཏེ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྨིན་བྱེད་དབང་གི་རིམ་པ་རྣམས་སྩལ་བའི་དབང་གྲལ་དུ་བཞུགས་ནས་ལེགས་པར་གསན་ཏེ་དབང་བརྡ་ཡང་ཇི་བཞིན་འཕྲོད། དེ་ནས་དགུང་ལོ་ཉི་ཤུ་ཙམ་ལ་སླར་ཡང་ཡོངས་ཀྱི་དགེ་བའི་བཤེས་གཉེན་འདུལ་འཛིན་པ་ཆེན་པོ་མཁས་གྲུབ་རིན་ཆེན་པའི་ཞལ་སྔ་ནས་ཀྱི་དྲུང་ནས་འོག་མ་རྣམས་བསྐྱར་སྒྲུབ་ཀྱི་ཐོག་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས་ཏེ་མཚན་མཁས་གྲུབ་བསྟན་འཛིན་དུ་བཏགས། དུས་དེ་ནས་བཟུང་གཞི་བཅུ་ལས་གྱུར་བའི་གནང་བཀག་གི་བཅས་མཚམས་ཕྲ་ཞིང་ཕྲ་བ་མཐའ་དག་དྲི་གཏུག་ཞིབ་ཏུ་བྱས་ཏེ་ཕྱག་ལེན་ལ་བཏབ་པ་དང་ཆོས་མཐུན་གྱི་སྤྱོད་པ་རྣམས་མིག་འབྲས་བཞིན་དུ་སྲུང་སྟེ་དམ་པ་དེ་ཉིད་ཀྱི་དྲུང་དུ་བཞུགས་ཏེ་ལོ་མཚམས་མཛད་ནས་ཉིན་རེ་བཞིན་ཚ་རྟིང་ཁར་བྱང་ཆུབ་བདེ་ལམ་གྱི་སྟེང་ནས་ཁྲིད་དམིགས་གང་འཚམ་རེ་གསན་ཏེ་ཉམས་རྟོགས་གོ་བསྡུར་གྱིས་གེགས་སེལ་བོགས་འབྱིན་གྱི་སྒོ་ནས་རྒྱུད་དང་འབྱོར་ངེས་པ་གནང་། ཐུན་མཚམས་རྣམས་སུ་ཡང་བཀའ་གདམ་ཕ་ཆོས་བུ་ཆོས་སོགས་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་ལ་གཟིགས་རྟོགས་དང་སྲོད་ཐོ་རངས་གཉིས་སུ་ཡིག་དྲུག་གི་རྣལ་འབྱོར་གཙོ་བོ་མཛད་ཅེས་པ་སོགས་ཟུང་འཇུག་ནོར་བུའི་གླིང་དུ་བགྲོད་པའི་ཐོག་མའི་སྟ་གོན་ལྟ་བུ་མང་དུ་བྱས། ཡང་བར་སྐབས་ཤིག་ཏུ་སྐྱབས་མགོན་མཆོག་གིས་ཀྱང་ཧ་ཅང་མཉེས་པའི་སྟོབས་ཀྱིས་གསང་བའི་རྣམ་ཐར་དུ་མ་ལྷུག་པོར་གསུངས་ཤིང་འབྱུང་འགྱུར་གྱི་དོན་ལ་བསླབ་བྱ་མང་བོ་ཡང་ལུང་བསྟན་གྱི་ཚུལ་དུ་སྩལ། ཁྱད་པར་ཁྱེད་ལ་ཕྱིས་སུ་བྱམས་སྐུ་ཞིག་བཞེངས་པའི་ཁུར་འབབ་རྒྱུ་ཡིན་པས། དེ་དུས་བརྩོན་འགྲུས་ཆེན་པོ་བྱས་ན་དགོས་པ་ཁྱད་པར་ཅན་ཞིག་ཡོང་གསུངས་པ་དང་། ཡང་ང་ཇོ་བོ་ཨ་ཏི་ཤ་ལྟ་བུ་ཞིག་ཡིན་ཁྱོད་འབྲོམ་སྟོན་པ་ཞིག་རེད་ཅེས་པ་སོགས་དང་། དགུང་ལོ་ཉེར་བརྒྱད་པ་ས་སྟག་ལོ། བེ་རི་དཔོན་སློབ་རིན་པོ་ཆེའི་མདུན་ནས་བདེ་ལམ་གྱི་ཁྲིད། དགའ་ལྡན་ལྷ་བརྒྱ་མའི་ཁྲིད། འཕོ་ཁྲིད་སོགས་ཁྲིད་དམིགས་དུ་མ་དང་། གསང་འདུས་དང་འཁོར་ཆེན་གཉིས་ཀྱི་དབང་། ལྷག་པའི་ལྷ་དང་ཆོས་སྐྱོང་དུ་མའི་རྗེས་གནང་བཅས་ཆོས་བཀའ་མང་དུ་གསན། དགུང་ལོ་ཉེར་དགུ་བའི་སྐབས་སུ་ཁ་གྲོན་ནང་བའི་དྲུང་ནས་གསེར་ཕྲེང་མ་གཏོགས་པ་རྗེའི་གསུང་འབུམ་ཡོངས་རྫོགས་ཀྱི་ལུང་། ལམ་རིམ་བློ་སྦྱོང་དུ་མའི་ལུང་ཁྲིད། ནམ་མཁའ་སྒོ་འབྱེད་ཀྱི་དབང་སོགས་དབང་གི་སྐོར་མང་དུ་གསན། གཞན་ཡང་དགུན་དཔྱིད་ཕལ་ཆེར་སྐུ་མཚམས་མཛད་དེ་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཉམས་བཞེས་ཟབ་མོའི་རྒྱུན་བསྐྱངས་རྒྱུ་དང་། གཞན་རྣམས་སུ་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཁ་གྲོན་ནང་བ་སོགས་བླ་མ་མང་བོའི་ཞབས་པད་ནས་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན་ཏེ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཁོ་ནས་དུས་འདའ་བར་བྱས།
        ༤ སྐུ་མཚམས་བཅད་རྒྱ་གནང་སྟེ་ཐུགས་དམ་ཟབ་མོའི་ཉམས་བཞེས་དང་། བསྟན་འགྲོའི་སྤྱི་ལ་ཕན་ཕྱིར་མཆོད་མེ་སོགས་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་ཕུལ་བ།
        དགུང་ལོ་སོ་བཞིའི་སྟེང་ལོ་ཧྲིལ་བོར་བཅད་རྒྱ་གནང་སྟེ། ཐུགས་དམ་ཟབ་མོའི་ཉམས་བཞེས་ཀྱི་རྒྱུན་བསྐྱངས་པས་ཉམས་རྟོགས་ཀྱི་ཀློང་རྡོལ་བ་བྱུང་། སྐབས་འདི་ནས་བཟུང་སྐུ་ཚེ་ཧྲིལ་བོར་ལོ་རེ་བཞིན་བསྟན་པ་བསྟན་འཛིན་སྤྱི་དང་། ཁྱད་པར་སྐྱབས་མགོན་རྡོ་རྗེ་འཆང་སོགས་ཀྱི་ཞབས་བརྟན་ལ་དམིགས་ཏེ་ལོ་རེར་མ་མཐར་ཡང་མར་རྒྱ་མ་བཞི་བརྒྱ་ལྷག་རེ་ཙམ་གྱིས་མཆོད་མེ་སོགས་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་འབུལ་བ་མཛད་དོ། །
        ༥ མདོ་སྔགས་ཀྱི་ཟབ་ཆོས་གང་ཡོད་རྣམས་གསན་ཏེ་གདམས་པའི་གཏེར་མཛོད་དུ་གྱུར་བ།
        དེ་ཡང་མཁས་གྲུབ་ཀུན་གྱི་གཙུག་རྒྱན་གཅིག་པུ་སྐྱབས་མགོན་མཆོག་དང་བེ་རི་དཔོན་སློབ་རིན་པོ་ཆེ། གནས་བརྟན་འདུལ་འཛིན་པ་ཆེན་པོ་ཁ་གྲོན་ནང་བ་བ། སྒྲུབ་པའི་རྒྱལ་མཚན་འཛིན་པ་བློ་བཟང་སྦྱིན་པ། བཀྲ་ཤིས་འཁྱིལ་ནས་ཁྲི་བ་བློ་བཟང་སྙན་གྲགས། གྲུབ་པའི་དབང་ཕྱུག་ཁྲི་བ་བསོད་ནམས་གྲགས་པ། མཁས་པའི་གཙུག་ཁྲི་བ་བསོད་ནམས་དབང་རྒྱལ་སོགས་ཀྱི་དྲུང་དུ་བདེ་ལམ་གྱི་ཁྲིད། དགའ་ལྡན་ལྷ་བརྒྱ་མའི་ཁྲིད། རྗེའི་གསུང་འབུམ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ། ལྕང་སྐྱའི་གསུང་འབུམ། ཡུམ་འབུམ་པ། ལྷོ་བྲག་བཀའ་འབུམ། དབེན་ས་བཀའ་འབུམ། མི་ལའི་རྣམ་མགུར་གཉིས། ཁྱ་དགེ་དཔོན་སློབ་རིན་པོ་ཆེའི་གསུང་འབུམ། གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་མགུར་འབུམ། བློ་སྦྱོང་མཚོན་ཆ་འཁོར་ལོ། ཚིག་རྐང་བརྒྱད་མ། བློ་སྦྱོང་དོན་བདུན་མ། བློ་སྦྱོང་ཉི་མའི་འོད་ཟེར། བླ་མཆོད་ཊཱིཀྐ་སོགས་ཁྲིད་བཤད་ལུང་གི་སྐོར་དང་། འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་དང་གསང་འདུས་འཁོར་ཆེན་གཉིས་ཀྱི་དབང་། ཁྱད་པར་དུ་སྐྱབས་མགོན་རྡོ་རྗེ་འཆང་གི་ཞབས་པད་ནས། རྒྱུད་སྡེ་གཞན་དང་བཤད་སྲོལ་མི་འདྲ་བ་དཔལ་དུས་ཀྱི་འཁོར་ལོའི་བྱིས་པ་ལྟར་འཇུག་པའི་དབང་བདུན། གོང་མ་གོང་ཆེན་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་སོགས་དང་། གཞན་ཡང་གྲུབ་ཆེན་ལཱུ་ཨི་བའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་དབང་། གདུགས་ལྷ་བཅུ་བདུན་མའི་དབང་། ཐུགས་རྗེ་ཆེན་པོའི་དབང་སོགས་དབང་རྗེས་གནང་མཐའ་ཡས་པ་ཡོད་པ་རྣམས་གསན་ཏེ་ཐུགས་རྒྱུད་ཡོངས་སུ་གཏམས་ཤིང་གདམས་པའི་གཏེར་མཛོད་དུ་གྱུར་བའོ། །མདོར་ན་ཁྲིད་བཤད་ལུང་དབང་རྗེས་གནང་གང་ཡོད་མ་གསན་པ་ཞིག་ཕལ་ཆེར་མེད་པའི་ཚོད་དུ་ཡོད།
        ༦ གསུང་ལས་སྐྱེས་པའི་བུ་སློབ་མང་བོ་རྗེས་སུ་བཟུང་སྟེ་ཐུན་མིན་གྱི་ལམ་ལ་བཀོད་པ།
        སྐུ་མཚམས་གྲོལ་རྗེས་རྐང་ཚའི་སྒར་ནས་དོན་གཉེར་ཅན་འགའ་ཞིག་རྗེའི་གསུང་འབུམ་པོ་ཏི་བཅུ་སྐོར་གྱི་ལུང་དང་། ཟམ་ཚ་ཆོས་འཁོར་ཕྱོགས་ཀྱི་དུ་མས་གདན་དྲངས་ཏེ་གསོལ་བ་བཏབ་པ་བཞིན་རྗེའི་གསུང་འབུམ་ཡོངས་རྫོགས་ཀྱི་ལུང་གནང་། འདུལ་འཛིན་ཡེ་ཤེས་རྒྱ་མཚོ་ལས་བརྒྱད་སྟོང་བའི་ལུང་གསན་ཅིང་། ཁོང་གི་ཐུགས་བཞེད་བཞིན་ཕར་ལ་ཡང་ཏིང་ངེ་འཛིན་རྒྱལ་བོའི་ལུང་སོགས་ཆོས་བཀའ་ཅི་རིགས་ཕུལ། ལ་ལུང་རི་ཁྲོད་དུ་ཡང་ལུང་ཁྲིད་སོགས་ཀྱི་བཀའ་དྲིན་ཞུ་མཁན་མང་དུ་བྱུང་བས་སོ་སོའི་རེ་བ་བསྐངས་པ་སོགས་བུ་སློབ་མང་དུ་བྱུང་། ཡང་གླང་དང་ཆུ་སྟག་གི་ལོ་གཉིས་ཀར་བདེ་ལམ་གྱི་ཁྲིད་སེམས་བསྐྱེད་མཆོད་པ་བཅས་ཤིན་ཏུ་རྒྱས་པ་རེ་དམེ་བོ་དཔོན་པོ་དཀོན་མཆོག་རབ་བརྟན་གྱིས་འདུན་པ་རྩེ་གཅིག་གིས་སྦྱིན་བདག་བྱས་པར་བརྟེན་མཛོད་དགེ་ཕྱོགས་ཀྱི་དད་ལྡན་རྣམས་ལ་ལེགས་པར་གནང་། སྟག་ཚང་ལྷ་མོ་ནས་ཀིརྟི་སྤྲུལ་བའི་སྐུའི་ཡོངས་འཛིན་དུ་ཕེབས་དགོས་ཚུལ་ཞུས་པ་ན། རང་ངོས་ནས་དེ་འདྲ་ཐུགས་བཞེད་མེད་ཀྱང་། རོང་བ་ལྗགས་ནག་པ་རྗེ་བླ་མའི་སློབ་མར་གྱུར་བ་དང་། དེ་ཕྱིན་གྱི་སྐྱེ་རྒྱུད་ཐམས་ཅད་ཀྱང་གཞན་ཕན་འཕྲིན་ལས་ཆེ་བར་སྣང་བས། སྐུ་ཚེ་འདིར་ཡང་རྗེའི་བསྟན་པའི་ཞབས་འདེགས་སུ་འགྱུར་བ་ཞིག་ཨེ་ཡོང་དགོངས་ཏེ་དེ་ཕྱོགས་སུ་ཕེབས་ཏེ་རྗེས་སུ་བཟུང་བ་སོགས་བསྟན་འགྲོའི་དོན་ཁོ་ནར་གཞོལ་བའོ། །
        ༧ ལེ་ལོ་ཅན་རྣམས་ཆོས་ལ་སྐུལ་ཕྱིར་སྐུའི་མཛད་པ་ཐ་མ་བསྟན་པའི་ཚུལ།
        མཐར་ཤིང་གླང་ལོའི་ལྔ་བའི་ནང་དུ་གཡོ་དགེ་སྐུ་རྟེན་ལ། ངེད་ཀྱི་མི་གཅིག་གི་བསམ་དོན་ལ་འདི་མ་འགྲུབ་བྱ་བ་གཅིག་ཀྱང་མེད། ད་ལོ་ཕན་ལ་མི་སྡོད་གསུངས་ནས་རྗེས་ཀྱི་བྱ་བ་འགའ་ཞིག་ལ་ཞལ་བཀོད་གནང་། ངས་བཤད་པ་འདི་སེམས་ལ་ཟུངས་དང་གཏམ་གཞན་ལ་མ་འཁྱེར་བ་གྱིས་གསུངས། དེ་ནས་ཆེར་མ་འགྱངས་པར་སྐུ་ཁམས་ཅུང་མ་བདེ་ཡང་། ཞབས་བརྟན་སོགས་སྒྲུབ་ཏུ་མ་བཅུག་པ་མ་ཟད། ཆོས་བཀའ་གནང་བ་སོགས་རྒྱུན་བཞིན་མཛད་ནས་སོ་སོའི་རེ་བ་བསྐངས། རིམ་བཞིན་སྐུ་ཉམས་ཇེ་ཞན་དུ་སོང་བ་ན་ཞབས་ཕྱི་བ་རྣམས་དང་། སྐུ་རྟེན་སོགས་ཀྱིས་སྨན་དང་རིམ་གྲོ་བྱེད་དགོས་ཚུལ་ཞུས་པ་ན། ད་དེ་འདྲའི་དུས་ཚོད་མིན། ལོ་སྔ་མ་ཞིག་ནས་རླུང་གི་རྒྱུ་ཚུལ་དང་ཉམས་སྣང་སོགས་ལ་དཔགས་ན་རང་གི་ཚེའི་འཕེན་པའི་དུས་ཚོད་དངོས་ལ་སླེབས་ཡོད་པ་ཡིན་གསུངས་ནས་གསན་བཞེས་མ་མཛད་པར། བཀའ་གདམས་གོང་མ་རྣམས་ཀྱིས། བློ་ཕུག་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུགས་གྲོག་སྟོང་ཞིག་ལ་གཏད། ཅེས་གསུངས་པ་ལྟར་གྱི་གཏད་པ་བཞི་བོ་དེ་རང་གི་སྨོན་ལམ་གྱི་མཐིལ་ཡིན་པས། དེ་ལ་བསྒྱུར་བཀོད་མ་བྱེད་པར་གསུངས་ནས་ཞལ་ཆེམས་གནང་བ་དང་། བུ་སློབ་རྣམས་ཀྱིས་བདུན་ཚིགས་ཀྱི་རིང་ལ་ཞལ་འདོན་གནང་རྒྱུའི་རིམ་པ་ཡང་ཐུན་བཞིར་བཅད་དེ། ཆོས་སྤྱོད་འགའ་ཞིག་ཡན་ལག་བདུན་པ་མནྡལ་དང་བཅས་པ། རྡོར་སེམས་སྒོམ་བཟླས། ཆོས་རྒྱལ་གྱི་གཏོར་འབུལ། ལམ་རིམ་སྨོམ་ལམ་དང་བསྟན་འབར་མ། རྐང་བ་དང་བོ་གཉིས་བསྒྱུར་ཏེ་སྤྱོད་འཇུག་སྨོན་ལམ་གསུང་ཚུལ་སོགས་འདོན་བསྒྲིགས་ཀྱི་ཡི་གེ་ཚུན་ཆད་ཀྱང་གནང་ནས། བུ་ཕ་ཁྱིམ་དུ་འགྲོ་བ་བཞིན་སྤྲོ་དགའི་གདེང་དང་བཅས་ཏེ་མཁའ་སྤྱོད་དག་པའི་ཞིང་དུ་གཤེགས་སོ། །
ལྔ་བ། མྱོང་ཚོར། 
        རྗེ་བཙུན་བླ་མ་དམ་པ་ངེས་པ་དོན་གྱི་མཁས་ཤིང་གྲུབ་པའི་དབང་ཕྱུག་མཚན་དང་དོན་མཐུན་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ། རྗེ་མཛོད་དགེ་མཁས་གྲུབ་བསྟན་འཛིན་པ་ཆེན་མོ་ཞེས་སྲིད་གསུམ་ན་འགྲན་ཟླ་དང་བྲལ་བ་དེའི་རྟོགས་པ་བརྗོད་པ་ལེགས་ཚོགས་སྒོ་འབྱེད་ཅེས་པར་བློ་དམན་བདག་གིས་ད་ཐེངས་ལན་གཅིག་མཇལ་བའི་སྐལ་བཟང་མངོན་དུ་གྱུར་བ་ལ། དད་པའི་སྤུ་ལོང་གཡོས་ཏེ་ཡིད་ཀྱི་མྱོང་བ་ཙམ་འགོད་པར་ཞུ། ཐོག་མར་ཁོང་གི་རྣམ་ཐར་མཆོད་བརྗོད་ནས་འགོ་བརྩམས་ཏེ་མཇུག་སྦྱར་བྱང་གི་བར་དུ་ནན་གྱིས་ཞིབ་བཀླགས་བྱས་པ་ན་མངོན་སུམ་འཛེམ་མེད་ཀྱིས་མིག་ནས་མཆི་མ་འཁྲིགས་ཤིང་དད་པ་ལྷག་པར་འཕེལ་བ་དང་། ད་དུང་དམ་པ་གང་གི་སྐུ་དངོས་ཀྱི་གདུལ་བྱར་མ་གྱུར་བ་འདི་ཅི་ཞིག་གིས་ལན་པ་རེད་ཅེས་རང་གིས་གདོང་ལ་འཛུབ་མོ་འཛུགས་དགོས་པའང་བྱུང་། ཁོང་ནི་སྐུ་ན་ཕྲ་བའི་དུས་ནས་ཀྱང་སྔོན་བསགས་ཀྱི་སྟོབས་ལས་བྱིས་པ་ཕལ་བ་དང་མི་འདྲ་བར་སྤྱོད་པ་གཙང་ཞིང་མཐོང་ན་ཡིད་དུ་འཐད་པ་ཞིག་ཡོད་པས་རིམ་བཞིན་བདེན་བཞིའི་གནས་ལུགས་གཙུག་ཏུ་བཀུར་ཞིང་། སོར་སྐྱེས་ཕལ་བ་དག་གི་བློ་ངོར་མི་ཤོང་བའི་རྒྱལ་སྲས་ཀྱི་སྤྱོད་པ་མང་བོ་ཞིག་དམ་པ་ཁོང་གི་ལྟ་སྒོམ་སྤྱོད་གསུམ་གྱི་མཛད་པ་ལས་ཤེས་ཐུབ། ཁོང་སྔོན་རྒྱ་གར་འཕགས་པའི་ཡུལ་དུ་མཁས་ཤིང་གྲུབ་པའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་མང་བོ་བྱོན་པ་རྣམས་དང་ཐུགས་ཡིད་གཅིག་ཏུ་འདྲེས་ཤིང་། རྒྱལ་བའི་བསྟན་པ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སྤེལ་ཏེ་ཟབ་མོའི་རྟོགས་པ་མངོན་དུ་གྱུར་བའི་གྲུབ་འབྲས་སོགས་དང་། ཇི་སྐད་དུ། ལྕང་སྐྱ་རོལ་བའི་རྡོ་རྗེ་ཞལ་ནས། ལྟོ་བ་འགངས་པའི་ཆོ་ག་ཙམ། །སྙིང་བོ་རློམ་པས་རྒྱུ་བ་ལ། །འབད་པས་རྩོལ་བ་ལྷུར་ལེན་པ། །དེ་དག་ཕྱུགས་དང་བྱེ་བྲག་ཅི། །ཞེས་གསུངས་པ་ལྟར། ལྟོ་རྒྱབ་ཙམ་དང་། ཟང་ཟིང་གི་འདུ་འགོད། སྲིད་ཀྱི་ཁེ་གྲགས་སོགས་ལ་རེ་ཞིང་འཆའ་བའི་སྐྱེ་བོ་རྣམས་དང་རིང་དུ་གྱེས་ཏེ་སྐུ་ཚེ་གང་བོར་རི་ཁྲོད་འགྲིམ་པ་ནི། ཡོངས་གྲགས་སུ་མཛོད་དགེ་རི་ཁྲོད་དབང་བོ་རྗེ་མཁས་གྲུབ་བསྟན་འཛིན་པ་ཞེས་དབྱར་སྐྱེས་རྔ་གསང་ལྟ་བུའི་མཚན་སྙན་དགུང་དུ་འཕྱོ་བ་འདིས་ཀྱང་བློ་གྲོས་ཀྱི་རྩལ་དང་ལྡན་པ་རྣམས་མགུ་བ་སྐྱེད་པའི་ཐབས་སུ་ག་ལ་མི་འགྱུར་ཨང་སྙམ་བྱུང་། གཞན་ཡང་ལམ་རིམ་ཆེན་མོ་སོགས་སུ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་དང་། བསྟེན་ནས་བློ་ཇི་ལྟར་སྦྱོང་བའི་རིམ་པའོ། །ཞེས་གསུངས་པ་ལྟར། ཁོང་གིས་ངུར་སྨྲིག་གི་རྒྱལ་མཚན་ཡང་དག་པར་བཞེས་པ་ནས་བཤེས་གཉེན་བསྟེན་ཚུལ་འདི་ལ་རྟེན་འབྲེལ་གྱི་ཆ་ཕྲ་མོ་ཙམ་ཡང་མ་འཆུག་པར་སྐྱབས་མགོན་རྡོ་རྗེ་འཆང་ཆེན་མོ་སོགས་བླ་མ་བཅུ་ཕྲག་ཁ་ཤས་ཀྱི་ཞབས་ལ་གཏུགས་ཏེ་བསྟན་འགྲོར་ཕན་པ་རླབས་པོ་ཆེ་མཛད་པ་སོགས་ནི་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་ཀྱི་རང་བཞིན་མངོན་དུ་གྱུར་བ་མ་ཡིན་ནམ། ཁོང་ནི་དངོས་གནས་བཀའ་གདམས་གོང་མ་རྣམས་དང་འདྲ་བར་ཐོས་པའི་སླད་དུ་ངལ་བ་བརྒྱ་ཕྲག་གིས་འབད་པ་བྱེད་ཅིང་ཁྱད་པར་དུ་ཉམས་ལེན་གཙོར་འདོན་ཐོག་རི་ཁྲོད་པ་ཞིག་གི་བརྟུལ་ཞུགས་འཆང་སྟེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱི་རྟོགས་པ་མཐའ་དག་ཐུགས་ལ་བཏེགས་པ་འདི་ནི། དཔལ་ནཱ་རོ་པ་དང་། མཉམ་མེད་ཇོ་འབྲོམ་ཡབ་སྲས། མི་ལ་བཞད་པའི་རྡོ་རྗེ་སོགས་དང་ཀུན་ནས་མཚུངས་ཨང་། མདོར་ན་དམ་པ་ཁོང་ནི་བཙན་ཤུགས་ཀྱིས་སྒྲོ་འདོགས་ཙམ་མ་ཡིན་པར་ལུང་དང་རྟོགས་པའི་ཡོན་ཏན་མ་ལུས་པའི་གཏེར་དུ་གྱུར་ཅིང་། ཐེག་པ་ཆེ་ཆུང་མདོ་སྔགས་གང་གི་དབང་དུ་བྱས་ཀྱང་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་འཁྲུངས་པའི་ངེས་པ་དོན་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་གོ་བར་བྱའོ། །
དྲུག་པ། མཇུག་གཏམ། 
        དམ་པ་ཁོང་གི་རྣམ་ཐར་ལ་མཇལ་རྗེས་རང་ལའང་སྔོན་དང་མི་འདྲ་བའི་ཐོས་བསམ་གྱི་འདུ་ཤེས་ཇེ་བརྟན་དུ་བཏང་སོང་བ་དང་། ཁྱད་པར་སྔོན་བྱོན་དམ་པ་དག་གི་རྣམ་ཐར་ལོ་རྒྱུས་ནི་རིག་གཞུང་གི་བཅུད་མ་ཤོར་བའི་གསེར་གྱི་ཞུན་མ་ལྟ་བུ་ཡིན་པས། མི་རིགས་རང་གི་ཆོས་དང་རིག་གཞུང་གང་དུ་ཞིབ་འཇུག་དང་སློབ་སྦྱོང་གནང་རྒྱུའི་རེ་བ་འཆའ་མཁན་ན་གཞོན་དག་གིས་ངེས་པར་སྔོན་བྱོན་འཕགས་བོད་མཁས་གྲུབ་ཀུན་གྱི་རྣམ་ཐར་བཀླག་རྒྱུ་ནི་བཤོལ་དུ་མེད་པའི་ལས་ཤིག་རེད་ཅེས་ན་མཉམ་ཆོས་གྲོགས་དག་གི་རྣ་བའི་བུ་གར་ཕུལ་བ་ལགས་སོ། །

གསལ་བཤད། རྣམ་ཐར་འདི་ནི་དོན་ཚན་བདུན་ཙམ་གྱི་ནང་དུ་བསྡུས་ཏེ་མཇལ་ན་ཡིད་ལ་འཛིན་བདེ་ཞིང་རྗེས་སོར་འཆར་སླ་བར་སེམས་སོ། ། དེ་བས་འདིར་ཡང་བརྗེད་ངེས་པར་དོགས་པས་དོན་ཚན་དེ་ཙམ་གྱི་ནང་དུ་བསྡུས་ཏེ་བཤུ་འབྲིའི་རིགས་སུ་གཏོགས་པའི་ཟིན་བྲིས་ཙམ་བགྱིས་པ་ཡིན།
                                                        སྨྲས་པ།
ས་སྟེང་ཕྱོགས་ཞེན་མེ་ལྕེ་འཕྱུར་ན་ཡང་། །
ཁྱེད་ཀྱིས་དེ་ལྟའི་ཕྱོགས་ཙམ་མ་བསྒྲེངས་པར། །
ཐོས་པས་མི་ཚེར་ལམ་བྲོ་གནང་བ་འདིས། །
བདག་ཀྱང་གཏན་བདེའི་གོ་འཕང་སྩོལ་གྱུར་ཅིག །
   ཅེས་སྤྱི་ལོ་ཉིས་སྟོང༢༠༢༢ལོའི་ས་ག་ཟླ་བའི་ཡར་ཚེས་བཟང་བོར་སྦྱར་བ་དགེ་གྱུར་ཅིག
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།